མཇུག་མཐའི་སྨོན་ཚིག

ཞིང་ཕྲུག་སྨྱོན་པ།        2018-03-14

མཇུག་མཐའི་སྨོན་ཚིག

      ས་འཛིན་གྱི་ཕྲག་སྟེང་ནས་ཡར་དལ་བུར་འཕགས་པའི་རྟ་བདུན་དབང་པོའི་འོད་ཀྱི་ཉག་མ་དག་གསེར་སྐུད་ཅིག་དང་འདྲ་བར་སྦྲ་ནག་གི་ནང་ངོས་སུ་འཐེན་འདུག་ཅིང་།  སྦྲའི་ལྷས་འདབས་ཀྱི་འབྲི་མོའི་ངུར་སྒྲ་ཇེ་བཙན་ནས་ཇེ་བཙན་དུ་གྱུར་པས།  སྦྲ་ནང་གི་བེའུ་དག་གཅིག་རྗེས་གཉིས་མཐུད་ཀྱིས་གཉིད་ལས་སད་ཅིང་།  རྡང་ན་ཧུར་ཐག་གིས་ངུར་བ་དང་རྡང་ཐག་ནས་ཕྱིར་འཐེན་བྱེད་བཞིན་མཆིས།  སྦྲ་ནག་དང་ཐག་མི་རིང་བའི་བྲག་གཟར་གྱི་འགྲམ་ངོས་ན་དར་སྐུད་ལྟར་གྱ་གྱུར་འཐེན་ཡོད་པའི་རྫ་ཆུ་བསིལ་མ།  ཉིན་མཚན་མེད་པར་ཤག་ཤག་གི་གླུ་སྒྲ་སྒྲོག་བཞིན་ལྷུང་ལྷུང་དུ་བྲག་གཟར་ལས་མར་འབབ་བཞིན་མཆིས།  དབྱར་གཞུང་གི་ཞོགས་པའི་སྔོ་རྩྭ་ཟ་རུ་སོང་བའི་ནོར་ནག་སྦྲའི་གཡས་གཡོན་གྱི་རི་ངོས་སུ་བཀྲམ་འདུག་པ་དང་།  དེ་ནི་སྐྱིད་ཅིང་བདེ་བའི་ཞོགས་པའི་མཛེས་ལྗོངས་ཡིན་ཏེ།  དུད་ཁྱིམ་ཚང་མའི་སྦྲ་ནག་གི་གོང་ཁ་ནས་དུ་བ་སྔོ་ལྷོག་ལྷོག་དགུང་དུ་འཕྱུར་ཞིང་།  ཇེ་མཐོ་ནས་ཇེ་མཐོར་གྱུར་ཏེ་མཁའ་དབྱིངས་སུ་ཡལ།

   རྨོ་མོ་དཔལ་འཛོམས་ཉིན་རྒྱུན་ལྟར་ཤམ་ལྭ་རྙིང་ཧྲུལ་དེ་རྒྱབ་ལ་དཀྲིས་ཤིང་སྔུན་དུ་ཉལ་ཐུལ་གྱིས་བཀབ་སྟེ།  མདོག་དམར་ནག་གི་ཀོ་བས་ཤན་ཡོད་པའི་འཁོར་ལོ་དེ་རིད་ཅིང་སྐམ་པའི་ལག་ཟུང་གིས་དལ་གྱིས་བསྐོར་བཞིན་འདུག་པ་དང་།  ལོ་ཟླས་བཞག་པའི་གསལ་ཞིང་དོད་པའི་རྒས་གཉེར་གྱིས་ཁེངས་པའི་ངོ་གདོང་ཧ་ཅང་སྲབ་པའི་སྐྱི་མོ་མ་གཏོགས་ལྷག་མེད་པ་དང་།  ཆུང་ཞིང་ཁུང་དུ་འཛུལ་འདུག་པའི་མིག་ཟུང་གཉིས་བཙུམས་ནས་བློ་རྩེ་གཅིག་བསྒྲིམས་ཀྱིས་ༀ་རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ་ཞེས་ལྷུང་ལྷུང་དུ་བཞུར་བའི་ཆུ་བོ་བཞིན་ཡང་ཟོར་གྱིས་འདོན་གྱིན་འདུག   སྦྲའི་ཉེ་འགྲམ་གྱི་ནོར་ནག་གིས་ཧྲིག་ཧྲིག་ཅེས་རྩྭ་སྔོན་ཟ་བའི་སྐད་སྒྲ་སྦྲའི་ནང་དུ་མཆེད་སོང་།  ཨ་ནེ་ཐར་སྐྱིད་ཀྱིས་འོ་དྲེག་ཆགས་ཡོད་པའི་རས་ལྭ་དམར་སྨུག་དེ་གྱོན་ཡོད་ཅིང་།  དབྱར་གསུམ་གྱི་དྲག་ཆར་དང་དགུན་གསུམ་གྱི་གྲང་ངར་ཁྲོད་དཀའ་བ་ཁྱད་དུ་བསད་ནས་ནངས་སྔ་ལངས་ཀྱིས་ཟས་གཡོ་སྐོལ་བྱ་བྱེད་དང་།  དགོང་འཕྱི་ཉལ་གྱིས་ཁྱིམ་ལས་བྱ་བྱེད་དེ།  སེར་ཁ་གས་ཡོད་པའི་ལག་པས་ལྷས་འདབས་ཀྱི་ལྕི་བ་དག་ཕྱོགས་གཅིག་ཏུ་སྤུངས་རྗེས།  སྦྲ་འདབས་ཀྱི་ཆུ་མིག་ལས་ལག་པ་གཙང་མར་བཀྲུས་ནས་སྦྲ་ནང་དུ་འཛུལ་བྱུང་།  ཨ་མ།  མདང་ནུབ་ཉལ་ས་བདེའམ།  ན་རྒྱུ་འདྲ་ཨེ་བྱུང་ཐལ།  ཨ་ནེ་ཐར་སྐྱིད་ཀྱིས་གུས་པའི་སྒོ་ནས་རྨོ་མོ་དཔལ་འཛོམས་ལ་ཁམས་བདེ་དྲིས།  མ་བྱུང་ཐལ་འོ།  དཀོན་མཆོག་གིས་མཁྱེན། ཧ་ཅང་སྐྱིད་ཐལ། ཁྱོད་ཚོས་ཞོགས་ལས་ཚར་རམ།  རྨོ་མོ་དཔལ་འཛོམས་ཀྱིས་ལག་པས་འཁོར་ལོ་བསྐོར་ཞིང་སྒྲོལ་མ་འདོན་མཚམས་བཞག་ནས་ཨ་ནེ་ཐར་སྐྱིད་ལ་ཕྱིར་ལན་སྤྲད། ཚར་སོང་། ཁྱེད་ཀྱིས་སེམས་ཁུར་བྱེད་མི་དགོས། ཨ་ནེ་ཐར་སྐྱིད་ཀྱིས་ཉལ་ཐུལ་འགེབ་ཞོར་བཤད་བྱུང་།  འོ་ཡ་ཡ། རྨོ་མོ་དཔལ་འཛོམས་ཀྱིས་མུ་མཐུད་དུ་ༀ་རྗེ་བཙུན་མ་འཕགས་མ་སྒྲོལ་མ་ཕྱག་འཚལ་ལོ……འདོན་འགོ་བརྩམས།

   ལྷ་མཚོ། ཨ་མའི་གཅེས་ཕྲུག རེམ་མ་ལོངས་དང་ཞོགས་ཟས་བཟའ་གྲབས་བྱེད་དགོས། ཨ་ནེ་ཐར་སྐྱིད་ཀྱིས་བྱམས་བརྩེའི་ངང་བུ་མོ་ལྷ་མཚོའི་སྟེང་གི་ལྭ་བར་འཐེན་འཐེན་འགའ་བྱས།  འོ་ཡ།  ཨ་མ། ལྷ་མཚོས་གཉིད་མ་སད་ཀྱིས་ལན་དེ་བྱིན། ཨ་ནེ་ཐར་སྐྱིད་ཐབ་འགྲམ་དུ་བསྡད་ནས་ཐབ་ནང་དུ་ཨོང་བ་རེ་འགའ་འཕངས་རྗེས།  ཁྱིམ་མི་རེ་རེའི་ཅ་ནེའི་ནང་དུ་གངས་དཀར་གྱི་འགྲན་ཟླར་གྱུར་པའི་རྩམ་པ་དང་། གསེར་ལས་སེར་ཞིང་འཚོ་བཅུད་འཛོམས་པའི་འབྲི་མོའི་མར། མངར་བཅུད་ལྡན་པའི་ཕྱུར་བ། ཞིམ་མངར་གྱི་ཕྱེ་མ་ཀ་ར་སོགས་ནན་ཏན་གྱིས་ལྡུག་འགོ་བརྩམས།  ལྷ་མཚོས་གླལ་སྒྱིང་ཞིག་བྱས་ནས་རྐང་མགྱོ གས་ལག་མགྱོ གས་ཀྱིས་ལྭ་བ་གྱོ ན་ནས་མལ་ལས་ལངས་ཤིང་།  ད་དུང་རྨི་ལམ་གྱི་ཞིང་ཁམས་འགྲིམ་བཞིན་པའི་ནུ་བོ་དོན་ལྡན་སྒུལ་ཙམ་བྱས་པ་ན།  ནུ་བོ་དོན་ལྡན་འགྲེ་ལྡོག་ཅིག་བྱས་ནས་ཁ་ཕར་འཁོར་ནས་མུ་མཐུད་དུ་གཉིད་ཡུལ་འགྲིམས།  ལྷ་མཚོ་ཡར་ལངས་ནས་རྨོ་མོ་དཔལ་འཛོམས་ཀྱི་གམ་དུ་སོང་སྟེ་མལ་ཁྲིའི་སྣེ་མོར་ཙོག་ནས།  རྨོ་མོ་ཁྱེད་མདང་ནུབ་གཟིམ་ས་བདེའམ་ཞེས་དྲིས་བྱུང་།  ཧ་ཅང་བདེ་སོང་།  རྨོ་མོའི་ཚ་མོ་དགའ་བོ།  ཁྱོད་མདང་ནུབ་གཉིད་སྐྱིད་པོ་ཞིག་ཨེ་ལོག་ཐལ།  ཧ་ཅང་སྐྱིད་ཐལ།  ལྷ་མཚོས་ངོ་གདོང་འཛུམ་དམུལ་དམུལ་གྱིས་བཤད།  ཨ་སྐྱིད་ལ། ངའི་ཚ་མོ་སྐྱིད་པོ་བདེ་མོ་ཡིན་སོང་ན།  དེ་ལས་ལྷག་པའི་དོན་བཟང་ཞིག་ཡོད་མི་དགོས། རྨོ་མོ་དཔལ་འཛོམས་དགའ་སྤྲོའི་ཁེངས་ནས་རྒས་གཉེར་རྣམས་ཕྱོགས་གཅིག་ཏུ་བསྡུས་སོང་།  དུང་ལྟར་དཀར་བའི་སྐྲ་ལོ་ལ་འོད་མདངས་ཤིག་ཀྱང་རྒྱས་འདུག   ལྷ་མཚོ་ཡང་སྤྲོ་སྣང་གིས་ཁེངས་ནས་ཡར་ལངས་ཏེ། རང་གི་བྱ་བ་སྟེ།  ལྷ་དཀོན་མཆོག་གསུམ་ལ་མཆོད་བཤམ་བྱེད་འགོ་བརྩམས། ཐོག་མར་ཁོ་མོས་ཁ་ངོ་གཙང་མར་བཀྲུས་པ་དང་། དེའི་རྗེས་དཀར་གཙང་གི་དེམ་དཀར་པོ་སྒོར་ཁྱེར་ནས་མཆོད་ཆུ་ལེན་དུ་བུད་སོང་། ཁོ་མོ་ལྷང་ལྷང་དུ་བཞུར་བའི་རྫ་ཆུའི་འགྲམ་དུ་བསླེབས་པ་ན། བསིལ་རླུང་དལ་བུར་ལྡང་བྱུང་། ཁོ་མོ་རང་དབང་མེད་པར་གྲང་འདར་ཞིག་བརྒྱབ་པ་དང་། རྫ་རྡོ་ཞིག་གི་སྟེང་དུ་བསྡད་ནས་ཆུ་སྐྱོགས་གསུམ་ལྷ་དཀོན་མཆོག་གསུམ་ལ་མཆོད་པ་འཕངས་རྗེས། ཡན་ལག་བརྒྱད་ལྡན་གྱི་རྫ་ཆུ་བསིལ་མ་སྐྱོགས་གང་རེ་གང་རེ་དེམ་ནང་དུ་ལྡུག་ཞོར་ཡར་མར་ལ་རྒྱང་ལྟ་བྱེད་པ་དང་ངག་ནས་གླུ་དབྱངས་ཐན་ཐུན་རེ་བླངས། དེམ་གང་རྗེས་ལྷ་མཚོས་མཆོད་ཆུ་ཁྱེར་ནས་གོམ་སྟབས་ཁྱིམ་དུ་བསྒྱུར།

     ཟིལ་བས་ལྷམ་བརླན་སོང་ངམ། ཨེ་གྲང་གི   རྨོ་མོའི་གཅེས་ཕྲུག་ཅེས་རྨོ་མོ་དཔལ་འཛོམས་ཀྱིས་འཁོར་ལོ་སྐོར་ཞོར་ཕྲེང་བ་ཡང་འཇུ་ཞིག་བྱས་ནས་ལྷ་མཚོར་བྱམས་བརྩེའི་ངང་སྐད་ཆ་དྲིས་བྱུང་། མི་གྲང་གི་རྨོ་བོ།  དེ་རིང་གི་གནམ་གཤིས་ཧ་ཅང་བཟང་། རྩྭ་མགོའི་ཟིལ་བ་སྔ་མོ་ནས་སྐམ་འདུག   ལྷ་མཚོས་དེམ་དེ་མཆོད་ཁྲིའི་འགྲམ་དུ་བཞག་ནས། འབར་ཞུན་རྐང་གཅིག་བླངས་ཏེ་ནམ་རྒྱུན་ལྟར་སྒྲོན་མེ་རྐང་གཉིས་བསྒྲོན་པ་དང་། བདུན་ཚར་རྣམས་གྲལ་འགྲིག་པོར་བསྒྲིགས་ཞོར་རྨོ་མོ་དཔལ་འཛོམས་ལ་ལན་བྱིན་པ་དང་། གཟབ་ནན་གྱིས་བདུན་ཚར་ནང་དུ་ཆུ་བླུགས། དེ་དག་བསྒྲུབས་ཚར་རྗེས། མེ་ཚོམ་ཞིག་གི་ཐོག་ཏུ་ཤུག་པ་འགའ་བཞག་ནས་མཆོད་ཁྲིར་ཤུག་གདུག་བྱས།

     ཨུ་ཧུ། ཨུ་ཧུ། ཤུག་པའི་དུ་བ་ཅུང་སྟུག་དྲགས་པས་རྨོ་བོ་དཔལ་འཛོམས་ཀྱིས་གློ་ལུ་འགའ་བྱས།   རྨོ་མོ།  ཁྱེད་ལ་སྐྱོན་མེད་དམ། ལྷ་མཚོས་བྲེལ་འཚུབ་ཀྱིས་ངང་ནས་མེ་ཐབ་ཏུ་འཕངས་པ་དང་མྱུར་མོར་རྨོ་མོ་དཔལ་འཛོམས་ཀྱི་གམ་དུ་སོང་ནས་ཁམས་བདེ་དྲིས་པ་དང་། ལག་པས་རྨོ་བོ་དཔལ་འཛོམས་ཀྱི་རྒྱབ་ལ་བྱིལ་བྱིལ་བྱས། སྐྱོན་མེད་སྐྱོན་མེད། གཅེས་ཕྲུག་མཆོད་བཤམས་བྱས་ཚར་སོང་ངམ། དུ་བའི་རྐྱེན་གྱིས་རྨོ་བོ་དཔལ་འཛོམས་ཀྱི་གདོང་ཅུང་དམར་སྨུག་ཏུ་གྱུར་ཡོད་པ་དང་མིག་མཐར་མིག་ཆུ་ཅུང་ཙམ་ཞིག་ཀྱང་དྲུད་འདུག    འོན་ཀྱང་། ཁོང་གིས་མུ་མཐུད་དུ་ལག་གཡས་པས་འཁོར་ལོ་བསྐོར་བ་དང་། ལག་གཡོན་པས་ལྷ་མཚོའི་མགོ་ལ་བྱིལ་བྱིལ་བྱས། རྗེས་ཕྱོགས་ངས་ཤུག་པ་ཉུང་ཉུང་བྱས་ནས་བདུག་ཁོ་ཐག་ཡིན། ལྷ་མཚོས་སེམས་ཁུར་གྱི་ངང་ནས་བཤད་ཞོར་རྨོ་མོ་དཔལ་འཛོམས་ཀྱི་མིག་མཐའི་མིག་ཆུ་དག་གཙང་མར་བྱས།

     ཧུ…ཧུ…།  ངེད་ཚང་གི་ལྷ་མཚོའི་བསམ་ཤེས་འདུག རྨོ་མོ་དཔལ་འཛོམས་ཀྱིས་བཤད་ཞོར་དགའ་ནས་རྒས་གཉེར་རྣམས་ཕྱོགས་གཅིག་ཏུ་བསྡུས་སོང་།

     ལྷ་མཚོ། སྒོར་བུད་ནས་ཨ་ཕ་ཡོང་གི་ཨེ་ཡོད་ལྟོས་དང་ཞེས་ཨ་ནེ་ཐར་སྐྱིད་ཀྱིས་ལྷོག་ལྷོག་ཏུ་ཁོལ་བཞིན་པའི་ཇ་ནང་དུ་དཀར་གཙང་གི་འོ་མ་ལྡུག་ཞོར་དུ་བཤད།

     འོ་ཡ། ང་ད་རེམ་མར་འགྲོ།  ལྷ་མཚོ་ཡར་ལངས་ནས་ཨ་ནེ་ཐར་སྐྱིད་ལ་ལན་སྟེར་ཞོར་སྒོར་བུད། ཁོ་མོས་སྒོ་འགྲམ་དུ་གླལ་སྒྱིང་ཞིག་བྱས་ནས་ཡར་མར་ལ་ཨ་ཕ་ཡོང་གི་ཡོད་མེད་བལྟས། ཨ་ཕ་བརྩོན་འགྲུས་དང་ཨ་ཁུ་སྟོབས་ལྡན་གཉིས་ཐག་མི་རིང་བའི་ཕ་རོལ་གྱི་རི་རྐེད་ནས་དལ་བུར་ཁྱིམ་གྱི་ཕྱོགས་སུ་བསྐྱོད་འོང་། མ་གཞི་ཨ་ཕ་བརྩོན་འགྲུས་ནི་སྔ་མོ་ནས་ནོར་ནག་ལྷས་རར་བསྐོར་རྗེས་རྟེའུ་གཅིག་མཐོང་རྒྱུ་མེད་པས། ཁོ་རང་རི་རྒྱབ་ཏུ་དེ་ཨེ་ཡོད་ལྟ་རུ་སོང་བ་རེད། ལམ་བར་དུ་ཨ་ཁུ་སྟོབས་ལྡན་དང་འཕྲད།

     ཨ་མ། ཨ་ཕ་ཡོང་གིན་འདུག   ལྷ་མཚོས་སྒོ་འགྲམ་གྱི་བེའུ་ཁྲ་རིལ་དེ་བཟུང་ནས་དེའི་སྤུ་ལ་བྱིལ་བྱིལ་བྱེད་བཞིན་ཨ་ནེ་ཐར་སྐྱིད་ལ་ལན་སྤྲད།

     ཡ་ཡ། གོ་སོང་། ཨ་མའི་གཅེས་ཕྲུག་ཨ་ནེ་ཐར་སྐྱིད་ཀྱིས་བཤད་བྱུང་། ཨ་ཁུ་སྟོབས་ལྡན་ཚང་གི་ཁྱིམ་ནི་ཨ་ཕ་བརྩོན་འགྲུས་ཚང་གི་ཁྱིམ་དང་ཐག་ཅུང་མི་རིང་བའི་ས་ན་ཡོད་པ་དང་། ཁོ་ཚང་གི་མཐིང་སྨུག་སྦྲ་ནག་སྟེང་གི་ཁ་དོག་སྣ་ལྡན་གྱི་སྒོ་དར་དབྱར་གཞུང་གི་བསིལ་རླུང་ཁྲོད་ལྷབ་ལྷུབ་དུ་བསྐྱོད་པ་དང་། ཕར་བལྟས་ཚོད་ཀྱིས་ཨ་ཁུ་སྟོབས་ལྡན་རེམ་མ་ཞོགས་ཟས་བཟའ་རུ་ཤོག་ཅེས་ལག་བརྡ་གཏོང་བཞིན་པ་དང་གཉིས་སུ་མེད། ཨ་ཕ་བརྩོན་འགྲུས་དང་ཨ་ཁུ་སྟོབས་ལྡན་གཉིས་ཀྱིས་ཁ་བརྡ་བཤད་ཞོར་བསྐྱོད་འོང་བ་དང་། ཨ་ཕ་བརྩོན་འགྲུས་ཚང་གི་རྟ་རར་བསླེབས་པ་ན། ཨ་ཁུ་སྟོབས་ལྡན་རང་ཁྱིམ་དུ་ལོག་གྲབས་བྱས་ནས་གོམ་ཁ་རང་ཁྱིམ་གྱི་ཕྱོགས་སུ་བསྐྱོད་སྐབས། བྱ་བ་ཅང་མེད་པས་ངེད་ཚང་ནས་ཞོགས་ཟས་ཟོས་རྗེས་ཁྱིམ་དུ་ལོག་དང་འཕྱི་མེད། ཨ་ཕ་བརྩོན་འགྲུས་ཀྱིས་ལག་ནང་གི་འུར་ཆ་ཁྲ་ཁྲ་དེ་གློ་ལ་བཅིངས་ཞོར་བཤད་བྱུང་།  དེ་མིན། དེ་རིང་ང་རྫོང་ཐོག་ཏུ་འགྲོ་དགོས། ཨ་ཁུ་སྟོབས་ལྡན་གྱིས་ནམ་རྒྱུན་གྱོན་པའི་དབྱར་ཞྭ་སྔོན་པོ་དེ་ཡང་གོན་ཞིག་བྱས་ནས་བཤད་ཞོར་དུ་བུད་སོང་། ལྷ་མཚོ། རྨོ་མོའི་གམ་ནས་མི་འདུག་པར་སྒོར་ཡོང་ནས་བེའུ་འཇུས་ནས་ཅི་བྱེད།  ལྷ་མཚོས་བེའུ་ཁྲ་རིལ་གྱི་སྐེར་བཟུང་ནས་ཞིབ་ལྟ་བྱེད་བཞིན་ཡོད་པས།  ཨ་ཕ་བརྩོན་འགྲུས་ནམ་ཐོན་མ་ཤེས་པར་ཁོ་མོའི་རྒྱབ་ཏུ་ལངས་འདུག

    ཨ་ཕ། ངས་ཁྱེད་སྒུག་ནས་བསྡད་ཡོད། རྟེའུ་ཨེ་ཡོད་གི འོ…ཡོད་གི   ད་སྒོ་ནས་མ་འདུག་གྲང་གི   ཁྱིམ་དུ་འགྲོ། ཨ་ཕ་བརྩོན་འགྲུས་ཀྱིས་སྐེ་ཡི་སྐེ་དཀྲིས་ནག་སྨུག་དེ་ཕུད་ཞོར་ཁྱིམ་དུ་འཛུལ་བ་ན། དེ་མ་ཐག་ཏུ་དྲོད་ལམ་ལམ་དུ་གྱུར། ཨེ་གྲང་ཐལ། རྟེའུ་ཡོད་དམ། རྨོ་མོ་དཔལ་འཛོམས་ཀྱིས་སྒྲོལ་མ་འདོན་མཚམས་བཞག་པ་དང་དལ་མོར་འཁོར་ལོ་ལེགས་པོར་འཇོག་ཞོར་དྲིས་བྱུང་།

    མ་གྲང་ཐལ། ཨ་མ། རྟེའུ་ཡོད་གི་ཞེས་ཨ་ཕ་བརྩོན་འགྲུས་ཀྱིས་སྐེ་དཀྲིས་དེ་ཐབ་འགྲམ་དུ་བཞག   དྲག་ཆར་དང་གྲང་ལྷགས། ཉི་འོད་བཅས་ཀྱི་འོག་ནས་ནག་གནག་ཏུ་གྱུར་ཡོད་ཅིང་། རྔུལ་ཆུའི་རྐང་ལམ་འགའ་ཡང་མཐོང་ཐུབ་པའི་བྱད་བཞིན་ལས་འཛུམ་མདངས་ཤིག་སྟོན་ཞོར་རྨོ་མོ་དཔལ་འཛོམས་ཀྱི་དྲུང་དུ་སོང་།  འོ་ཡ་ཡ།   ༀ་མ་ཎི་པདྨེ་ཧྰུྃ།  རྨོ་མོ་དཔལ་འཛོམས་ཀྱིས་ཕྲེང་བ་མགོ་ལ་གཅིག་བཞག་ནས་མགུལ་དུ་གོན་པ་དང་ལག་པ་གཉིས་སར་བསྟེན་ནས་ཡར་ལངས་གྲབས་བྱས། ཨ་མ། ཞོགས་པར་གྲང་གི   ཁྱེད་སྡོད་དང་ཞོགས་ཟས་ང་ཚོས་ཁྱེར་ཡོང་། ཨ་ཕ་བརྩོན་འགྲུས་ཀྱིས་རྨོ་མོ་དཔལ་འཛོམས་ཀྱི་རྒྱབ་དང་སྔུན་ཚང་མར་ཉལ་ཐུལ་གྱིས་ལེགས་པོར་དཀྲིས་ཞོར་བཤད་བྱུང་།

ཡ་ཡ། ནམ་རྒྱུན་ལ་ཞབས་ཕྱི་ཏག་ཏག་བསྒྲུབས་ནས་ཁྱོད་ཚོར་དཀའ་ལས་བཟོས་སོང་། རྨོ་མོ་དཔལ་འཛོམས་ཀྱིས་ཡིད་ཕངས་པའི་ཉམས་འགྱུར་ཞིག་བསྟན་ནས་ཨ་ཕ་བརྩོན་འགྲུས་ལ་བཤད། ཨ་མ་འདིས་ཅི་ཞིག་བཤད་ཀྱིན་འདུག   ཁྱེད་ལ་ཞབས་ཕྱི་དང་བསྙེན་བཀུར་བྱེད་རྒྱུ་ནི་ང་ཚོ་བུ་བུ་མོ་རྣམས་ཀྱིས་བསྒྲུབ་འོས་པའི་བྱ་བ་རེད། ཨ་ཕ་བརྩོན་འགྲུས་ཀྱིས་རྨོ་མོ་དཔལ་འཛོམས་ཀྱི་རུས་པ་དང་གཉེར་མ་མ་གཏོགས་མེད་པའི་ལག་པ་བཟུང་ནས་ནན་གྱིས་བཤད། འོ་ཡ་ཡ།  གཅེས་ཕྲུག   རྨོ་མོ་དཔལ་འཛོམས་དགའ་སྤྲོ་དང་ཡིད་ཚིམ་པའི་ངང་ནས་བཤད་ཞོར་རྒས་གཉེར་རྣམས་ཕྱོགས་གཅིག་ཏུ་བསྡུས་སོང་།

    ཨ་མ། ཞོགས་ཟས་རན་ནམ། ལྷ་མཚོའི་ངོར་འཛུམ་མདངས་ཤིག་གིས་ཁེངས་ནས་ཁྱིམ་དུ་འཛུལ་ཡོང་བ་དང་། ཨ་ནེ་ཐར་སྐྱིད་ལ་སྐད་དེ་དྲིས། ཨ་ནེ་ཐར་སྐྱིད་ཀྱིས་ཐབ་འགྲམ་དུ་རྨོ་མོ་དཔལ་འཛོམས་ལ་ཞོགས་ཟས་སྐྱེལ་བར་བྲེལ་བཞིན་འདུག་པས། ང་ཚོས་སྔོན་ལ་རྨོ་མོར་ཞོགས་ཟས་ཉལ་སར་བསྐྱལ་ནས། དེའི་རྗེས་ང་ཚོས་བཟའ་ཆོག   ཨ་ནེ་ཐར་སྐྱིད་ཀྱིས་སྟབས་དེའི་ངང་ལན་དེ་བྱིན་ནས་རྨོ་མོ་དཔལ་འཛོམས་ལ་ཞོགས་ཟས་ཉལ་སར་ཁུར་སོང་། ལྷ་མཚོ་རྐང་འཇབ་ལག་འཇབ་ཀྱིས་ད་དུང་གཉིད་ཀྱི་ཞིང་ཁམས་འགྲིམས་འདུག་པའི་ནུ་བོ་དོན་ལྡན་གྱི་གམ་དུ་སོང་ནས།  ལག་པས་དལ་མོར་ཉལ་ཐུལ་ཡར་བཀྱགས་པ་ན། ནུ་བོ་དོན་ལྡན་གྱིས་གཡོན་ལག་གི་མཐེ་བོང་ཁ་ནང་དུ་བཅུག་ཡོད་པ་དང་། སྔས་མགོའི་སྟེང་དུ་འགྲམ་ཆུ་བཞུར་ནས་ལག་མཐིལ་ཙམ་རློན་པར་བྱས་འདུག   ལེབ་ཅིང་ཆུང་བའི་སྣ་མགོར་ཞོགས་པའི་རྩྭ་མགོའི་ཟིལ་བ་ལྟ་བུའི་རྔུལ་ཆུ་རྡོག་པོ་ཆུང་ཆུང་འགའ་ཆགས་འདུག   གལ་ཏེ་ཉི་འོད་ཅིག་དེའི་སྟེང་དུ་འཕྲོས་ཚེ་ཟིལ་བ་ལྟར་འོད་ཆེམ་ཆེམ་བྱེད་ཤ་སྟག་རེད། ལྷ་མཚོས་ཁོང་དགོད་ཅིག་བྱས་པ་དང་ནུ་བོ་དོན་ལྡན་གྱི་མགོ་ལ་བྱིལ་བྱིལ་འགའ་བྱས་རྗེས། དོན་ལྡན། མལ་ལས་ལོངས་དང་། ཞོགས་ཟས་ཟ་རན་འདུག     ལྷ་མཚོས་ནུ་བོ་སྟོབས་ལྡན་གྱི་ལག་པར་འཇུས་ནས་ཡང་ཡང་བསྒུལ། ཨ་ཅེ། ངས་ཞིམ་མངར་ལྡན་པའི་ཐུར་སྦྲང་མང་པོ་ཟ་བཞིན་ཡོད། ཁྱེད་ཀྱིས་ང་མ་འཐེན། ནུ་བོ་སྟོབས་ལྡན་གྱིས་མཐེ་བོང་ཡང་ནུ་ཞིག་བྱས་པ་དང་མིག་གཉིས་སྔར་བཞིན་བཙུམས་ནས་སྐད་ཆ་དེ་བཤད་པ་དང་རྐང་པ་གཉིས་ཡར་ཅུང་ཙམ་བསྐུམས་ནས་མུ་མཐུད་དུ་གཉིད། ཧ་ཧ་ཧ། ལྷ་མཚོ་བགད་ནས་བཟོད་མི་ཐུབ་པར་ནུ་བོ་སྟོབས་ལྡན་གྱི་འགྲམ་ནས་འགྲེ་ལྡོག་བརྒྱབ་པ་དང་། ངག་ནས་རང་དབང་མེད་པར་ཅི་འདྲའི་དགོད་བྲོ་བ་ལ། ཨ་ར་ར། ང་བགད་དྲགས་ནས་ཕོ་བ་གཟེར་བྱུང་། ཧ་ཧ་ཧ། ཨ་ཕ་བརྩོན་འགྲུས་ཀྱིས་ཅི་ཡིན་ཆ་མི་འཚལ་བར་རྨོ་མོ་དཔལ་འཛོམས་ཀྱི་དྲུང་ནས་རྒྱུགས་ཡོང་བ་དང་། ལྷ་མཚོའི་ལག་པར་འཇུས་ནས་ཡར་ལང་དུ་བཅུག་པ་དང་། ལུས་སྟེང་གི་ཐལ་རྡུལ་རྣམས་སྤྲུགས་ཞོར་དོན་ཅི་བྱུང་སོང་། ཁྱོད་ཅིའི་ཕྱིར་བགད་པ་ཡིན་ཞེས་བཤད། ཨ་ཕ། ཧ་ཧ། སྟོབས་ལྡན་གྱིས་ཐུར་སྦྲང་ཟ་བཞིན་པ་རྨི་ལམ་རྨིས་ནས་འགྲམ་ཆུ་བཞུར་ཡོད་པར་མ་ཟད། ད་དུང་གཉིད་འོག་ནས་ང་ལ་ཁོས་ཐུར་སྦྲང་ཟ་བཞིན་ཡོད་ཟེར། ཧ་ཧ་ཧ། ལྷ་མཚོས་ལག་པ་གཅིག་གིས་སྐེད་པ་བསྐྱོར་ཡོད་པ་དང་གཅིག་གིས་བྲང་ལ་བྱིལ་བྱིལ་བྱེད་པ་དང་དགོད་ཞོར་དུ་བཤད་བྱུང་། ཨ་ཕ་བརྩོན་འགྲུས་ཀྱི་རྔུལ་ཆུའི་ཤུལ་ལམ་དོད་ཡོད་པའི་ངོ་གདོང་གི་སྐྱི་ལྤགས་ལས་འཛུམ་ཞིག་བསྟན་ཏེ། གླེན་ཕྲུག་འདི་ཨ་ཕ་བརྩོན་འགྲུས་ཁ་ཕྱིར་འཁོར་ནས་དོན་ལྡན་གཉིད་ལས་བསླངས་པ་དང་། སྦྲང་སྒམ་ལས་ཐུར་སྦྲང་རྐང་གཉིས་བླངས་ནས་གཅིག་ལྷ་མཚོ་ལ་བྱིན་པ་དང་གཅིག་དོན་ལྡན་གྱི་ལག་ཏུ་བཞག   དོན་ལྡན་གྱིས་མིག་གཉིས་ཕུར་ཕུར་འགའ་བྱས་ནས་ཐུར་སྦྲང་ཁ་ཕྱེ་སྟེ་ཁ་ནང་དུ་བཅུག   ཐུར་སྦྲང་གི་ཞིང་མངར་དྲི་ཞིམ་དལ་བུར་དོན་ལྡན་གྱི་ཉེ་འགྲམ་དུ་འཐུལ་བྱུང་། དོན་ལྡན་ནི་ལྷ་མཚོ་ལས་ལོ་བཞི་ཡིས་ཆུང་བ་དང་། ཁོ་ནི་རྨོ་མོ་དཔལ་འཛོམས་ཚང་གི་དཔྲལ་བའི་མིག་དང་ཁོག་གི་སྙིང་ཡིན་པས། ཁྱིམ་མི་ཚང་མས་དོན་ལྡན་ལ་བྱམས་བརྩེས་ཕྱུག་ཅིང་། སྤྲོ་སྐྱིད་ཀྱིས་ཁེངས་པའི་ཁྱིམ་ཚང་ཞིག་བསྐྲུན་ཡོད་པར་མ་ཟད། ལྷག་པར་དུ་རྨོ་མོ་དཔལ་འཛོམས་དང་ལྷ་མཚོ་གཉིས་ཀྱིས་ནམ་རྒྱུན་ཁོ་རང་གཅེས་ལང་དུ་གཏོང་བ་དང་དགོས་འདོད་ཚང་མ་སྐོང་བ་རེད། ཁོ་ཡང་རང་གི་རྨོ་མོ་དཔལ་འཛོམས་དང་ཨ་ཅེ་ལྷ་མཚོ་གཉིས་ལ་དགའ་ཞིང་དུངས།

      ལྷ་མཚོ་དང་རྨོ་མོ་དཔལ་འཛོམས་གཉིས་ཀྱིས་མཉམ་དུ་ཁ་བརྡ་བཤད་ཞོར་ཞོགས་ཟས་ཟ་བ་དང་། སྐབས་འགར་ཁོ་གཉིས་ཀྱི་དགོད་སྒྲ་ཐབ་འགྲམ་དུ་ཇ་འཐུང་བཞིན་པའི་ཨ་ཕ་བརྩོན་འགྲུས་དང་ཨ་ནེ་ཐར་སྐྱིད། དོན་ལྡན་གསུམ་གྱི་རྣ་ལམ་དུ་མཆེད་འོང་། མེ་ལྕེ་དམར་ལྷབ་ལྷུབ་ཏུ་ཐབ་སྣོད་ཀྱི་འོག་ནས་མཆོང་ལྡིང་བྱེད་བཞིན་པ་དང་། ཁོ་གསུམ་གྱིས་ཀྱང་ཁ་བརྡ་བཤད་ཞོར་ཞོགས་ཟས་ཟ་བཞིན་པ་དང་ཨ་ཕ་བརྩོན་འགྲུས་ཀྱི་རྐང་སྣམ་ནག་པོ་དེའི་སྟེང་དུ་རྩྭ་མགོ་ཟིལ་བས་རློན་པ་བྱས་ཡོད་པས། དལ་བུར་མེ་དྲོད་ལ་བརྟེན་ནས་སྐྱ་ལྷོག་ལྷོག་གི་རླངས་པ་ཕྲན་བུ་དག་ཡར་འཕྱོ་ཞིང་སྟོང་རིམ་དུ་ཡལ་གྱིན་འདུག

     སང་ཉིན་ལྷ་མཚོ་སློབ་གྲྭར་འགྲོ་རན་པས། ཉིན་ཧྲིལ་པོར་བཟའ་མི་གང་པོས་དགའ་སྤྲོའི་ངང་མཉམ་དུ་བསྡད་དེ་ཟས་གང་ཞིམ་ཟོས་ཤིང་གཏམ་གང་སྙན་བཤད་ནས་བསྡད། ཚེ་རིང་རྒྱུ་བོ། ཁྱོད་ཚེ་རིང་ནད་མེད། སློབ་སྦྱོང་ཡར་ཐོན་ཡོང་བར་སྨོན། སང་ཉིན་ཡང་སློབ་གྲྭར་འགྲོ་རན་འདུག    དུས་ཚོད་འདི་ཅི་འདྲའི་མགྱོགས་པ་ལ་ཨང་།   ༀ་མ་ཎི་པདྨེ་ཧྰཾ། རྨོ་མོ་དཔལ་འཛོམས་ཀྱིས་ལྷ་མཚོར་དཔེ་ཆ་དང་ལྭ་བ་བསྡུ་གསོག་བྱེད་རོགས་བྱེད་ཞོར་ཡིད་ཕངས་པའི་ངང་ནས་སྐད་ཆ་དེ་བཤད་བྱུང་། ལྷ་མཚོས་སྐད་ཆ་དེ་ཐོས་རྗེས་རེ་ཞིག་ཧོན་ཐོར་སོང་། མགོ་བོ་སྔར་བཞིན་སྒུར་ནས་བསྡད། རྒྱུ་མཚན་ནི་ཁོ་མོས་རྨོ་བོ་དཔལ་འཛོམས་ཀྱི་བྱམས་བརྩེས་ཕྱུག་པའི་ངོ་གདོང་ལ་སྐྱོ་སྣང་གིས་ཁེངས་ཡོད་པ་དེ་མཐོང་ཐེངས་རེར། དབང་མེད་དུ་མིག་མཐར་མཆི་མ་འཁྱིལ་ཞིང་། རང་གི་རྨོ་མོ་དེ་མ་ཐག་ཏུ་ལྷག་པར་རྒས་འདུག་སྙམ་པའི་ཚོར་བ་ཞིག་ངང་གིས་སྐྱེས། ཁོ་མོར་བཤད་མི་ཤེས་པའི་སེམས་ཁུར་ཞིག་དང་སྐྱོ་གདུང་གི་ན་ཟུག་དྲག་པོ་ཞིག་ཡོད་པ་དེ་རེད།

      ནམ་རྒྱུན་ལྷ་མཚོ་སློབ་གྲྭར་འགྲོ་རན་སྐབས་རྨོ་མོ་དཔལ་འཛོམས་ཀྱིས་སེམས་ཁྲལ་བྱེད་པ་དང་། གྱེས་བྲལ་གྱི་ན་ཟུག་ཆེན་པོ་ཞིག་ཀྱང་ཡོད་པས། ལྷ་མཚོར་མཚོན་ན་ཁོ་མོ་རྨོ་བོ་དང་གྱེས་པ་ལས་ལྷག་པའི་ན་ཟུག་ཅིག་ཡོད་མ་མྱོང་། ཁོ་མོ་སློབ་གྲྭར་འགྲོ་སྐབས་རྨོ་མོ་དཔལ་འཛོམས་ཀྱིས་རྒྱུན་དུ་སྨོན་ཚིག་འཇོག་སྟེ། ཚེ་རིང་ནད་མེད།  སྦྱང་འབྲས་ཕུན་སུམ་ཚོགས་དགོས།  སེམས་པ་བཟང་ན་ས་དང་ལམ་ཡང་བཟང་། །སེམས་པ་ངན་ན་ས་དང་ལམ་ཡང་ངན། །གྲོགས་ལ་མཐུན་པ་དང་། རྒན་ལ་བཀུར་བའི་མི་བཟང་པོ་ཞིག་བྱོས་ཞེས་བསླབ་བྱ་དང་སྨོན་ལམ་རྒྱག་པ་རེད། དེ་དག་ལ་ཉན་ཐེངས་རེར་ལྷ་མཚོར་མིག་ཆུ་མི་བཞུར་བའི་ཉིན་གཅིག་ཀྱང་ཡོད་མ་མྱོང་།

     ཀུན་གསལ་བུ་མོས་ནག་ཅིང་མཐུག་པའི་ཉལ་ཐུལ་དེ་གྱོན་ཞིང་། སྐབས་འགར་དེའི་བར་གསེབ་ནས་ཉ་གང་ཟླ་བའི་གསལ་ལམ་ལམ་གྱི་བྱད་བཞིན་མངོན་པར་བྱེད། སྐྱིད་ཅིང་སྡེ་བའི་མཚན་མོའི་ཁོར་ཡུག་ནི་ཧ་ཅང་ལྷིང་འཇགས་ཡིན་ཏེ། རྫ་ཆུ་བསིལ་མའི་སྙན་ལྷང་ལྷང་གི་བཞུར་སྒྲ་དང་ནོར་ནག་གི་འཁུན་སྒྲ་ལས་ཅི་ཡང་ཐོས་མི་ཐུབ། རྨོ་མོ་དཔལ་འཛོམས་དང་ལྷ་མཚོ་གཉིས་ཀྱིས་ད་དུང་ཁ་བརྡ་བཤད་བཞིན་ཡོད།

      སང་ཉིན་ཡང་ངའི་གཅེས་ཕྲུག་སློབ་གྲྭར་འགྲོ་རན་འདུག    ཟླ་བ་ག་ཚོད་རེའི་རྗེས་ཁྱིམ་ལ་སྐོར་རྒྱག་ཏུ་བསླེབ་ཐུབ་སུས་ཤེས། ཁྱོད་མེད་ཚེ། རྨོ་མོ་ཉིན་འགའ་ཞིག་ལ་འཚོ་བ་ཅི་འདྲ་སྐྱེལ་རྒྱུའང་མི་ཤེས། ནམ་རྒྱུན་དུ་སེམས་ཁོང་འཁྱག་སིབ་སིབ་དང་སེམས་ཁྲལ་ཞིག་གིས་ཁེངས་འདུག    རྨོ་མོ་དཔལ་འཛོམས་ཀྱིས་འགྲམ་དུ་ཉལ་ཡོད་པའི་ལྷ་མཚོར་དེ་ལྟར་བཤད།

      གཟའ་འཁོར་གཉིས་གསུམ་རེའི་རྗེས་སུ་ང་ཁྱེད་ལ་ལྟ་རུ་འོང་། ཁྱེད་ཀྱིས་རང་གི་ལུས་པོར་བདག་སྐྱོང་བཟང་པོ་བྱ་དགོས། ངའི་རྗེས་སུ་སེམས་ཁྲལ་བྱེད་མི་དགོས། ངས་ཁྱེད་ཀྱི་བསླབ་བྱ་དག་སེམས་ལ་འཛིན་ངེས་ཡིན། ལྷ་མཚོས་སྐད་གདངས་ཅུང་འདར་ཏེ་བཤད།

     འོ་ཡ། གཅེས་ཕྲུག    རྨོ་མོར་སྐྱོན་མེད། སློབ་གྲྭ་དང་ཁྱིམ་གྱི་བར་ཐག་ཧ་ཅང་རིང་བས་སྟབས་བདེ་མིན། རྨོ་མོར་བལྟ་རུ་ཡོང་མི་དགོས།  རྨོ་མོ་བདེ་མོ་སྐྱིད་པོ་བྱས་ནས་འདུག་ཁོ་ཐག་ཡིན། རྨོ་མོ་དཔལ་འཛོམས་ཀྱིས་སེམས་གསོའི་ཚུལ་གྱིས་བཤད་པ་ན། ལྷ་མཚོའི་རང་དབང་མེད་པའི་མིག་ཆུ་དག་གཅིག་རྗེས་གཉིས་མཐུད་ཀྱིས་སྔས་མགོའི་གསེབ་ཏུ་འཐིམས་སོང་། ལྷ་མཚོ་རྫོང་གི་སློབ་འབྲིང་ཞིག་ཏུ་སློབ་གྲྭར་འགྲོ་བཞིན་ཡོད། ཁྱིམ་དང་ཁ་ཐག་རིང་བའི་ཁར་ཁྱིམ་ཚང་གི་འབྱོར་བའི་ཆ་རྐྱེན་སོགས་ཀྱི་དབང་གིས་ཁོ་མོ་ཟླ་གཅིག་རེ་ཙམ་གྱི་རྗེས་ནས་ཐེངས་གཅིག་མ་གཏོགས་ཁྱིམ་ལ་སྐོར་རྒྱག་ཏུ་ཐོན་གྱིན་མེད།

      དེང་སང་འགྲིམ་འགྲུལ་ཧ་ཅང་སྟབས་བདེར་སོང་ཡོད་པས། ཁྱིམ་དུ་སླེབས་པར་དུས་ཚོད་སྐར་མ་འགའ་མ་གཏོགས་མི་དགོས། ང་ཁྱེད་ལ་བལྟ་རུ་འོང་ཁོ་ཐག་ཡིན། ལྷ་མཚོས་ཧུར་ཐག་གིས་སྐད་ཆ་དེ་མགྲིན་པ་ལས་བཏོན་རྗེས་སྐད་ཆུང་ངུའི་ངུ་བྱུང་། འོ་ཡ་ཡ། ཚེ་རིང་རྒྱུ་བོ། ཁྱོད་ལ་ནད་མེད། བར་ཆད་མེད། བདེ་སྐྱིད་ཕུན་སུམ་ཚོགས། འོ་ཡ། ངས་ཉིན་རྒྱུན་བཤད་པ་བཞིན། སེམས་པ་བཟང་ན་ས་དང་ལམ་ཡང་བཟང་་། །སེམས་པ་ངན་ན་ས་དང་ལམ་ཡང་ངན། །རྒན་ལ་བརྩི་བཀུར་དང་གྲོགས་ལ་མཐུན་པོ་བྱོས། སློབ་སྦྱོང་ལའང་བརྩོན་དགོས། ང་འདི། ཡང་བཤད་ཏག་ཏག་བརྒྱབ་ནས། མདོར་ན་རྒན་པའི་གཏམ་ལ་ཉན་དགོས། འབབ་པའི་ཆུ་དེ་འཐུང་དགོས་ཟེར་བ་ལྟར།  རྨོ་བོས་བཤད་པ་ཉོན་དང་འཆུག་མེད། རྨོ་མོ་དཔལ་འཛོམས་ཀྱིས་ནན་ཏན་གྱིས་ཡང་བསྐྱར་ཁོང་གིས་ཉིན་རྒྱུན་བཤད་པའི་བསླབ་བྱ་དེ་བཤད་བྱུང་།  ལྷ་མཚོའི་མིག་ཆུ་ཤམ་ཤམ་དུ་བཞུར་བ་ལས་ཐབས་གཞན་མེད།

     སྐྱ་རེངས་བུ་མོས་སྐྱ་མདོག་གི་ལྭ་བ་རིམ་གྱིས་ཕུད་ནས་ཕྱི་གསལ་ནང་གསལ་གྱི་དབྱར་ལྭ་དེ་གྱོན་བྱུང་།  སྐྱིད་ཞིང་སྡེ་བས་ཡང་ཉིན་གསར་པ་ཞིག་ལ་རོལ་འགོ་བརྩམས།  དེ་རིང་ལྷ་མཚོ་སློབ་གྲྭར་འགྲོ་རན་པས།  ཨ་ཕ་བརྩོན་འགྲུས་ཀྱིས་དབྱར་ལྭ་ནག་པོ་དེ་གྱོན་པ་དང་། རྐང་སྣམ་སེར་སྨུག་དང་དབྱར་ལྷམ་སྔོན་པོ་དེ་གྱོན་ནས་རྫོང་ལ་འགྲོ་བར་གྲ་སྒྲིག་བྱས། ལྷ་མཚོ། གཅེས་ཕྲུག         ཁྱོད་ཀྱི་མིག་ལ་ཅི་བྱུང་སོང་། ནའམ།  དེ་རིང་རྨོ་མོ་དཔལ་འཛོམས་སྔ་མོ་ནས་ལངས་ཤིང་།  གོན་པ་བརྗེ་བཞིན་པའི་ལྷ་མཚོའི་འགྲམ་དུ་ཡོང་བ་ན། མདང་ནུབ་ངུས་དྲགས་པའི་རྐྱེན་གྱིས་སྐྲངས་ནས་འབུར་འབུར་དུ་གྱུར་འདུག་པའི་ལྷ་མཚོའི་མིག་མཐོང་བ་ན།  རྨོ་མོ་དཔལ་འཛོམས་ཀྱིས་རྩུབ་ཅིང་གཉེར་མས་ཁེངས་པའི་ལག་པས་བྱིལ་བྱིལ་བྱེད་ཞོར་སེམས་ཁུར་སྒོས་དྲིས་བྱུང་། ཅང……ཅང་མ་རེད། རྨོ་བོ། ཁྱེད་ཀྱིས་སེམས་ཁུར་བྱེད་མི་དགོས། ང་ལ་སྐྱོན་མེད་ཅེས་ལྷ་མཚོས་རྨོ་མོ་དཔལ་འཛོམས་ཀྱིས་སེམས་ཁྲལ་བྱེད་པར་དོགས་ནས་འཛུམ་དམུལ་དམུལ་གྱིས་ལན་བཏབ། སྐྱོན་མེད་ན་བཟང་གི  གཅེས་ཕྲུག   རྨོ་མོ་དཔལ་འཛོམས་ཀྱིས་ལྷ་མཚོའི་ཞྭ་མོ་དཀར་པོ་དང་སྐེ་དཀྲིས་སྔོན་སྨུག་དེ་ཁྱེར་ནས་སྒོར་བུད་པ་དང་། ལྷ་མཚོས་སྟོད་ཐུང་གི་འཐེན་སྒྲོག་ལེགས་པོར་བརྒྱབ་ནས་དཔེ་ཁུག་དམར་སེར་དེ་རྒྱབ་ཏུ་ཁུར་ཞིང་། སྟོད་ཐུང་གི་སྣེ་མོར་འཐེན་ཙམ་བྱས་ནས་སྒོར་བུད།

      ཡ……ད་འགྲོ། ཨ་ཕ་བརྩོན་འགྲུས་འཕྲུལ་རྟར་ཞོན་ནས་གློག་སྒོ་ཕྱེས་བྱུང་། བདེ་མོ། གཅེས་ཕྲུག    སློབ་སྦྱོང་ལ་ཧུར་བརྩོན་བྱོས། ཨ་ནེ་ཐར་སྐྱིད་ཀྱིས་ནུ་བོ་དོན་ལྡན་གྱི་ལག་པར་བཟུང་ནས་ལྷ་མཚོར་བཤད་བྱུང་། ཧེ་ཧེ། ཨ་ཅེ་བདེ་མོ་བྱོས། ནུ་བོ་དོན་ལྡན་གྱིས་མགོ་འཕྲུག་འཕྲུག་ཅིག་བྱས་ནས་བཤད་བྱུང་། བདེ་མོ་བྱོས། གཅེས་ཕྲུག    ཁྱོད་ཚེ་རིང་ནད་མེད།  བར་ཆད་མེད་པར་སྨོན།  རྨོ་མོ་དཔལ་འཛོམས་ཀྱིས་ཉིན་རྒྱུན་བཤད་པའི་སྨོན་ཚིག་དང་བསླབ་བྱ་ཡང་བསྐྱར་བཤད་བྱུང་། བདེ་མོ། ལྷ་མཚོས་ཁོ་ཚོར་བདེ་མོ་བཞག་ནས་འཕྲུལ་རྟར་ཞོན། ལྷ་མཚོ་དང་ཨ་ཕ་བརྩོན་འགྲུས་གཉིས་ཁྱིམ་དང་ཐག་ཇེ་རིང་ནས་ཇེ་རིང་དུ་གྱུར་སོང་། ཁོ་མོས་ཕྱིར་ལྟ་བྱས་པ་ན་རྨོ་མོ་དཔལ་འཛོམས་དང་དོན་ལྡན་གཉིས་ད་དུང་སྒོ་མདུན་དུ་ལངས་ནས་ཁོ་གཉིས་ཀའི་རྗེས་སུ་བལྟས་འདུག   ལྷ་མཚོས་རྨོ་མོ་དཔལ་འཛོམས་ཀྱི་གངས་ལྟར་དཀར་བའི་དབུ་སྐྲ་དང་ཤིང་སྐམ་ལྟར་གུག་པའི་གཟུགས་དབྱིབས་དེ་མཐོང་རྗེས་རང་དབང་མེད་པར་མིག་ཆུ་འཐོར་སོང་། རིམ་བཞིན་མིག་ཆུའི་བར་གསེབ་ནས་གཟུགས་དབྱིབས་དེ་རབ་རིབ་ཏུ་གྱུར་ནས་མི་མཐོང་བར་གྱུར་སོང་།

      འབྱམས་ཀླས་པའི་ཀུན་གསལ་གྱི་སྒལ་གཞུང་དུ་ནག་ཅིང་སྟུག་པའི་སྤྲིན་ནག་གིས་ཁེབས་ཤིང་། ཅང་མ་འགོར་བར་ཆར་པ་དྲག་པོ་ཞིག་འབབ་པའི་སྔོན་བརྡ་སྟོན་གྱིན་འདུག    བསིལ་རླུང་ཡང་འཁྱགས་སིབ་སིབ་ཀྱིས་སྐྱེ་དགུ་ཡོངས་ལ་འགྲམ་ལྕག་གཞུས།

     ཨ་ཕ། ང་སང་ཉིན་ཁྱིམ་ལ་རྨོ་མོར་བལྟ་རུ་ཡོང་རྒྱུ་ཡིན། ལྷ་མཚོ་ཟླ་གཅིག་རིང་ལ་ཁྱིམ་དུ་མ་བསླེབས་པས། ད་ཐེངས་ཀྱི་གཟའ་ཉི་མ་དེ་བཀོལ་སྤྱོད་བྱས་ནས་ཁྱིམ་དུ་འགྲོ་འདོད་པའི་འདུན་པ་དྲག་པོ་ཞིག་སྐྱེས་པ་དང་། ཁོ་མོས་ཨ་ཕ་བརྩོན་འགྲུས་ལ་ཁ་པར་གྱི་ལམ་ནས་སྔོན་བརྡ་བཏང་བ་རེད།

      གཅེས་ཕྲུག   རྨོ་མོ……་རྨོ་མོ……ཨ་ཕ་བརྩོན་འགྲུས་ཀྱི་མགྲིན་པ་དངོས་པོ་ཞིག་གིས་འགག་པ་བཞིན་སྐད་ཆའི་མགོ་རྔ་མི་གསལ་བར་མ་ཟད།  སྐད་གདངས་ཀྱང་དམའ་ཞིང་འདར་བཞིན་འདུག

     ཨ་ཕ། རྨོ་མོར་ཅི་བྱུང་སོང་། ཁྱེད་ཀྱི་སྐད། ལྷ་མཚོར་དེ་མ་ཐག་ཏུ་བྲེལ་འཚུབ་སྐྱེད་པ་དང་དོན་དག་ཡར་མར་གང་ཡིན་ལ་བསམ་གཞིག་གང་མང་བྱས། དུས་ཡུན་རིང་པོ་ཞིག་ལ་ཁ་པར་ནང་དུ་གྲག་འགུལ་ཅི་ཡང་མེད་པར་གྱུར། ལྷ་མཚོས་སྒུག་མ་ཐུབ་པར……ཝེ……། ཨ་ཕ།  དོན་ངོ་མར་སྐད་ཆ་ཅི་ཞིག་བཤད་འདོད་པ་ཡིན་ཞེས་ངུ་སྐད་འདྲེས་མས་དྲིས།  གཅེས་ཕྲུག    རྨོ་མོ……རྨོ་མོ་བུད་སོང་། ཨ་ཕ་བརྩོན་འགྲུས་ཀྱིས་དབུགས་རིང་ཞིག་འབྱིན་བཞིན་བཤད་བྱུང་། ཅི་ཟེར། བུད་སོང་ཟེར་ན་དོན་ཅི་རེད། ལྷ་མཚོ་སྐྲག་སྣང་དང་སྐྱོ་གདུང་གིས་ཁེངས་ནས་དྲིས། རྐང་འོག་གི་སའང་ཕལ་ཆེར་འགུལ་བསྐྱོད་བྱེད་པའི་ཚོར་བ་ཞིག་སྐྱེས་པ་དང་ལངས་ནས་འདུག་མི་བཟོད་པའི་ཚོར་སྣང་ཞིག་ཀྱང་སྐྱེས་བྱུང་། གཅེས་ཕྲུག    རྨོ་མོ་ང་ཚོ་དང་གཏན་དུ་ཁ་བྲལ་ནས་བུད་སོང་། གནམ་ལྕགས་ཐོག་མདའ་ལྟ་བུའི་སྐད་ཆ་དེ་ཐོས་མ་ཐག་ལྷ་མཚོ་ཧོན་ཐོར་སོང་། མིག་ཆུ་ཤམ་ཤམ་དུ་མཁུར་སྟེང་ལ་སྐྱོ་བས་བྲུལ། སྙིང་གི་རུས་པའང་ན་ཟུག་གིས་དྲག་ཏུ་གཟེར།

    ཁྱོད་ཚེ་རིང་ནད་མེད། བར་ཆད་མེད། བདེ་སྐྱིད་ཕུན་སུམ་ཚོགས་དགོས། སེམས་པ་བཟང་ན་ས་དང་ལམ་ཡང་བཟང་། །སེམས་པ་ངན་ན་ས་དང་ལམ་ཡང་ངན། །རྒན་ལ་བཀུར་ཞིང་གྲོགས་ལ་མཐུན་པོ་བྱོས། ཁོ་མོས་སྐད་ཆ་དེ་དག་ཡིད་ལ་འཆར་བ་དང་ཕལ་ཆེར་ད་ལྟ་ཁོ་མོའི་རྣ་ལམ་དུ་བཤད་བཞིན་པའི་སྣང་བའང་སྐྱེས། འོན་ཀྱང་དེ་ནི་ཆེས་མཇུག་མཐའི་སྨོན་ཚིག་ཅིག་ཏུ་འགྱུར་སྲིད་པ་སུས་ཀྱང་དྲན་མ་མྱོང་ལ་རྟོགས་ཀྱང་མ་རྟོགས། འཇིག་རྟེན་འདིར་དགའ་སྐྱིད་ལྷན་འཛོམས་ཀྱི་མཇུག་ཏུ་གྱེས་བྲལ་གྱི་ན་ཟུག་དང་སྡུག་བསྔལ་ཞིག་ཡོད་པ་དེ་ནི་ཆོས་ཉིད་ཅིག་ཡིན་པས་དེ་ནི་སུས་ཀྱང་བཟློག་ཐབས་བྲལ། སྐྱོ་གདུང་གིས་མནར་བའི་ལྷ་མཚོས་མ་ཎི་འདོན་པ་དང་ལྷ་དཀོན་མཆོག་གསུམ་ལ་གསོལ་འདེབས་བྱེད་པ་ལས་གཞན། ད་དུང་རྨོ་མོ་དཔལ་འཛོམས་ཀྱི་བསླབ་བྱ་དང་སྨོན་ཚིག་དག་ཡང་ཡང་གྱེར་བཞིན་སེམས་སུ་རྡོ་བརྐོས་རི་མོ་བཞིན་འཇོག་རྒྱུའི་ཆོད་སེམས་བཅངས་པ་ལས་ཐབས་གཞན་དང་བྲལ་ལོ། ། ། །


  • ལེ་ཚན་སྔོན་མ།:ལུག་གི་གྲོགས་པོ་ཚོ།
  • ལེ་ཚན་རྗེས་མ།:ལག་པར་སེར་ཀ་མི་གས་པའི་སྨན།