འདོད་སེམས་ཆེ་བའི་ལས་འབྲས།

        2018-03-28

       གནའ་སྔ་མོར་ཡུལ་ཞིག་ཏུ་ཁྱིམ་ཚང་ཞིག་ཡོད་པ་དེས་དུས་བཀག་ལྟར་བུན་བདག་ལ་བུ་ལོན་སྤྲོད་མ་ཐུབ་སྟབས་མཐར་རང་ཉིད་ཀྱི་བརྩེ་བའི་བུ་མོ་གསལ་སྒྲོན་བུན་ཚབ་ཏུ་མི་སྤྲོད་ཀ་མེད་བྱུང་།

       བུ་མོ་གསལ་སྒྲོན་བུན་བདག་གི་ཁྱིམ་དུ་སླེབས་པ་ནས་བཟུང་ཞོགས་སྔ་ལངས་དང་དགོང་ཕྱི་ཉལ་གྱིས་ཁྱིམ་ཚང་ཕྱི་ནང་གི་ངལ་ལས་ཚང་མ་བྱེད་དགོས་ཀྱི་ཡོད་པ་རེད། འོན་ཀྱང་བུན་བདག་གིས་ད་དུང་བུ་མོས་ལས་ཀ་ཡག་པོ་བྱེད་ཀྱི་མི་འདུག་ཅེས་འཁང་ར་བྱས་ཏེ་ལྟོ་རྒྱགས་པ་མི་སྟེར་ཐོག་ཉེས་རྡུང་ཚད་མེད་གཏོང་གི་ཡོད་པས་མཛེས་སྡུག་ཡིད་འོང་གི་བུ་མོ་དེ་སྡུག་བསྔལ་གྱིས་མནར་ཏེ་ཤ་སྐམ་པགས་སྐམ་དུ་གྱུར་པ་རེད།

       ཉིན་ཞིག་གི་ཞོགས་པར་བུ་མོ་གཙང་ཆུའི་འགྲམ་དུ་ཆུ་ལེན་དུ་འགྲོ་བ་དང་། ཆུ་ཁར་ངལ་གསོ་ཕྲན་བུ་བྱེད་དེ་སྡོད་རིང་བུན་བདག་གིས་ཁོ་མོར་སྡུག་སྤྱོད་བཏང་བ་རྣམས་ཡིད་ལ་དྲན་ཏེ་རང་དབང་མེད་པར་ངུ་ཤོར་བ་དང་། ངུ་སྒྲ་དེ་དྲང་སྲོང་ཞིག་གིས་ཐོས་པ་དང་། དྲང་སྲོང་ན་རེ། བུ་མོ་ཁྱོད་སེམས་སྡུག་ཆེ་པོས་མིག་ཆུ་གཏོང་དགོས་དོན་ཅི་ཡིན་ཞེས་དྲིས། བུ་མོས་ང་བུན་ཚབ་ཏུ་ཁྱིམ་འདིར་སླེབས་པ་དང་། ཁྱིམ་བདག་གིས་མནར་གཅོད་བྱེད་དྲགས་པས་སེམས་སྡུག་གིས་ངུ་བ་ཡིན་ཞེས་བཤད། དྲང་སྲོང་གིས་ཁྱོད་རང་སེམས་སྡུག་འདི་འདྲ་བྱེད་དགོས་དོན་མེད་ཅེས་གསུངས་པ་དང་ཆབས་ཅིག་བུ་མོའི་ལུས་སྟེང་དུ་གཙང་ཆུ་ཕྲན་བུ་ཞིག་གཏོར་མ་ཐག་ཏུ་བུ་མོའི་སེམས་སུ་སྤྲོ་སྣང་རབ་ཏུ་བསྐྱེད་པའི་ཐོག་ལུས་ཀྱི་མདངས་ཀྱང་སྔར་ལྟར་གསོས་ཏེ་ཡིད་དུ་འོང་བ་ཞིག་ཏུ་གྱུར།

       དེ་ནས་བུ་མོས་ཆུ་ཁུར་ནས་ཁྱིམ་དུ་ལོག་རྗེས། ཁྱིམ་བདག་གིས་བུ་མོའི་མདོག་མདངས་གློ་བུར་ཏུ་འདི་འདྲའི་མཛེས་པོར་ཆགས་པའི་རྒྱུ་མཚན་ཅི་ཡིན་སྙམ་ནས། བུ་མོར་ཁྱོད་ཀྱི་ངོ་གདོང་འདི་འདྲའི་མཛེས་པོར་ཆགས་པའི་རྒྱུ་མཚན་ཅི་ཡིན་ཞེས་དྲིས་པར། བུ་མོས་ཞོགས་པར་ཆུ་ལེན་འགྲོ་སྐབས་ཀྱི་གནས་ཚུལ་རྣམས་ཞིབ་ཕྲར་བཤད། བུན་བདག་བཟའ་ཚོ་གཉིས་ཉིན་གཉིས་པར་སྔ་ལངས་ཀྱིས་གཙང་པོའི་འགྲམ་དུ་ཆུ་ལེན་པར་སོང་། ཁོ་གཉིས་ཀྱང་སྐད་ཆེན་པོས་སེམས་སྡུག་ཁུལ་གྱིས་ངུས་པས་དྲང་སྲོང་དེ་མར་ཡོང་ནས་གཏམ་ཚིག་གཅིག་ཀྱང་མ་བརྗོད་པར་ཁོ་གཉིས་ཀྱི་ལུས་པོར་ཆུ་ཕྲན་བུ་སྟོར་མ་ཐག་བུན་བདག་གཉིས་སྤྲེའུར་འགྱུར། ཁོ་གཉིས་དངངས་སྐྲག་ཆེན་པོས་ཕན་ཚུན་ལྟ་རེས་བྱེད་པ་དང་། སྒལ་པའི་སྤྲེལ་ལྤགས་བཤུ་ཐབས་བྱས་རུང་བཤུ་མ་ཐུབ།

       བུན་བདག་སྤྲེའུ་གཉིས་ཕྱིར་ལོག་པར་བུ་མོས་མཐོང་ནས་ཧང་སངས་པ་དང་། ཁོ་མོས་སྤྲེའུ་གཉིས་ལ་བྱམས་ཀྱིས་བསྐྱངས་ནས་ཉིན་ཤས་རིང་དེ་གར་བསྡད། འོན་ཀྱང་མི་དང་སྤྲེའུ་ཡུན་རིང་མཉམ་དུ་འཚོ་བ་སྐྱེལ་ཐབས་བྲལ་ནས་བུ་མོས་སྔར་ལྟར་གཙང་པོའི་འགྲམ་དུ་དྲང་སྲོང་འཚོལ་བར་སོང་སྟེ་གནས་ཚུལ་ཞིབ་ཕྲར་ཞུ་རྗེས། དྲང་སྲོང་གིས་སྤྲེའུ་གཉིས་ནགས་གསེབ་ཏུ་འགྲོ་བའི་བྱ་ཐབས་བུ་མོར་བསླབས་ཏེ་མངགས། བུ་མོས་དྲང་སྲོང་གིས་བསླབས་པ་ལྟར་རྡོ་ཆེན་པོ་གཉིས་མེ་ལ་བསྲེགས་ནས་དགོང་དྲོའི་ལྟོ་ཟ་སྐབས་སྤྲེའུ་གཉིས་རྡོ་སྟེང་དུ་སྡོད་བཅུག་པས་དེ་གཉིས་ཀྱི་ཨོང་འགོ་ཚིག་ནས་ན་ཟུག་ཆེན་པོས་ཀྲེ་ཀྲེ་ཞེས་སྐད་ངན་འདོན་བཞིན་པར་ནགས་ཚལ་དུ་བྲོས་སོང་ངོ་། །

  • ལེ་ཚན་སྔོན་མ།:ལག་པར་སེར་ཀ་མི་གས་པའི་སྨན།
  • ལེ་ཚན་རྗེས་མ།:གཏམ་རྒྱུད།