དགུན་ཁ།

        2021-12-15

རྒྱུ་མཚན་ཅི་ཞིག་གིས་ཡིན་པ་ང་ལ་ཡང་གསལ་བོ་བཤད་རྒྱུ་མེད།གང་ལྟར་དུས་ཚིགས་འདི་ནི་ངའི་སེམས་ཀྱི་ཞིང་སར་ཉར་བའི་ལེའུ་ཞིག་གི་མགོ་རྔ་ཡིན་པས།དུས་རྒྱུན་ང་ལ་བློས་མི་ཐོང་བ་ལྟ་བུའི་སེམས་གཞས་ཤིག་གིས་དུས་ཡུན་འདི་ལ་འཐམ་དུ་བཅུག་བྱུང་།

ནམ་རྒྱུན་དུས་ཚིགས་འདི་སླེབས་དུས་ནི་ང་རང་ཆེས་ཁོམ་ལོང་དང་བག་ཕེབས་ཀྱི་འཚོ་བའི་མེ་ལོང་ཞིག་ལ་འཇུ་བའི་གོ་སྐབས་མོད་པས།དུས་ཚོད་འདི་ལ་རེ་ཞིང་སྒུག་པ་ཁྱོད་ཚོའི་ཕར་བལྟས་པ་ཙམ་གྱིས་ཤེས་སྲིད་པ་ཞིག་ག་ལ་ཡིན།ལོ་རེར་དགུན་གནང་གི་སྐབས་སུ་ཕ་ཡུལ་དུ་ལོག་ཐེངས་རེ་རེར།སེམས་ལ་སྨྲ་མི་ཤེས་པའི་ཚོར་བ་སྣུམ་པོ་ཞིག་ངམ་ངམ་ཤུགས་ཀྱིས་སེམས་སུ་འཁྱིལ་བྱུང་།དེ་ནི་རང་གི་ནང་ཚགས་དང་ཕ་ཡུལ་གྱི་དགུན་ཁ་ལ་དགའ་བ་དང་དུང་བ་བླ་ལྷག་ཅིག་ཡོད་པའི་རྐྱེན་གྱིས་ཡིན་སྲིད་ལ།ཡིད་ཀྱི་གཏིང་རིམ་དུ་དྲོད་ཤ་མ་ཡལ་བའི་དུས་ཚུགས་འདིའི་མཛེས་པ་སྐྱེན་པོ་དེ་ཞུགས་ཡོད་པས་དབང་གིས་ཡིན་ཡང་ངེས།

དགུན་གཞུང་རིང་མོ་འདིའི་ཉིན་སྲུབ་བར་ན་ང་དང་ངའི་ཕ་ཡུལ་བར་གྱི་གཏམ་རྒྱུད་སྨུག་པོ་ཞིག་ལྷོད་ཀྱིས་ཆགས་ཡོད་ལ།རི་ཆུ་ཐང་གསུམ་གྱི་མཛེས་པའི་མེ་ལོང་ངོས་སུ་བྱིལ་བྱིལ་བྱེད་པའི་བསམ་གཞིག་ཞིག་ཀྱང་ངང་གིས་ཚེས་འདུག།འདི་ནི་ངའི་སྲང་བར་ནས་འཚོལ་བའི་ཆར་རྗེས་ཀྱི་བརླན་ས་མ་ཡིན་པར།སེམས་ཀྱིས་དད་པའི་འཇའ་ཚོན་ཡིན་ལ།དོ་ཟླ་བྲལ་བའི་དགུན་གྱིས་རང་མདངས་རྫིག་པོ་འདིའི་གཟི་ཉམས་ལ་དགའ་ཞིང་གུས་པའི་དུང་ཞེན་ལྷག་མ་ཞིག་ཀྱང་མིན་ག་ལ་སྲིད།

༢༠༡༠ལོ་ནས་བཟུང་ང་རང་ཕ་ཡུལ་དང་གྱེས་མགོ་བརྩམས་པས།ཕ་ཡུལ་ནས་དགུན་ཁ་ལ་རོལ་བའི་གོ་སྐབས་ཀྱང་རིམ་གྱིས་ཇེ་ཉུང་དུ་བུད་སོང་།ཡུལ་གཞན་ཞིག་ནས་དགུན་ཁ་བསྐྱལ་དུས།སེམས་ཀྱི་སྨུག་སྤྲིན་ནམ་ཡང་ཕ་ཡུལ་ལ་གྱི་རི་ཚོགས་ཤོར་འགྲོ་བས།ཕ་ཡུལ་ཞེས་པ་འདི་དང་།དགུན་ཁ་ཞེས་པ་འདི་ནི་གཏིང་རིང་བརྟན་བརླིང་གིས་སྒལ་ཚིགས་ཞིག་དང་འདྲ་བར་ངའི་དྲན་པའི་རྩིག་ངོས་སུ་རྟག་བརྟན་གྱིས་བཀལ་འདུག།འདི་ནི་འུ་ཅག་སུ་ཡིན་ཡང་ནང་སེམས་སུ་དགའ་བ་ཞེས་པའི་མིང་འདིའི་འབྱུང་རྐྱེན་དུ་གྱུར་བའི་རྒྱུ་ཉག་ཅིག་ཡིན་ལ།འདི་ནི་མེས་པོ་སུ་ཡི་གནང་བ་མིན་ལ་ཕ་མ་གང་གིས་བསྩལ་བ་མ་རེད།

ཏག་ཏག་དགུན་ཁ་ནི་ཡིག་འབྲི་རྐྱང་རྐྱང་གིས་མཚོན་ཐབས་བྲལ་བ་ཞིག་རེད་ཅེས་བརྗོད་ན།སྐུ་ཉིད་མི་རློམ་ཀྱང་སྲིད།གལ་ཏེ་ཁྱེད་རང་དགུན་ཁ་ལ་དགའ་ཞིང་དུང་བ་ཡོད་མཁན་ཞིག་ཡིན་ཚེ།རང་སེམས་ཀྱི་མཁའ་དབྱིངས་ངོས་སུ་དགུན་གྱི་ཁ་དོག་སྣུམ་པོ་ཞིག་ངམ་ངམ་ཤུགས་ཀྱིས་འཆར་ཡོད་ངེས་ལ།འཚོ་བའི་སྲིབ་ངོས་ནས་ཅི་ཞིག་གླེང་ཡང་དུས་ཚིགས་འདི་མེད་ཐབས་མེད་པ་ལྟ་བུ་ཞིག་ཆགས་ཡོད་སྲིད།ཁྱེད་དང་དགུན་ཁ་བར་གྱི་གཏམ་རྒྱུད་ཀྱང་འདི་འདྲ་ཞིག་ཡིན་ངེས་ལ།ང་དང་དགུན་ཁ་བར་གྱི་གཏམ་རྒྱུད་ཀྱང་དེ་ལས་མ་འདས་སོ།།

རྩོམ་པ་པོ། གངས་སྨྱུག།

རྩོམ་སྒྲིག་པ། མགར་རྒྱལ་སྲས།


  • ལེ་ཚན་སྔོན་མ།:ཅི་ཡིན་ཆ་མ་མཆིས་པའི་འཕྲིན་པ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།