ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ་པེ་ཅིང་དུ་འཚོགས།

        2021-12-15

ཞི་ཅིན་ཕིང་དང་ལི་ཁེ་ཆང་གིས་གསུང་བཤད་གལ་ཆེན་གནང་བ། ལི་ཀྲན་ཧྲུའུ་དང་། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་ཚོགས་འདུར་ཞུགས་ཡོད།

ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ་པེ་ཅིང་དུ་འཚོགས།

སྤྱི་ཟླ12པའི་ཚེས8ཉིན་ནས་ཚེས10ཉིན་གྱི་བར། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ་པེ་ཅིང་དུ་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་འདུར་ཞུགས་པས་མ་ཚད་གསུང་བཤད་གལ་ཆེན་གནང་བ་རེད།

ཞིན་ཧྭ་གསར་འགྱུར་ཁང་དུ་པེ་ཅིང་ནས་སྤྱི་ཟླ12པའི་ཚེས10ཉིན་གློག་འཕྲིན་འབྱོར་གསལ། སྤྱི་ཟླ12པའི་ཚེས8ཉིན་ནས་ཚེས10ཉིན་གྱི་བར། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ་པེ་ཅིང་དུ་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ལི་ཁེ་ཆང་། ལི་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།

ཞི་ཅིན་ཕིང་གིས་ཚོགས་འདུའི་ཐོག་གསུང་བཤད་གལ་ཆེན་གནང་ནས2021ལོའི་དཔལ་འབྱོར་ལས་དོན་ལ་ཕྱོགས་སྡོམ་དང་། མིག་སྔའི་དཔལ་འབྱོར་དུས་བབ་ལ་དབྱེ་ཞིབ། 2022ལོའི་དཔལ་འབྱོར་ལས་དོན་བཀོད་སྒྲིག་བཅས་གནང་བ་རེད། ལི་ཁེ་ཆང་གི་གསུང་བཤད་གནང་སྐབས་སང་ལོའི་དཔལ་འབྱོར་ལས་དོན་ལ་བཀོད་སྒྲིག་ཞིབ་ཕྲ་གནང་བས་མ་ཚད་འབྲེལ་ཕྱོགས་སྡོམ་གསུང་བཤད་གནང་བ་རེད།

ཚོགས་འདུའི་ཐོག་ངོས་འཛིན་བྱས་དོན། ད་ལོ་ནི་ཏང་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་ཐོག་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་པའི་ལོ་ཞིག་རེད། ང་ཚོས་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་ངོ་བརྒྱ་འཁོར་བར་རྟེན་འབྲེལ་གཟབ་རྒྱས་ཞུས་པ་དང་། ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཡུལ་མངོན་འགྱུར་བྱུང་བ། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཡུལ་ཕྱོགས་སུ་དཔུང་སྐྱོད་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་བཏོད་པ།

ལོ་བརྒྱར་འཕྲད་མ་མྱོང་བའི་འགྱུར་ལྡོག་དང་དུས་རབས་ཀྱི་རིམས་ནད་ལ་དོ་ནན་གྱིས་ཁ་གཏད་གཅོག་པ། འཕེལ་རྒྱས་ཀྱི་བཀོད་པ་གསར་པ་གཏོད་པར་གོམ་སྟབས་གསར་པ་སྤོས་པ།

སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་ཐོབ་པ་བཅས“ལོ་ལྔའི་འཆར་འགོད་བཅུ་བཞི་པ”མགོ་ཡག་པོ་ཞིག་བརྩམས་ཡོད། རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་དང་རིམས་ནད་སྔོན་འགོག་དང་ཚོད་འཛིན་ཐད་གོ་ལ་ཧྲིལ་པོའི་མདུན་གྲལ་གྱི་གནས་བབ་རྒྱུན་འཁྱོངས་ཐུབ་པ་དང་། རྒྱལ་ཁབ་འཐབ་ཇུས་ཀྱི་ཚན་རྩལ་སྟོབས་ཤུགས་མགྱོགས་མྱུར་སྟོབས་ཆེར་སོང་བ། ཐོན་ལས་འཁོར་འབྲེལ་གྱི་མཉེན་ཤུགས་ཆེ་རུ་ཕྱིན་པ། བཅོས་བསྒྱུར་སྒོ་འབྱེད་གཏིང་ཟབ་ཕྱོགས་སུ་སྐུལ་འདེད་བཏང་བ། དམངས་འཚོ་འགན་ལེན་ནུས་ལྡན་བྱུང་བ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ལ་རྒྱུན་མཐུད་དུ་སྐུལ་འདེད་བཏང་བ་བཅས་བྱས་ཡོད། ཐོབ་པའི་གྲུབ་འབྲས་དེ་དག་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་ལས་བྱུང་བ་ཞིག་ཡིན་ལ། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་བློ་སེམས་གཅིག་མཐུན་དང་དཀའ་སྤྱད་འབད་འཐབ་བྱས་པ་ལས་བྱུང་བ་ཞིག་རེད།

ཚོགས་འདུའི་ཐོག་བསྟན་དོན། གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱེད་པ་དང་དུས་མཚུངས། རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་དགོས་མཁོ་ཆུང་དུ་འགྲོ་བ་དང་། མཁོ་སྤྲོད་ལ་རྡབ་རྡེག་ཕོག་པ། སྔོན་དཔག་ཉམས་ཞན་དུ་འགྲོ་བ་བཅས་ཀྱི་གནོན་ཤུགས་གསུམ་འཕྲད་པ་འདི་ངེས་པར་དུ་མཐོང་ཐུབ་པ་བྱ་དགོས། དུས་རབས་ཀྱི་རིམས་ནད་ཀྱི་རྡབ་རྡེག་འོག ། ལོ་བརྒྱར་འཕྲད་མ་མྱོང་བའི་འགྱུར་ལྡོག་མགྱོགས་མྱུར་འཕེལ་འགྱུར་འགྲོ་བཞིན་པ་དང་ཕྱི་རོལ་གྱི་ཁོར་ཡུག་དེ་བས་རྙོག་འཛིང་ཆེ་ཞིང་ཛ་དྲག་ལ་ངེས་མེད་དུ་འགྱུར་བཞིན་ཡོད། ང་ཚོས་དཀའ་ངལ་ལ་ལྟ་སྟངས་ཡང་དག་པ་འཛིན་དགོས་ལ་ཡིད་ཆེས་ཀྱང་བརྟན་པོ་ཡོད་དགོས། རང་རྒྱལ་གྱི་དཔལ་འབྱོར་མཉེན་ཤུགས་ཆེ་བས་དུས་ཡུན་རིང་པོའི་ནང་ལེགས་པའི་ཕྱོགས་སུ་སྐྱོད་པའི་གཞི་རྩའི་གནས་ཚུལ་ལ་འགྱུར་ལྡོག་འགྲོ་མི་སྲིད། རྒྱལ་སྤྱིའི་གནས་བབ་ལ་འགྱུར་ལྡོག་ཇི་ལྟར་བྱུང་རུང་། ང་ཚོས་རང་ཉིད་ཀྱི་ལས་དོན་བློ་བརྟན་འགྱུར་མེད་ངང་ཡག་པོ་བསྒྲུབས་ནས་དཔལ་འབྱོར་གྱི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་གཏོང་བ་དང་། ཚན་རྩལ་གསར་གཏོད་ཀྱི་ནུས་པ་ཆེ་རུ་གཏོང་བ། ཕྱོགས་མང་རིང་ལུགས་མཐའ་འཁྱོངས་བྱེད་པ། མ་སྐུལ་དང་བླངས་ཀྱིས་ཚད་གཞི་མཐོ་བའི་རྒྱལ་སྤྱིའི་དཔལ་འབྱོར་ཚོང་དོན་གྱི་སྒྲིག་སྲོལ་དང་བསྡུར་ནས་ཆུ་ཚད་མཐོ་བའི་སྒོ་འབྱེད་ལ་བརྟེན་ནས་བཅོས་བསྒྱུར་གཏིང་ཟབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱ་དགོས།

ཚོགས་འདུའི་ཐོག་ངོས་འཛིན་བྱས་དོན། ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་གཅོག་པའི་ལག་ལེན་ཁྲོད་ང་ཚོས་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པའི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་སྔར་བས་གསོག་འཇོག་ཐུབ་ཡོད། ངེས་པར་དུ་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་མགོ་ཁྲིད་མཐའ་འཁྱོངས་བྱས་ཏེ་འགྲན་སློང་ཆེན་པོར་བབ་བརླིང་ངང་ཁ་གཏད་འཇལ་ནས་གོམ་སྟབས་གཅིག་གྱུར་གྱིས་མདུན་དུ་བསྐྱོད་དགོས་པ་དང་། ངེས་པར་དུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་མཐའ་འཁྱོངས་དང་དཔལ་འབྱོར་འཛུགས་སྐྲུན་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ་ནི་ཏང་གི་གཞི་རྩའི་ལམ་ཕྱོགས་ཀྱི་བླང་བྱ་ཡིན་པར་བརྟེན། ཏང་ཡོངས་ཀྱིས་བློ་རྩེ་གཅིག་སྒྲིམ་གྱིས་ལག་ལེན་མཐར་ཕྱིན་བསྟར་ནས་དཔལ་འབྱོར་གྱི་སྤུས་ཚད་བརྟན་པོའི་ངང་གོང་མཐོར་དང་འབོར་ཚད་ལུགས་མཐུན་ངང་འཕར་བར་སྐུལ་འདེད་གཏང་དགོས། ངེས་པར་དུ་བརྟན་ཐོག་ཡར་འཕེལ་མཐའ་འཁྱོངས་བྱས་ནས་སྲིད་ཇུས་ལེགས་སྒྲིག་དང་བཅོས་བསྒྱུར་ལ་སྐུལ་འདེད་གཏོང་བར་དུས་ཚོད་དང་ཚད་གཞི་ཕན་འབྲས་གསུམ་བློ་གདེང་ཡག་པོ་བྱས་ནས་སྔོན་ལ་ཚུགས་ཐུབ་པ་དང་རྗེས་སུ་བརྒལ་ཐུབ་པ་དང་། དོ་དོ་དན་དན་གྱིས་མཐའ་འཁྱོངས་བྱ་དགོས། ངེས་པར་དུ་སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་བརྒྱུད་རིམ་ལྡན་པའི་འདུ་ཤེས་མཐའ་འཁྱོངས་བྱ་དགོས་པ་བཅས་རེད།

ཚོགས་འདུའི་ཐོག་ནན་བཤད་བྱས་དོན། སང་ལོར་ཏང་གི་ཚོགས་ཆེན་ཉི་ཤུ་པ་འཚོག་རྒྱུ་རེད། དེ་ནི་ཏང་དང་རྒྱལ་ཁབ་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་ཡིན་པར་བརྟེན། བརྟན་བརླིང་སྐྱོན་བྲལ་གྱི་དཔལ་འབྱོར་ཁོར་ཡུག་དང་རྒྱལ་ཁབ་བདེ་ཞིང་འབངས་རྣམས་སྐྱིད་པའི་སྤྱི་ཚོགས་ཁོར་ཡུག། སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཁོར་ཡུག་ཅིག་བཅས་སྲུང་འཛིན་ཡག་པོ་བྱ་དགོས། སང་ལོའི་དཔལ་འབྱོར་ལས་དོན་ཡག་པོ་བསྒྲུབ་དགོས་ན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་དུ་བྱེད་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ། ཏང་འཛུགས་པའི་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་གཏོང་བ། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་གནད་ལ་འཁེལ་བ། ཁྱོན་ཡོངས་བཅས་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་བཀོད་པ་གསར་པ་གང་མགྱོགས་འཛུགས་པ། བཅོས་བསྒྱུར་སྒོ་འབྱེད་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་བཅོས་བསྒྱུར་གཙོ་རྐང་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། རིམས་ནད་སྔོན་འགོག་དང་ཚོད་འཛིན། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་བྱེད་པ། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱེད་པ། “བརྟན་པོ་དྲུག”དང“འགན་ལེན་དྲུག”གི་ལས་དོན་མུ་མཐུད་ནས་ཡག་པོ་སྒྲུབ་པ། དམངས་འཚོ་རྒྱུན་མཐུད་དུ་ལེགས་སུ་གཏོང་བ། གཞི་ཆེའི་དཔལ་འབྱོར་སྤྱི་ཡོངས་བརྟན་དུ་གཏང་རྒྱུར་ཤུགས་རྒྱག་པ། དཔལ་འབྱོར་འཁོར་རྒྱུག་ལུགས་མཐུན་གྱི་བར་ཁོངས་མཐའ་འཁྱོངས་བྱེད་པ། སྤྱི་ཚོགས་སྤྱི་ཡོངས་བརྟན་པོ་རྒྱུན་འཁྱོངས་བྱེད་པ་བཅས་བྱས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་སྐོང་འཚོག་བྱ་རྒྱུར་བསུ་བ་ཞུ་དགོས།

ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། སང་ལོའི་དཔལ་འབྱོར་ལས་དོན་བརྟན་པོ་ཡོང་རྒྱུ་ཨང་དང་པོར་འཇོག་པ་དང་བརྟན་ཐོག་ཡར་འཕེལ་ཡོང་བ་བྱ་དགོས། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ས་སྤྱི་ཁོག་དཔལ་འབྱོར་བརྟན་པོ་ཡོང་བའི་འགན་འཁྲི་འཁུར་དགོས་པ་དང་ཕྱོགས་ཁག་གིས་དཔལ་འབྱོར་བརྟན་པོ་ཡོང་བར་ཕན་པའི་སྲིད་ཇུས་ཧུར་ཐག་བཏོན་ཏེ་སྲིད་ཇུས་ཀྱི་ནུས་པ་འོས་འཚམ་གྱིས་སྔོན་དུ་འཇོག་དགོས།

གཅིག་ནས་སྤྱི་ཁོག་སྲིད་ཇུས་གཟབ་ནན་ཕན་ནུས་ལྡན་པ་བྱ་དགོས། དགེ་མཚན་ལྡན་པའི་ནོར་སྲིད་ཀྱི་སྲིད་ཇུས་དང་གཟབ་ནན་གྱི་དངུལ་ལོར་སྲིད་ཇུས་མུ་མཐུད་ནས་ལག་བསྟར་བྱ་དགོས། དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་ཀྱི་ཕན་ནུས་ཆེ་རུ་བཏང་ནས་གནད་སྨིན་དང་རྒྱུན་མཐུད་ཆོག་པར་སྔར་བས་དོ་སྣང་བྱ་དགོས། ནོར་སྲིད་ཀྱི་གཏོང་སྒོའི་ཤུགས་ཚད་འགན་ལེན་བྱས་ནས་གཏོང་སྒོའི་མྱུར་ཚད་མགྱོགས་སུ་གཏང་དགོས། ཁྲལ་རིན་གཉིས་གཅོག་གི་སྲིད་ཇུས་གསར་པ་ལག་བསྟར་དང་། ཁེ་ལས་འབྲིང་ཆུང་དང་ཆེས་ཆུང་གྲས་དང་། སྒེར་གཉེར་བཟོ་ཚོང་དུད་ཚང་། བཟོ་སྐྲུན་ལས་རིགས། ཉེན་སེལ་སོགས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་འོས་འཚམ་དང་ཚད་བརྒལ་གྱིས་རྨང་གཞིའི་སྒྲིག་བཀོད་ལ་མ་དངུལ་གཏོང་འཇོག་བྱ་དགོས། ཏང་སྲིད་ལས་ཁུངས་ཀྱིས་གྲོན་ཆུང་གིས་འཚོ་བ་རོལ་རྒྱུ་མཐའ་འཁྱོངས་བྱ་དགོས། ནོར་སྲིད་དང་དཔལ་འབྱོར་གྱི་སྒྲིག་ལམ་ནན་དུ་གཏང་དགོས། ས་གནས་སྲིད་གཞུང་གི་མངོན་མེད་བུ་ལོན་གསར་སྣོན་བྱེད་རིགས་བཀག་འགོག་མཐའ་གཅིག་ཏུ་བྱ་དགོས། གཟབ་ནན་གྱི་དངུལ་ལོར་སྲིད་ཇུས་བབ་བསྟུན་དང་ཚད་རན་པོས་སྤྱོད་པ་དང་། འཁོར་རྒྱུག་རང་བཞིན་ལུགས་མཐུན་དང་འདང་ངེས་ཡོང་བ་རྒྱུན་འཁྱོངས་བྱ་དགོས། དངུལ་རྩའི་སྒྲིག་གཞིས་དངོས་ཚན་དཔལ་འབྱོར་དང་ལྷག་པར་དུ་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས། ཚན་རྩལ་གསར་གཏོད། འབྱུང་འཕྲོད་འཕེལ་རྒྱས་བཅས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བར་སྣེ་ཁྲིད་བྱ་དགོས། ནོར་སྲིད་ཀྱི་སྲིད་ཇུས་དང་དངུལ་ལོར་གྱི་སྲིད་ཇུས་མཐུན་སྦྱོར་མཉམ་འགུལ་བྱས་ནས་དུས་འཁོར་ལས་བརྒལ་བ་དང་ལྡོག་པའི་སྤྱི་ཁོག་སྙོམས་སྒྲིག་སྲིད་ཇུས་ཟུང་འབྲེལ་དམ་ཟབ་བྱ་དགོས། ནང་མཁོ་རྒྱ་ཆེར་གཏོང་བའི་འཐབ་ཇུས་ལག་བསྟར་ཡག་པོ་བྱས་ནས་འཕེལ་རྒྱས་ཀྱི་ནང་སྐྱེས་སྒུལ་ཤུགས་ཆེ་རུ་གཏང་དགོས།

གཉིས་ནས་བྱེ་བྲག་གི་སྲིད་ཇུས་ཀྱིས་ཁྲོམ་རའི་བྱེད་པོ་གསོན་ཤུགས་རྒྱུན་མཐུད་དུ་ངར་སློང་བྱ་དགོས། ཁྲོམ་རའི་བྱེད་པོའི་ཡིད་ཆེས་ཇེ་དྲག་ཏུ་གཏོང་བ་དང་། དྲང་གཞག་འགྲན་སློང་གི་སྲིད་ཇུས་ལག་བསྟར་བྱེད་པར་སྐུལ་འདེད་གཏིང་ཟབ་གཏོང་བ། སྒེར་སྡེམ་ལ་ངོ་རྒོལ་དང་ཚུལ་མིན་གྱི་འགྲན་སློང་བྱེད་པ་ལ་ངོ་རྒོལ་བྱེད་ཤུགས་ཆེ་རུ་གཏོང་བ། དྲང་གཞག་གི་ལྟ་སྐུལ་དོ་དམ་ལ་བརྟེན་ནས་དྲང་གཞག་གི་འགྲན་སློང་འགན་ལེན་བྱ་དགོས། ཤེས་བྱའི་བདག་དབང་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་དབང་བའི་ལམ་ལུགས་ཀྱི་ཁེ་ལས་སྣ་ཚོགས་མཉམ་དུ་འཕེལ་རྒྱས་འགྲོ་བའི་ཁོར་ཡུག་བཟང་པོ་འཛུགས་སྐྱོང་བྱ་དགོས། གན་རྒྱའི་སྙིང་དོན་ཇེ་དྲག་ཏུ་བཏང་ནས་ངན་སེམས་ཀྱིས་མ་དངུལ་དུས་འགྱངས་ཆད་ལུས་དང་བུན་གཡོལ་བྱེད་སྤྱོད་བཅོས་སྐྱོང་ནུས་ལྡན་བྱ་དགོས།

གསུམ་ནས་གྲུབ་ཆའི་སྲིད་ཇུས་ཀྱིས་རྒྱལ་དམངས་དཔལ་འབྱོར་འཁོར་རྒྱུག་བདེ་བླག་ཡོང་བར་ཤུགས་སྣོན་དགོས། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་བར་རྒྱལ་ནང་གི་འཁོར་རྒྱུག་ཆེན་པོ་བདེ་བླག་ཡོང་བ་གཙོ་གནད་དུ་འཛིན་པ་དང་། མཁོ་སྤྲོད་ཀྱི་གཅུན་སྡོམ་འགག་གནད་ལས་སྒྲོལ་རྒྱུ་གཙོ་གནད་དུ་འཛིན་པ། ཐོན་སྐྱེད་དང་བགོ་འགྲེམས། འཁོར་རྒྱུག འཛད་སྤྱོད་བཅས་ཀྱི་གནད་འགག་ཐུག་ས་སོ་སོ་ཐོགས་མེད་ཡོང་རྒྱུ་གཙོ་གནད་དུ་འཛིན་དགོས། བཟོ་སྐྲུན་ལས་རིགས་ཀྱི་ལྟེ་བའི་འགྲན་སློང་ནུས་པ་ཆེ་རུ་གཏོང་བ་དང་། ཐོན་ལས་ཀྱི་རྨང་གཞི་བསྐྱར་སྐྲུན་ལས་གྲྭའི་ལས་གཞི་ཁག་གཅིག་ལག་བསྟར་བྱེད་མགོ་བཙུགས་ནས“ཆེད་ལས་དང་། ཞིབ་ཚགས། ཁྱད་ཆོས། དཔེ་གསར”བཅས་ཀྱི་ཁེ་ལས་འབོར་ཆེན་ཞིག་ཐོན་རྒྱུར་སྐུལ་མ་གཏང་དགོས། ཕྱི་ནང་འབྲེལ་མཐུད་དང་བདེ་འཇགས་ནུས་ཆེའི་ཟོག་འགྲེམས་དྲ་བ་གང་མགྱོགས་ཆགས་པར་བྱ་དགོས། གྲངས་འཛིན་ཅན་གྱི་སྒྱུར་བཀོད་མགྱོགས་སུ་བཏང་ནས་སྲོལ་རྒྱུན་ཐོན་ལས་ཀྱི་རིམ་སྤོར་ལ་སྐུལ་སྤེལ་གཏང་དགོས། ཁང་པ་ནི་སྡོད་ས་ཡིན་པ་ལས་འཚོང་རྒྱུ་དམིགས་ཡུལ་མིན་པའི་ངེས་གནས་མཐའ་འཁྱོངས་བྱེད་པ་དང་། སྔོན་དཔག་གི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ། འཕེལ་རྒྱས་གཏོང་སྟངས་གསར་པ་འཚོལ་ཞིབ་བྱེད་པ། བོགས་ཉོ་མཉམ་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ། ཡུན་རིང་བོགས་གཏོང་ཁང་པའི་ཁྲོམ་ར་འཕེལ་རྒྱས་མགྱོགས་སུ་གཏོང་བ། འགན་སྲུང་རང་བཞིན་གྱི་སྡོད་ཁང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། ཚོང་སྒྱུར་ཁང་པའི་ཁྲོམ་རས་ཁང་པ་ཉོ་མཁན་གྱི་ལུགས་མཐུན་གྱི་དགོས་མཁོ་དེ་བས་ལེགས་པའི་སྒོ་ནས་སྐོང་བར་རྒྱབ་སྐྱོར་བྱེད་པ། གྲོང་ཁྱེར་ལ་བསྟུན་ནས་སྲིད་ཇུས་ལག་བསྟར་བྱས་ཏེ་ས་ཁང་བདག་ཁོངས་ཐོན་ལས་ལེགས་ཕྱོགས་སུ་འཁོར་རྒྱུག་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏང་དགོས།

བཞི་ནས་ཚན་རྩལ་གྱི་སྲིད་ཇུས་དོན་འཁྱོལ་ཏན་ཏིག་བྱ་དགོས། ཚན་རྩལ་སྒྲིག་སྲོལ་བཅོས་བསྒྱུར་གྱི་ལོ་གསུམ་བྱ་སྤྱོད་ཀྱི་ཇུས་གཞི་ལག་བསྟར་བྱས་ཏེ་རྨང་གཞིའི་ཞིབ་འཇུག་གི་ལོ་བཅུའི་འཆར་འགོད་གཏན་འབེབས་དང་ལག་བསྟར་བྱ་དགོས། རྒྱལ་ཁབ་འཐབ་ཇུས་ཀྱི་ཚན་རྩལ་སྟོབས་ཤུགས་ཆེ་རུ་གཏོང་བ་དང་། རྒྱལ་ཁབ་ཀྱི་ཚོད་ལྟ་ཁང་གི་ནུས་པ་འདོན་སྤེལ་ཡག་པོ་བྱེད་པ། རྒྱལ་ཡོངས་ཀྱི་གཙོ་གནད་ཚོད་ལྟ་ཁང་བསྐྱར་སྒྲིག་བྱེད་པ། ཚན་རྩལ་ཞིབ་འཇུག་ཁང་གི་བཅོས་བསྒྱུར་ལ་སྐུལ་འདེད་གཏོང་བ་བཅས་བྱ་དགོས། ཁེ་ལས་ཀྱི་གསར་གཏོད་བྱེད་པོའི་གནས་བབ་ལ་ཤུགས་སྣོན་བརྒྱབ་ནས་ཐོན་སློབ་ཞིབ་གསུམ་ཟུང་འབྲེལ་གཏིང་ཟབ་བྱ་དགོས། ཚན་རྩལ་གསར་གཏོད་ཀྱི་ཁོར་ཡུག་འཐུས་ཚང་དང་ལེགས་སྒྱུར་བྱས་ཏེ། ཚན་རྩལ་ཞིབ་འཇུག་གི་སྤྱོད་ཚུལ་ཏན་ཏིག་ཆགས་པར་བྱ་དགོས། རྒྱལ་སྤྱིའི་ཚན་རྩལ་མཉམ་ལས་མུ་མཐུད་ནས་སྤེལ་དགོས།

ལྔ་ནས་བཅོས་བསྒྱུར་སྒོ་འབྱེད་ཀྱི་སྲིད་ཇུས་ཀྱིས་འཕེལ་རྒྱས་ཀྱི་སྒུལ་ཤུགས་ནུས་སློང་བྱ་དགོས། རྒྱུ་རྐྱེན་གཙོ་གནད་ཀྱི་ཁྲོམ་ར་ཅན་གྱི་བཀོད་སྒྲིག་དང་ཕྱོགས་བསྡུས་བཅོས་བསྒྱུར་ཀྱི་ཚོད་ལྟར་དམ་འཛིན་ཡག་པོ་བྱེད་པ་དང་། མ་རྐང་འཛིན་ཤོག་འགྲེམས་སྤེལ་ཐོ་འགོད་ལམ་ལུགས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། རྒྱལ་དབང་ཁེ་ལས་བཅོས་བསྒྱུར་ཀྱི་ལོ་གསུམ་བྱ་སྤྱོད་ཀྱི་ལས་འགན་ལེགས་འགྲུབ་བྱེད་པ། གློག་དྲ་དང་ལྕགས་ལམ་སོགས་རང་བྱུང་སྒེར་སྡེམ་ལས་རིགས་ཀྱི་བཅོས་བསྒྱུར་ལ་སྐུལ་འདེད་བརྟན་པོ་གཏང་དགོས། ས་གནས་ཀྱི་བཅོས་བསྒྱུར་ཧུར་སེམས་སྐོང་འཐེན་བྱས་ནས་ས་གནས་ཁག་གིས་ཡུལ་བབ་དང་བསྟུན་པ་དང་རང་འགུལ་གྱིས་བཅོས་བསྒྱུར་བྱེད་པར་སྐུལ་ལྕག་བྱ་དགོས། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བ་དང་། ལམ་ལུགས་ཅན་གྱི་སྒོ་འབྱེད་ལ་སྐུལ་འདེད་གཏོང་བ། ཕྱི་རྒྱལ་གྱི་མ་རྩ་བཏང་བའི་ཁེ་ལས་ཀྱི་རྒྱལ་དམངས་ཐོབ་ཐང་དོན་འཁྱོལ་ཡག་པོ་བྱེད་པ། ཕྱི་རྒྱལ་གྱི་ཁེ་ལས་དེ་བས་མང་པོ་ནང་འགུག་བྱས་ནས་མ་དངུལ་གཏོང་འཇོག་བྱས་ཤིང་། ཕྱི་རྒྱལ་གྱིས་མ་རྩ་བཏང་བའི་ལས་གཞི་གལ་ཆེན་དོན་འཁྱོལ་གང་མགྱོགས་བྱ་རྒྱུར་སྐུལ་འདེད་གཏང་དགོས། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏང་དགོས།

དྲུག་ནས་ས་ཁོངས་སྲིད་ཇུས་ཀྱིས་འཕེལ་རྒྱས་ཀྱི་དོ་སྙོམས་རང་བཞིན་དང་མཐུན་སྦྱོར་རང་བཞིན་ལ་ཤུགས་སྣོན་རྒྱག་དགོས། ས་ཁོངས་ཀྱི་འཐབ་ཇུས་གལ་ཆེན་དང་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ཀྱི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ནས་ཤར་རྒྱུད་དང་། དབུས་རྒྱུད། ནུབ་རྒྱུད། བྱང་ཤར་ས་ཁུལ་བཅས་ཀྱི་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏང་དགོས། གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་འཛུགས་སྐྲུན་བྱེད་པའི་སྤུས་ཚད་མཐོ་རུ་གཏང་དགོས།

བདུན་ནས་སྤྱི་ཚོགས་སྲིད་ཇུས་ཀྱིས་དམངས་འཚོའི་མཐའ་ཚད་བརྟན་པོ་སྲུང་དགོས། དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་འགན་སྲུང་ལ་སྤྱི་འདོམས་སྐུལ་འདེད་བཏང་ནས་རྒྱུན་སྡོད་ས་ཆར་གཞི་རྩའི་སྤྱི་པའི་ཞབས་ཞུ་མཁོ་འདོན་གྱི་ལམ་ལུགས་འཐུས་སྒོ་ཚང་དུ་གཏང་དགོས། མཐོ་སློབ་སློབ་ཐོན་སློབ་མ་སོགས་གཞོན་ནུའི་ལས་ཞུགས་གནད་དོན་ཐག་གཅོད་ཡག་པོ་བྱེད་པ་དང་སྟབས་བསྟུན་ལས་ཞུགས་དང་། ངལ་རྩོལ་མི་སྤྱོད། སྤྱི་ཚོགས་འགན་སྲུང་བཅས་ཀྱི་སྲིད་ཇུས་འཐུས་སྒོ་ཚང་དུ་གཏང་དགོས། གཞི་རྩའི་རྒན་གསོ་འགན་བཅོལ་རྒྱལ་ཡོངས་ཀྱིས་སྤྱི་འདོམས་བྱ་རྒྱུར་སྐུལ་འདེད་གཏང་དགོས། བུ་བཙའི་སྲིད་ཇུས་གསར་པ་དོན་འཁྱོལ་བྱས་ནས་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་གཏོང་བ་དང་མི་འབོར་ན་རྒས་ཅན་ལ་ཁ་གཏད་ཧུར་ཐག་གཅོག་དགོས།

ཚོགས་འདུའི་ཐོག་ངོས་འཛིན་བྱས་དོན།འཕེལ་རྒྱས་ཀྱི་དུས་རིམ་གསར་པར་སླེབས་སྐབས་རང་རྒྱལ་གྱི་ཕྱི་ནང་ཁོར་ཡུག་ལ་འགྱུར་ལྡོག་གཏིང་ཟབ་བྱུང་བ་དང་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གསར་པ་གལ་ཆེན་མང་པོར་འཕྲད་ཡོད་པས་ངོས་འཛིན་དང་བློ་གདེང་ཡང་དག་བྱ་དགོས།

ཐུན་མོང་དུ་ཕྱུག་པོར་འགྱུར་བའི་འཐབ་ཇུས་ཀྱི་དམིགས་འབེན་དང་ལག་ལེན་གྱི་ཐབས་ལམ་ལ་ངོས་འཛིན་ཡང་དག་དང་ཁོང་དུ་ཆུད་པར་བྱ་དགོས། རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འོག། སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་རྒྱུན་ཆད་མེད་པར་བཅིངས་འགྲོལ་དང་འཕེལ་རྒྱས་གཏང་དགོས་པ་དང་།སྤྱི་ཚོགས་ཀྱི་རྒྱུ་ནོར་རྒྱུན་ཆད་མེད་པར་གསར་སྐྲུན་དང་གསོག་འཇོག་བྱ་དགོས་ལ།མཐའ་གཉིས་སུ་གྱེས་པ་ལ་ཡང་སྔོན་འགོག་བྱ་དགོས། ཐུན་མོང་དུ་ཕྱུག་པོར་འགྱུར་བའི་དམིགས་འབེན་མངོན་འགྱུར་བྱ་དགོས་ན།ཐོག་མར་རྒྱལ་ཡོངས་མི་དམངས་ཀྱིས་ཐུན་མོང་དུ་འབད་བརྩོན་བྱེད་པར་བརྟེན་ནས་“སྒོ་ངའི་བག་ལེབ”ཆེ་ལ་ཡག་པོ་བཟོ་དགོས་པ་དང་།དེ་ནས་ལུགས་མཐུན་གྱི་ལམ་ལུགས་བཀོད་སྒྲིག་བྱེད་པར་བརྟེན་ནས་“སྒོ་ངའི་བག་ལེབ་”བགོས་བཤའ་ཡག་པོ་བརྒྱག་དགོས། འདི་ནི་དུས་ཡུན་རིང་པོའི་ལོ་རྒྱུས་ཀྱི་བརྒྱུད་རིམ་ཞིག་ཡིན་པས།གོམ་པ་བརྟན་པོའི་ངང་དམིགས་འབེན་འདིའི་ཕྱོགས་སུ་བསྐྱོད་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་ལས་ཞུགས་ཀྱི་སྔོན་ལ་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་ནས་དཔལ་འབྱོར་འཕར་རྒྱུའི་ལས་ཞུགས་ཀྱི་སྐུལ་ཁྲིད་ནུས་པ་ཆེ་རུ་གཏང་དགོས། བགོ་བཤའི་ནུས་པ་དང་ནུས་པ་འདོན་སྤེལ།རྩོལ་བསྟུན་ཐོབ་སྤྲོད་གཙོ་བོར་འཛིན་རྒྱུ་མཐའ་འཁྱོངས།རྒྱུ་རྐྱེན་གཙོ་བོ་ལྟར་བགོ་བཤའ་རྒྱག་པའི་སྲིད་ཇུས་འཐུས་ཚང་དུ་གཏོང་བ།ཁྲལ་བསྡུ་དང་།སྤྱི་ཚོགས་འགན་བཅོལ།གཏོང་སྤྲོད་སྤོ་བསྒྱུར་སོགས་ཀྱི་སྙོམས་སྒྲིག་བྱེད་ཤུགས་ཆེ་རུ་གཏང་དགོས། འདོད་མོས་ཡོད་ལ་ནུས་པ་ཡོད་པའི་ཁེ་ལས་དང་སྤྱི་ཚོགས་ཀྱི་ཚོགས་སྤྱི་སྤྱི་ཕན་དགེ་སྒྲུབ་བྱ་གཞག་ནང་ཧུར་ཐག་ཞུགས་པར་རྒྱབ་སྐྱོར་བྱ་དགོས། གང་ཐུབ་ཅི་ཐུབ་དང་ནུས་པས་ལྕོགས་ཚོད་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་སྤྱི་པའི་ཞབས་ཞུའི་སྲིད་ཇུས་དང་ལམ་ལུགས་མ་ལག་འཐུས་ཚང་དུ་བཏང་སྟེ་སློབ་གསོ་དང་།སྨན་བཅོས།རྒན་གསོ།སྡོད་ཁང་སོགས་མི་དམངས་མང་ཚོགས་ཀྱིས་དོ་ཁུར་ཆེ་ཤོས་བྱེད་པའི་ཁྱབ་ཁོངས་སུ་གནད་སྨིན་ངང་གཞི་རྩའི་སྤྱི་པའི་ཞབས་ཞུ་མཁོ་འདོན་བྱ་དགོས།

མ་རྩའི་ཁྱད་ཆོས་དང་བྱ་སྤྱོད་ཀྱི་ཆོས་ཉིད་ངོས་འཛིན་དང་བློ་གདེང་ཡང་དག་བྱ་དགོས། སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་ནི་གསར་གཏོད་རླབས་པོ་ཆེ་ཞིག་ཡིན་པས།སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་ཁྲོད་དུ་རྣམ་པ་འདྲ་མིན་སྣ་ཚོགས་ཀྱི་མ་རྩ་ཡོད་ངེས་ཡིན་པས།ཐོན་སྐྱེད་ཀྱི་རྒྱུ་རྐྱེན་གཙོ་བོ་ཡིན་པའི་མ་རྩའི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱ་དགོས་པའི་དུས་མཚུངས། དེའི་དགེ་མཚན་མེད་པའི་ནུས་པར་ཚོད་འཛིན་ནུས་ལྡན་ཡང་བྱ་དགོས། མ་རྩར“དམར་ལྗང་ཉེན་བརྡ”བཀོད་སྒྲིག་བྱེད་པ་དང་།ཁྲིམས་ལྟར་མ་རྩར་ལྟ་སྐུལ་དོ་དམ་ནུས་ལྡན་བྱེད་པར་ཤུགས་སྣོན་བརྒྱབ་སྟེ།མ་རྩ་གདུག་རྩུབ་ངང་འཚར་ལོངས་འབྱུང་བར་སྔོན་འགོག་བྱ་དགོས། མ་རྩ་ཚད་ལྡན་དང་སྐྱོན་བྲལ་ངང་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་དང་ཁྲིད་སྟོན་བྱེད་པ་དང་།སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་དཔལ་འབྱོར་ལམ་ལུགས་མཐའ་འཁྱོངས་དང་འཐུས་ཚང་དུ་གཏོང་བ།བློ་བརྟན་འགྱུར་མེད་ངང་སྤྱི་ལ་དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་སྲ་བརྟན་དང་འཕེལ་རྒྱས་གཏོང་བ།བློ་བརྟན་འགྱུར་མེད་ངང་སྤྱི་ལ་དབང་བར་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་བར་ལྕག་སྐུལ་དང་རྒྱབ་སྐྱོར།ཁྲིད་སྟོན་བཅས་བྱ་དགོས།

དམའ་རིམ་ཐོན་རྫས་མཁོ་སྤྲོད་འགན་སྲུང་བྱེད་པར་ངོས་འཛིན་དང་བློ་གདེང་ཡང་དག་བྱ་དགོས། གྲོན་ཆུང་སྔོན་ལ་འཇོག་རྒྱུ་མཐའ་འཁྱོངས་བྱས་ཏེ་ཕྱོགས་ཡོངས་ནས་གྲོན་ཆུང་གི་འཐབ་ཇུས་ལག་བསྟར་བྱ་དགོས། ཐོན་སྐྱེད་ཁྱབ་ཁོངས་སུ་ཐོན་ཁུངས་ཁྱོན་ཡོངས་ནས་གྲོན་ཆུང་དང་ཞིབ་བསྡུས།འཁོར་སྐྱོད་བེད་སྤྱོད་བཅས་བྱེད་པར་སྐུལ་འདེད་གཏང་དགོས། འཛད་སྤྱོད་ཁྱབ་ཁོངས་སུ་དམངས་ཡོངས་ཀྱི་གྲོན་ཆུང་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་།སྟབས་བདེ་འོས་འཚམ་དང་འབྱུང་འཕྲོད་ཐཱན་ཉུང་གི་འཚོ་བ་རོལ་སྟངས་དར་སྤེལ་གཏང་དགོས། རྒྱལ་ནང་གི་ཐོན་ཁུངས་ཐོན་སྐྱེད་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ་དང་།སྣུམ་རླངས་ལ་སོགས་པའི་ཐོན་ཁུངས་སྔོན་ཐོན་སྔོག་འདོན་ལག་རྩལ་གསར་སྤེལ་དང་བཀོལ་སྤྱོད་མགྱོགས་སུ་གཏོང་བ།གད་སྙིགས་བསྐྱར་འཁོར་བེད་སྤྱོད་མ་ལག་གང་མགྱོགས་འཛུགས་པ་བཅས་བྱ་དགོས། ཞིང་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་ཤུགས་ཆེ་རུ་གཏང་རྒྱུ་དེ་སྔར་བས་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས་ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ་དང་།འདེབས་འཛུགས་ལས་རིགས་དར་རྒྱས་གཏོང་བའི་བྱ་སྤྱོད་གཏིང་ཟབ་སྤེལ་བ།ཞིང་ལས་འཕྲུལ་ཆས་སྒྲིག་ཆས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ།འབྲུ་རིགས་འདེབས་མཁན་ཞིང་པའི་ལུགས་མཐུན་ཁེ་ཕན་འགན་ལེན་བཅས་བྱས་ནས་ཀྲུང་གོ་བའི་ལྟོ་ཕོར་དུས་ནམ་ཡིན་ཡང་རང་ཉིད་ཀྱི་ལག་ཏུ་བརྟན་པོ་འཛིན་དགོས།

གང་ཅིའི་འགན་འཁྲི་དོན་འཁྱོལ་ཏན་ཏིག་བཅས་བྱས་ཏེ།ཁེ་ལས་ཀྱི་རང་སྐྱོབ་བྱེད་པོའི་འགན་འཁྲི་ནན་དུ་གཏང་དགོས། ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་དངུལ་རྩར་ལྟ་སྐུལ་དོ་དམ་བྱེད་པའི་ལས་བྱེད་པའི་དཔུང་སྡེ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱག་དགོས། ཉེན་ཁ་སེལ་བར་ཐོན་ཁུངས་འདང་ངེས་ཡོད་དགོས་པ་དང་།ཉེན་ཁ་སེལ་བའི་སྲིད་ཇུས་ཞིབ་འཇུག་དང་གཏན་འབེབས་བྱ་དགོས་ཤིང་།ཡོངས་ཁྱབ་ཏུ་གཞོགས་འདེགས་བྱས་ནས་དངུལ་རྩའི་ཉེན་ཁ་ཐག་གཅོད་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་གཏང་དགོས།

ཐཱན་འཕེལ་ཐཱན་འདུས་བཏང་སྙོམས་ལ་ངོས་འཛིན་དང་བློ་གདེང་ཡང་དག་པ་བྱ་དགོས། ཐཱན་འཕེལ་ཐཱན་འདུས་ཁྲོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ནང་གནས་ཀྱི་བླང་བྱ་མངོན་འགྱུར་བྱེད་པར་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་གཏོང་དགོས་མོད།འོན་ཀྱང་འཐབ་ཐེངས་གཅིག་གིས་རྣམ་པར་རྒྱལ་བ་ཞིག་ཡོང་མི་སྲིད། རྒྱལ་ཡོངས་སུ་གཅིག་གྱུར་འཆར་འགོད་དང་གྲོན་ཆུང་དམིགས་བསལ་གྱིས་སྔོན་ལ་འཇོག་པ།འཁོར་ལོ་གཉིས་ཀྱིས་སྐུལ་འདེད་གཏོང་བ།ཕྱི་ནང་ཤར་བགྲོད།ཉེན་ཁ་སྔོན་འགོག་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱ་དགོས། སྲོལ་རྒྱུན་གྱི་ནུས་རྒྱུ་རིམ་བཞིན་ཕྱིར་འཐེན་བྱ་རྒྱུ་དེ་ནུས་རྒྱུ་གསར་པའི་ཉེན་མེད་དང་བློས་འགེལ་ཆོག་པའི་ཚབ་བྱེད་རྨང་གཞིའི་ཐོག་འཛུགས་དགོས། རྡོ་སོལ་གཙོ་བོར་བྱེད་པའི་རྒྱལ་ཁབ་ཀྱི་གཞི་རྩའི་གནས་ཚུལ་ལ་གཞི་ཚུགས་ནས་རྡོ་སོལ་དྭངས་གཙང་ནུས་ཆེའི་ངང་སྤྱོད་རྒྱུ་དམ་འཛིན་ཡག་པོ་བྱེད་པ་དང་།ནུས་རྒྱུ་གསར་པའི་བསྡུ་ཉར་གཙང་སེལ་ནུས་པ་ཆེ་རུ་བཏང་ནས་རྡོ་སོལ་དང་ནུས་རྒྱུ་གསར་པ་ལེགས་སྒྱུར་དང་སྡེབ་སྒྲིག་བྱ་རྒྱུར་སྐུལ་འདེད་གཏང་དགོས། འབྱུང་ཐཱན་ཉུང་ལག་རྩལ་འགག་སྒྲོལ་ལ་དམ་འཛིན་ནན་པོ་བྱ་དགོས། ཚན་རིག་དང་མཐུན་པའི་སྒོ་ནས་དཔྱད་ཞིབ་བྱས་ནས་བསྐྱར་སྐྱེས་ཐུབ་པའི་ནུས་ཁུངས་དང་མ་བཅོས་རྒྱུ་ཆའི་ནུས་ཁུངས་སྤྱོད་རྒྱུ་དེ་ནུས་ཁུངས་འཛད་སྤྱོད་བསྡོམས་འབོར་ཚོད་འཛིན་བྱེད་ཁོངས་སུ་མི་འཇུག་པ་དང་།ཆ་རྐྱེན་བསྐྲུན་ནས་ནུས་ཁུངས་ཟད་གྲོན“ཕྱོགས་གཉིས་ཚོད་འཛིན”ནས་ཐཱན་འབུད་བསྡོམས་འབོར་དང་དྲག་ཚད“ཕྱོགས་གཉིས་ཚོད་འཛིན”གྱི་ཕྱོགས་སུ་གང་མགྱོགས་བསྒྱུར་བ།བཙོག་ཉུང་ཐཱན་གཅོག་གི་བསྔགས་སྐུལ་ཚོད་འཛིན་ལམ་སྲོལ་གང་མགྱོགས་ཆགས་པ་བཅས་བྱས་ཏེ་སྟབས་བདེའི་རིམ་པ་རེ་རེ་བཞིན་དབྱེ་འབྱེད་མི་ཡོང་བར་བྱ་དགོས། ནུས་རྒྱུ་མཁོ་སྤྲོད་འགན་ལེན་བྱེད་པར་ཁེ་ལས་ཆེ་གྲས་དང་ལྷག་པར་དུ་རྒྱལ་དབང་ཁེ་ལས་ཀྱིས་སྣེ་ཁྲིད་དེ་མཁོ་སྤྲོད་འགན་ལེན་དང་རིན་གོང་བརྟན་པོ་ཡོང་བ་བྱ་དགོས། ནུས་རྒྱུའི་གསར་བརྗེར་སྐུལ་འདེད་གཏིང་ཟབ་བཏང་ནས་ནུས་རྒྱུའི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་ཇེ་མགྱོགས་སུ་གཏང་དགོས།

ཚོགས་འདུའི་ཐོག་བསྟན་དོན། “བརྟན་པོ་དྲུག”དང“འགན་ལེན་དྲུག”གི་ལས་དོན་དང་ལྷག་པར་དུ་ལས་ཞུགས་འགན་ལེན་དང་དམངས་འཚོར་འགན་ལེན་དང་ཁྲོམ་རའི་བྱེད་པོ་འགན་ལེན་མུ་མཐུད་ནས་ཡག་པོ་བྱས་ནས་དཔལ་འབྱོར་འཁོར་སྐྱོད་ལུགས་མཐུན་གྱི་བར་ཁྱོམས་རྒྱུན་འཁྱོངས་བྱ་རྒྱུར་དམིགས་ཏེ་སྤྱི་ཁོག་སྙོམས་སྒྲིག་ལ་ཤུགས་སྣོན་དང་ལེགས་སུ་གཏོང་བ་དང་།སྤྱི་ཁོག་སྲིད་ཇུས་དུས་འཁོར་ལས་བརྒལ་ནས་སྙོམས་སྒྲིག་བྱ་ཤུགས་ཆེ་རུ་གཏོང་བ།སྤྱི་ཁོག་སྙོམས་སྒྲིག་གི་རྒྱང་ལྟའི་རང་བཞིན་དང་དམིགས་སའི་རང་བཞིན་ཇེ་དྲག་ཏུ་གཏོང་བ་བཅས་བྱ་དགོས། ཁྲོམ་རའི་བྱེད་པོས་མི་དུང་ཕྱུར་མང་པོའི་ལས་ཞུགས་ལས་གཏོད་ཐེག་ཡོད། ཁྲོམ་རའི་བྱེད་པོ་ལ་ཁ་ཕྱོགས་པའི་ཁྲལ་འཕྲི་དངུལ་གཅོག་གསར་པ་མུ་མཐུད་ནས་ལག་བསྟར་བྱས་ཏེ་ཁོ་ཚོ་དང་ལྷག་པར་དུ་ཁེ་ལས་འབྲིང་ཆུང་དང་ཆེས་ཆུང་གྲས་དང་།ཁེར་རྐྱང་བཟོ་ཚོང་དུད་ཚང་གི་ཁུར་པོ་དང་དཀའ་ངལ་སེལ་རྒྱུ་དང་འཕེལ་རྒྱས་སླར་གསོ་ཡོང་རྒྱུར་རོགས་རམ་བྱ་དགོས། དངོས་གཞིའི་དཔལ་འབྱོར་ལ་མ་དངུལ་འདུ་འཁོར་བྱ་རྒྱུར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ཁེ་ལས་འབྲིང་ཆུང་དང་ཆེས་ཆུང་གྲས་ཀྱི་མ་དངུལ་འདུ་འཁོར་འཕར་ཚད་དང་།ཁྱབ་ཁྱོན་ཆེ་རུ་གཏོང་བ།རིན་གོང་གཅོག་པ་བཅས་ལ་སྐུལ་འདེད་གཏང་དགོས། གཙོ་གནད་ཚོགས་སྤྱིའི་ལས་ཞུགས་ལ་དམ་འཛིན་ཡག་པོ་བྱས་ནས་ལས་ཞུགས་ཀྱི་བྱ་ཐབས་དོན་འཁྱོལ་ཞིབ་ཕྲ་བྱ་དགོས། ནོར་ཤུགས་གཞི་རིམ་དུ་གཏོང་བར་སྐུལ་འདེད་དང་།གཞི་རིམ་སྲིད་གཞུང་གིས་ཁེ་ལས་ལ་རོགས་སྐྱོར་དང་དཀའ་ངལ་སེལ་རོགས་བྱེད་པའི་སྲིད་ཇུས་དང་གཞི་རྩའི་དམངས་འཚོར་འགན་ལེན་དང་གླ་ཕོགས་འགན་ལེན་དང་འཁོར་སྐྱོད་འགན་ལེན་བྱེད་པར་རྒྱབ་སྐྱོར་སྔར་ལས་ཡག་པོ་བྱ་དགོས། རྡོ་སོལ་དང་།གློག། སྣུམ་རླངས།སྐྱེལ་འདྲེན་སོགས་ཀྱི་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་གློག་ཤུགས་འདང་ངེས་མཁོ་འདོན་བྱ་རྒྱུར་སྐུལ་འདེད་གཏང་དགོས། གཙོ་གནད་ཁྱབ་ཁོངས་ཀྱི་བཅོས་བསྒྱུར་གཏིང་ཟབ་ཏུ་བཏང་ནས་ཁྲོམ་རའི་གསོན་ཤུགས་དང་འཕེལ་རྒྱས་ཀྱི་ནང་གནས་སྒུལ་ཤུགས་སྔར་བས་འཕེལ་བ་བྱེད་པ་དང་ཁྲོམ་ར་ཅན་གྱི་ལམ་སྲོལ་ལ་བརྟེན་ནས་ཁེ་ལས་ཀྱི་གསར་གཏོད་མ་འཇོག་ལ་སྐུལ་མ་གཏང་དགོས། དབང་བའི་ལམ་ལུགས་སྣ་མང་གི་དཔལ་འབྱོར་ཐུན་མོང་ཐོག་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་དང་།དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ཁོར་ཡུག་ལེགས་སུ་གཏོང་བ།ཚོང་རའི་གྲུབ་ཆ་གཙོ་བོ་རིགས་ཁག་གི་རྒྱུ་ནོར་བདག་དབང་དང་ཁྲིམས་མཐུན་ཁེ་དབང་ཁྲིམས་ལྟར་སྲུང་སྐྱོང་བཅས་བྱས་ཏེ་སྲིད་ཇུས་ལ་ཕྱོགས་རིས་མེད་པ་དང་འདྲ་མཉམ་གྱི་སྤྱོད་ཚུལ་འཛིན་དགོས། ཆུ་ཚད་མཐོ་བའི་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བ་དང་ཐབས་མང་མཉམ་སྤྱོད་ཀྱིས་ཕྱི་ཕྱོགས་ཉོ་ཚོང་བརྟན་པོ་ཡོང་བར་བྱེད་པ།ཐོན་ལས་འབྲེལ་ཐག་བརྟན་པོ་ཡོང་བར་འགན་སྲུང་བྱེད་པ།ཕྱི་རྒྱལ་གྱི་མ་དངུལ་འགུགས་ཤུགས་ཆེ་རུ་གཏོང་བ་བཅས་བྱ་དགོས།

གྲོས་ཚོགས་ཐོག་བླང་བྱ་བཏོན་དོན། རིམ་པ་ཁག་གི་ཏང་ཨུ་དང་སྲིད་གཞུང་།རིམ་པ་ཁག་གི་མགོ་ཁྲིད་ལས་བྱེད་པས་རང་རྟོགས་ཀྱིས་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་མཐུན་སྲུང་འཛིན་བྱས་ནས་ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་།ཆབ་སྲིད་རྟོགས་ནུས།ཆབ་སྲིད་ལག་བསྟར་བྱེད་ནུས་བཅས་ཇེ་དྲག་ཏུ་གཏོང་བ། ད་དུང་ངེས་པར་དུ་ལོ་རྒྱུས་ཀྱི་ཤེས་བྱ་སློབ་སྦྱོང་དང་རིག་གནས་ཀྱི་ནང་དོན་ཟབ་ཏུ་གཏོང་བ།སྐྱེ་ཁམས་ཀྱི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་བཅས་བྱས་ནས་བྱ་སྤྱོད་ཐོག་དོན་འཁྱོལ་བྱས་ནས་ཏང་གི་ལམ་ཕྱོགས་དང་བྱེད་ཕྱོགས།སྲིད་ཇུས་བཅས་ལག་བསྟར་དོན་འཁྱོལ་བྱེད་པའི་བྱ་སྤྱོད་ངོ་མའི་ཐོག་ནས་མཚོན་པ་བྱེད་པ།སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱ་སྤྱོད་ངོ་མའི་ཐོག་ནས་མཚོན་པ་བྱེད་པ།ཏང་ལ་དཀའ་ངལ་སེལ་རོགས་དང་རྒྱལ་ཁབ་ལ་འགན་འཁྲི་འཁུར་བ།མི་དམངས་ལ་བྱས་རྗེས་བཞག་པ་བཅས་ཀྱི་བྱ་སྤྱོད་དངོས་ཀྱི་ཐོག་ནས་མཚོན་པར་བྱ་དགོས།

ཚོགས་འདུའི་ཐོག་བསྟན་དོན། དཔལ་འབྱོར་ལས་དོན་ལ་མགོ་ཁྲིད་བྱེད་པར་ངེས་པར་དུ་ཕྱི་རོལ་ཡུལ་གྱི་དོན་དངོས་དང་མང་ཚོགས་ཀྱི་དགོས་མཁོར་བརྩི་འཇོག་བྱ་དགོས་པ་དང་། ངེས་པར་དུ་བརྒྱུད་རིམ་ལྡན་པའི་བསམ་གཞིག་དང་ཚན་རིག་དང་མཐུན་པའི་ཇུས་འགོད་བྱ་དགོས། མགོ་ཁྲིད་ལས་བྱེད་པས་དཔལ་འབྱོར་ལས་ཀར་མགོ་ཁྲིད་བྱེད་པའི་ཆེད་ལས་ཀྱི་འཇོན་ནུས་ཇེ་དྲག་ཏུ་གཏང་དགོས།དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་རྒྱུ་ནི་རྒྱུད་རིམ་ལྡན་པའི་ལས་དོན་ཞིག་ཡིན་པར་བརྟེན།ངེས་པར་དུ་ཆབ་སྲིད་དང་དཔལ་འབྱོར།དོན་དངོས་དང་ལོ་རྒྱུས།དངོས་པོ་དང་རིག་གནས།འཕེལ་རྒྱས་དང་དམངས་འཚོ།ཐོན་ཁུངས་དང་སྐྱེ་ཁམས།རྒྱལ་ནང་དང་རྒྱལ་སྤྱི་སོགས་ཕྱོགས་མང་པོའི་རྒྱུ་རྐྱེན་ལ་ཕྱོགས་བསྡུས་བསམ་གཞིག་བྱ་དགོས། མགོ་ཁྲིད་ལས་བྱེད་པས་དཔལ་འབྱོར་རིག་པའི་ཤེས་བྱ་དང་ཚན་རྩལ་ཤེས་བྱའི་སློབ་སྦྱོང་ལ་ཤུགས་སྣོན་རྒྱག་པ་དང་།ལྷག་པར་དུ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་གསལ་རྟོགས་ཐུབ་པ་བྱས་ཏེ་ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་མཐའ་འཁྱོངས་དང་།ལོ་རྒྱུས་ལ་གུས་ཤིང་སྐྲག་པ་དང་རིག་གནས་ལ་གུས་ཤིང་སྐྲག་པ།སྐྱེ་ཁམས་ལ་གུས་ཤིང་སྐྲག་པ།ཐབས་ཇུས་གཟབ་ནན་དང་དབང་ཆ་གཟབ་ནན་ངང་སྤྱོད་པ་བཅས་བྱ་དགོས། བརྟག་དཔྱད་ཞིབ་འཇུག་ལ་ཤུགས་སྣོན་བརྒྱབ་ནས“ནན་གསུམ་དྲང་གསུམ”མཐའ་འཁྱོངས་བྱས་ཏེ་སླ་བཅོས་དང་བྱ་བ་གང་བྱུང་དུ་སྒྲུབ་པར་མཐའ་གཅིག་ཏུ་སྔོན་འགོག་བྱ་དགོས་པར་མ་ཟད།འགན་འཁྲི་མི་འཁུར་བ་དང་བྱ་བ་མི་སྒྲུབ་པའི་རིགས་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱ་དགོས།

ཚོགས་འདུའི་ཐོག་ནན་གསུང་གནང་དོན། “ཕྱི་ནས་ཁྱབ་མཆེད་ཡོང་བ་དང་ནང་དུ་བསྐྱར་དུ་ཐོན་པར་སྔོན་འགོག་བྱ”རྒྱུ་མཐའ་འཁྱོངས་བྱས་ཏེ་ཚན་རིག་དང་མཐུན་པའི་ངང་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ཡག་པོ་བསྒྲུབ་དགོས། རྡོ་སོལ་དང་གློག། གློག་འཕྲིན།སྣུམ་རླངས་བཅས་སྐྱེལ་འདྲེན་འགན་ལེན་མཁོ་སྤྲོད་ལ་སྤྱི་འདོམས་བཀོད་སྒྲིག་ཡག་པོ་དགོས། འབྲུ་སྣུམ་དང་ཤ་ཚལ་སྒོང་གསུམ་དང་།འོ་མ།ཤིང་འབྲས་དང་སྔོ་ཚལ་སོགས་མཁོ་འདོན་རིན་གོང་བརྟན་པོ་ཡོང་བར་བྱ་དགོས། ཞིང་པ་ལས་མིར་གླ་ཕོགས་སྤྲོད་པར་འགན་སྲུང་དང་།ཉེན་མེད་ཐོན་སྐྱེད་དང་སྤྱི་པའི་བདེ་འཇགས་ལ་ཤུགས་སྣོན་བརྒྱག་དགོས། དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་པོ་སྐྱོན་ཅན་གྱི་ཨོ་རྩལ་འགྲན་ཚོགས་ཀྱི་ཞབས་ཞུའི་འགན་ལེན་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་ནས་སྟབས་བདེ་དང་།བདེ་འཇགས།ངོ་མཚར་བཅས་ཀྱི་ཨོ་རྩལ་འགྲན་ཚོགས་གཟབ་རྒྱས་ཤིག་གཉེར་རྒྱུའི་འགན་ལེན་བྱ་དགོས།

ཚོགས་འདུའི་ཐོག་ཏང་ཡོངས་ཀྱི་བློ་མཐུན་ཚོས་བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ནས“འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ་དང་།“གདེང་ཚོད་བཞི”བརྟན་དུ་གཏོང་བ།“སྲུང་སྐྱོང་གཉིས”བྱེད་ཐུབ་པ།ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་བེད་སྤྱོད་ཡག་པོ་བཅས་བྱས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བ་བྱས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་ཞེས་འབོད་སྐུལ་གནང་བ་རེད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་།ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི།རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་འབྲེལ་ཡོད་མགོ་ཁྲིད་བློ་མཐུན།རྒྱལ་དོན་ཨུ་ཡོན།ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་མགོ་འཛིན།ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་མགོ་འཛིན།རྒྱལ་ཡོངས་སྲིད་གྲོས་ཀྱི་འབྲེལ་ཡོད་མགོ་ཁྲིད་བློ་མཐུན་དང་དེ་བཞིན་ཀྲུང་དབྱང་དམག་ཨུའི་ཨུ་ཡོན་སོགས་ཚོགས་འདུར་ཞུགས་པ་རེད།

ཞིང་ཆེན་དང་།རང་སྐྱོང་ལྗོངས།ཐད་སྐྱོང་གྲོང་ཁྱེར།འཆར་གཞི་ལོགས་བཀོད་གྲོང་ཁྱེར།ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དཔུང་སྡེའི་ཏང་སྲིད་འགན་འཁུར་བློ་མཐུན་གཙོ་བོ་དང་།ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་དང་།འབྲེལ་ཡོད་མི་དམངས་ཚོགས་པ།ཀྲུང་དབྱང་གིས་དོ་དམ་བྱེད་པའི་དངུལ་རྩའི་སྒྲིག་གཞི་དང་ཁེ་ལས།ཀྲུང་དབྱང་དམག་ཨུ་ལས་ཁུངས་ཀྱི་སྡེ་ཁག་ཁག་གི་འགན་འཁུར་བློ་མཐུན་གཙོ་བོ་སོགས་ཚོགས་འདུར་ཞུགས་ཡོད། །

( ཞིན་ཧྭ་གསར་འགྱུར་ཁང་ནས་གློག་འཕྲིན་འབྱོར་བར་གཞིར་བཟུང་།)


  • ལེ་ཚན་སྔོན་མ།:2021ལོའི་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་འགྲོ་བ་མིའི་ཐོབ་ཐང་གི་གླེང་སྟེགས་པེ་ཅིང་དུ་འཚོགས་པ།
  • ལེ་ཚན་རྗེས་མ།:ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པ།
  • དོ་སྣང་ཆེ་བའི་རྩོམ།