ངག་རིག་དབྱངས་ཀྱི་རྒྱང་གླུ།

        2021-12-15

ཚིག་གི་མགྲིན་དབྱངས་ཁྱེར་བའི་བརྡ་ཐབས་ལ། །

ཚོར་འདུ་ངག་རིག་འདྲེན་པའི་མཚོ་བྱུང་མ། །

རྗེས་ཆགས་དད་པའི་མཆོད་སྤྲིན་རིང་མོ་འདི། །

ཟག་མེད་དབྱངས་ཀྱི་སྙན་དབྱངས་སྲུང་གྱུར་ཅིག །

ཤེས་བྱའི་པད་ཚལ་རྒྱས་པའི་དཀྱིལ་འཁོར་ལ། །

སྲིད་ཞི་ངག་གི་ལང་ཚོར་འགུགས་པའི་ལྷ། །

རིག་བྱེད་ངག་གི་དིང་གླིང་ཁེར་འབུད་ལ། །

ཀུན་རྟོག་སྣང་བའི་འཆར་ཡན་གླུ་རུ་སྩོལ། །

ངག་རིག་དྲི་བཞོན་གསར་བའི་ཡང་སྟེང་ན། །

བརྩེ་ཆེན་མེ་ཏོག་རྟེན་འབྱུང་ཚོགས་སུ་གྲུབ། །

རྨད་བྱུང་ཚིག་གི་བར་བྱེད་དཀྲོལ་བའི་ཚེ། །

ཚངས་སྲས་བུ་མོ་མགྲིན་པའི་སྙིང་གར་ཏིག །

ཟབ་ཡངས་ངག་གི་རིག་བྱེད་གདངས་ཆ་འདི། །

ཟབ་རྒྱས་སྙན་པའི་སྒྲ་ལ་ཉེར་དྲངས་ནས། །

ཟབ་གནད་གླུ་རུ་གྱེར་བའི་ཆོ་ག་འདི། །

མི་ཕྱེད་དད་པའི་མཆོད་ཡོན་ཁྱེད་ལ་སྤྲིངས། །

གང་གི་བརྩེ་བའི་སྙན་པའི་མགུལ་རྒྱན་འདི། །

རྣམ་དག་ལས་ཀྱི་མེ་ལོང་ཡངས་པའི་ངོགས། །

ཡིད་འོང་པད་དཀར་འཛུམ་པའི་གདན་ཁྲི་ལ། །

མཐོང་གྲོལ་ངག་གི་མཚན་མ་གྲོལ་གྱུར་ཅིག །

མཁྱེན་དཔྱོད་ཟླ་བ་གཞོན་ནུ་མཁའ་ཡངས་ལ། །

དགེ་ལེགས་སྣང་བའི་རོལ་རྩེད་ཅི་དགར་འཇོ། །

ཚོགས་གཉིས་ལས་སྐལ་འཇོ་བའི་གྲུ་གཟིངས་སུ། །

དབྱངས་ཀྱི་ལྷོད་ཆ་ཕྲེང་བས་འགུལ་དུ་དཔྱངས། །

ཐུགས་རྗེའི་ཟེགས་མ་འཐོར་བའི་རང་གཟུགས་ལ། །

བྱིན་རླབས་བྱེ་བའི་མདངས་བརྒྱ་གྲོལ་བའི་ལྷ། །

ཚིག་སྦྱོར་ཆུ་གཏེར་འདྲ་བའི་རླབས་མཚོ་ལ། །

འདུ་བྲལ་རྣམ་རྟོག་ཡིག་རིས་ངོས་སུ་འཁྱུག །

བརྩེ་ཆེན་འོད་སྣང་སྦྱིན་པའི་སྣང་མཐའ་ལ། །

ཤེས་བྱའི་པད་ཚལ་རྒྱས་པའི་ཁང་བཟང་དུ། །

ཞི་བའི་ཏིང་འཛིན་ཐོབ་པའི་རྣམ་འབྱོར་མ། །

དམ་ཚིག་ལས་ཀྱི་མདུད་པ་མི་འབྲལ་ཤོག །

སྣང་བའི་སྒྱུ་མ་རྟོག་ཚོགས་ངག་ལ་དྲངས། །

རྗེས་ཆཊ་བརྩེ་དགའ་ཡིད་ཀྱི་འཁྲིས་སུ་ལྡང་། །

དབྱངས་རྟ་ལྷོད་པོ་ཞི་བའི་ཚིག་ལ་གྲོལ། །

ངག་རིག་དབྱངས་ཅན་ལྷ་མོའི་ཚུར་དུ་བྱོན། །

རྟོག་འགྱུ་གྱ་གྱུ་ཚོར་བའི་ཤུགས་ལ་ལེན། །

དེ་བཞིན་ཉིད་ཀྱི་རྒྱུ་སྐུད་བསྣུན་པའི་ཚེ། །

གཉིས་འཛིན་སྣང་བ་མེ་ལོང་ངོས་སུ་འཆར། །

སྤྲོས་འཛིན་ལྷ་མོ་ཞི་བའི་དབྱངས་ལ་གཟིམས། །

ཚིག་གི་ཟློས་གར་ཅི་དགར་བཞད་པ་ན། །

སྙན་ཚིག་ནཊ་ཀྱི་ཚལ་ཆེན་གཡོ་བར་བྱེད། །

རྟོགས་སྣང་ལས་ཀྱི་འགྱུ་བ་རེས་མོ་འདི། །

ངག་ལ་འཐོར་བའི་ཆོ་འཕྲུལ་འདི་དག་ཡིན། །

ཚོཊ་དྲུག་ཟེགས་མ་ཡིད་ཀྱི་གོས་སུ་བཀླུབས། །

སེམས་སུ་འཆར་བའི་རྡུལ་ཕྲན་ཆ་ཤས་དེའི། །

བརྩེ་དགའི་ལྷ་མོའི་རང་འོད་རྣམ་པར་གསལ། །

དབྱངས་ཀྱི་བརྡ་གླུ་འཁྲོལ་བའི་ཚངས་སྤྱོད་མ། །

ཚིག་གི་རབ་བྱེད་བཏགས་པའི་རྗེས་ཤུལ་ནས། །

རབ་མཛེས་པདྨའི་སྐྱེད་ཚལ་ཡངས་པ་ནས། །

ཏིང་འཛིན་སྣང་བ་ཞི་བའི་རླབས་ཀྱི་བསྒུལ། །

ཚིག་གི་དྲིལ་ཆུང་རོལ་མོའི་དབྱངས་ལ་སིམ། །

བལྟ་བས་མི་ངོམ་མཛེས་པའི་ཚུལ་དུ་རྒྱུ། །

ཚེམས་ཀྱི་ཕྲེང་བ་རྒོད་པའི་ཡིད་འཕྲོག་མ། །

མི་ཕྱེད་དད་པའི་མེ་ལོང་གཙང་མའི་ངོས། །

མ་བྲིས་ཡིད་ལ་གསལ་བའི་ཡིད་འོང་མ། །

མ་རྣམས་འགྲོ་བའི་ཡུལ་དུ་འགྱིང་བ་ནས། །

མ་མ་དབྱངས་ཅན་དགྱེས་པའི་ངག་འདི་སྩོལ། །

མགྲིན་པའི་རྩེ་འཇོ་བསྲིངས་བའི་གར་ལ་རོལ། །

ཚོར་འདུ་སྤྲིན་གྱི་འདུ་ལུང་རབ་ཏུ་འཁྲིགས། །

བརྩེ་ཆེན་ལྷ་མོའི་རང་སྣང་ཞི་བར་མཇལ། །

མཁྱེན་དང་བརྩེ་བའི་འཛུམ་པའི་རེས་ངོག་ལ། །

མཛེས་འཛུམ་དུང་གི་ཟླ་བ་འཁྱུད་པ་ཡི། །

རྣམ་རྟོག་འཁྲི་ཤིང་གསར་བའི་ཡངས་སྟེང་ལ། །

ངག་རིག་དབྱངས་ཀྱི་དྲི་བཞོན་འཐོར་བར་བྱེད། །

སྙན་ངག་སྲོག་གི་རྣམ་རྟོག་ཞུགས་པར་ཤོག །

༼ ཁམས་པ་རབ་དབྱངས། ༽

  • ལེ་ཚན་སྔོན་མ།:མགུལ་རྒྱན།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།