བོད་ཀྱི་སློབ་འབྲིང་སློབ་མའི་ཀུན་སྤྱོད་སློབ་གསོའི་སྐོར་རགས་ཙམ་གླེང་བ།

        2021-12-13

༼ ནང་དོན་གནད་བསྡུས།༽ འདིར་གཙོ་བོ་བོད་ཀྱི་སློབ་འབྲིང་སློབ་མའི་ཀུན་སྤྱོད་སློབ་གསོའི་གལ་ཆེའི་རང་བཞིན་བརྗོད་ནས་སློབ་མའི་ཀུན་སྤྱོད་ངན་པར་འགྲོ་བར་ཁྱིམ་ཚང་གི་ཐེབས་པའི་ཤུགས་རྐྱེན་རགས་ཙམ་བརྗོད་ཡོད།

༼ བརྡ་ཆད་གཙོ་བོ།༽ ཀུན་སྤྱོད་སློབ་གསོ། ཁྱིམ་ཚང་། སློབ་མ།

གླེང་གཞི།

སེམས་ཁམས་རིག་པའི་ཆེད་མཁས་པ་ཚོས་མི་ནར་སོན་པའི་གོ་རིམ་ནི་མི་ལ་ཀུན་སྤྱོད་དང་མི་གཤིས་ཆགས་པའི་གོ་རིམ་ཞིག་རེད་ཅེས་བསྟན་པ་ལྟར་མི་ཞིག་ལ་གཤིས་རྒྱུད་ཀུན་སྤྱོད་བཟང་པོ་ཞིག་ཆགས་དགོས་ཚེ།གཤིས་རྒྱུད་ཆགས་པའི་དུས་ཚིགས་དམ་འཛིན་བྱེད་དགོས།འོ་ན། གཤིས་རྒྱུད་དེ་ཆགས་པའི་དུས་ཚིགས་ནི་བྱིས་པ་ནར་མ་སོན་པ་ནས་མགོ་བརྩམ་དགོས། དེའི་ཕྱིར་སློབ་གྲྭ་དང་། སྤྱི་ཚོགས། ཁྱིམ་ཚང་སོགས་གང་ཡིན་རུང་སློབ་གསོའི་ཁ་ཕྱོགས་དེ་གཙོ་བོ་མི་གཞི་ཀུན་སྤྱོད་ཀྱི་སྟེང་ཏུ་འཇོག་པ་ཧ་ཅང་གལ་ཆེའོ།།

དང་པོ། ཀུན་སྤྱོད་སློབ་གསོའི་གལ་ཆེའི་རང་བཞིན།

༡ ཀུན་སྤྱོད་སློབ་གསོའི་གོ་དོན།

ཀུན་སྤྱོད་སློབ་གསོ་ལ་སྒྲ་ཡངས་འཇུག་དང་དོག་འཇུག་གཉིས་ཀྱི་གོ་དོན་ཡོད་དེ།དེ་ཡང་སྒྲ་ཡངས་འཇུག་གི་ཀུན་སྤྱོད་སློབ་གསོ་ནི་དམིགས་ཡུལ་ཡོད་པ་དང་འཆར་གཞི་ལྡན་པའི་སྒོ་ནས་སྤྱི་ཚོགས་ཀྱི་མི་ཡོད་དོ་ཅོག་ལ་ཆབ་སྲིད་དང་བསམ་བློ། ཀུན་སྤྱོད་སོགས་ཕྱོགས་གང་ཅིའི་ཐད་ནས་ཤུགས་རྐྱེན་ཐེབས་པ་ལ་ཟེར།སྒྲ་དོག་འཇུག་གི་ཀུན་སྤྱོད་སློབ་གསོ་ནི་གཙོ་བོ་སློབ་གྲྭའི་ཀུན་སྤྱོད་སློབ་གསོ་ལ་གོ་སྟེ།དེ་ཡང་སློབ་གྲྭའི་ཀུན་སྤྱོད་སློབ་གསོ་ནི་སློབ་གསོ་མཁན་གྱིས་སྤྱི་ཚོགས་སམ་གྲལ་རིམ་མི་འདྲ་བའི་རེ་འདུན་ལྟར་དམིགས་ཡུལ་ཡོད་པ་དང་འཆར་གཞི་ལྡན་པའི་སྒོ་ནས་སློབ་གསོ་མྱོང་མཁན་ལ་བསམ་བློ་ཀུན་སྤྱོད་དང་རིག་གནས།ཆབ་སྲིད་སོགས་ཀྱི་ཐད་ནས་ཤུགས་རྒྱག་པ་དང་སློབ་གསོ་མྱོང་མཁན་གྱིས་ཧུར་བརྩོན་གྱིས་དེར་ངོས་འཛིན་དང་ལག་ལེན་སོགས་བརྒྱུད་ནས་སྤྱི་ཚོགས་ལ་མཁོ་བའི་ཀུན་སྤྱོད་སློབ་གསོའི་བྱ་འགུལ་སྤེལ་བ་དང་སློབ་གསོ་མཁན་གྱིས་དམིགས་ཡུལ་ཡོད་པའི་སྒོ་ནས་སློབ་གསོ་མྱོང་མཁན་གྱི་ཀུན་སྤྱོད་གསོ་སྐྱོང་བྱེད་པའི་བྱ་འགུལ་ཞིག་ལ་ཟེར།

༢ ཀུན་སྤྱོད་སློབ་གསོའི་གལ་ཆེའི་རང་བཞིན།

ས་སྒང་གོ་ལ་འདིའི་སྟེང་འཚོ་ཞིང་གནས་པའི་མིའི་རིགས་ཀྱི་སློབ་གསོ་ཀུན་གྱི་རྩ་བའམ་གཞི་དེ་གང་ཡིན་ཟེར་ན། དེང་རབས་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་ལ་དར་ཁྱབ་ཆེ་བའི་རྒྱུགས་དམིགས་སློབ་གསོ་དང་སློབ་མར་འཇིགས་སྐུལ་བྱེད་པའི་དབྱུག་པའི་སློབ་གསོ་དེའང་མ་ཡིན་པར། ཡོད་ན་གཅིག་ཆོག་མེད་ན་ཐབས་ཆག་གི་སློབ་གསོ་ནི་མི་གཞི་དང་ཀུན་སྤྱོད་ཀྱི་སློབ་གསོ་འདི་ཡིན་པར་འདོད།མི་ཞིག་གི་ཀུན་སྤྱོད་དམ་མི་གཤིས།མི་གཞི་བཟང་ངན་ནི་མི་རང་རང་གི་འཚོ་གནས་དང་མདུན་ལམ་ལ་འབྲེལ་བ་དམ་པོ་ཡོད་པར་མ་ཟད། སྤྱི་ཚོགས་ཧྲིལ་བོའི་དར་རྒུད་དང་རྒྱལ་ཁབ་ཀྱི་དར་རྒུད་ལ་རག་ལས་ཡོད་པས།རྒྱལ་ཁབ་ཀྱིས་ཀུན་སྤྱོད་སློབ་གསོ་གཙིགས་ཆེན་དང་སྤྱི་ཚོགས་ཧྲིལ་བོའི་དོ་སྣང་བྱེད་ཡུལ་དུ་གྱུར་པ་རེད།

གཉིས་པ། སློབ་མའི་སྤྱོད་པ་ངན་པར་འགྲོ་བར་ཁྱིམ་ཚང་གིས་ཐེབས་པའི་ཤུགས་རྐྱེན།

དྲིན་ཆེན་ཕ་མ་ཞེས་པ་དེ་ཡང་གཙོ་བོ་མི་ཇི་ལྟར་བྱེད་ཚུལ་གྱི་གནས་ལུགས་ཁྲིད་མཁན་གྱི་དགེ་རྒན་ཨང་དང་པོ་ཡིན་པ་དང་།ཁྱིམ་ཚང་དེ་ཡང་འཇིག་རྟེན་སྟེང་གི་སློབ་གྲྭ་ཨང་དང་པོ་ཡིན་པས་བཀའ་དྲིན་གྱི་གཙོ་བོ་དེ་ནས་བྱུང་བ་ཡིན།དེང་སྐབས་ཕ་མ་མང་པོ་ཞིག་གིས་རང་གི་ཤ་ཁྲག་ལས་མཆེད་པའི་བུ་ཕྲུག་གཅེས་མ་ཤེས་པར་ངན་ལོང་དུ་བཏང་ནས་བྱིས་པ་གང་མང་ཞིག་ལ་ཆུང་དུས་ནས་ཀུན་སྤྱོད་བཟང་བོ་མ་ལྡན་པར་རང་གི་མདུན་ལམ་བརླགས་པ་དང་།རང་གི་ཕ་མ་ལོ་ལོན་གཉོར་སྐྱོང་མི་བྱེད་མཁན།ཕ་མ་དང་སྤུན་ཟླའི་ཚེ་སྲོག་ལ་ཉེན་ཁ་སྟེར་མཁན།ཁྲེལ་མེད།བསམ་ངན་སྤྱོད་རྩུབ་ཅན་མི་ཉུང་བ་ཞིག་སྤྱི་ཚོགས་འདིར་གནས་ཡོད་པ་རེད།དེ་དག་མང་ཤོས་ཤིག་ཁྱིམ་ཚང་གི་སློབ་གསོ་ལེགས་པོ་ཞིག་མ་ཐོབ་པའི་རྐྱེན་དང་འབྲེལ་བ་དམ་ཟབ་ཡོད།

༡ སློབ་གསོ་ཕལ་བར་བཞག་པའི་རྣམ་པ།

འདིའི་གྲས་སུ་གཏོགས་པའི་ཕ་མ་རྣམས་ཀྱིས་གཙོ་བོ་བྱིས་པ་གཉོར་རྒྱུ་གཙོ་བོ་བྱས་ནས་བྱིས་པའི་ཕྱི་དངོས་པོའི་དགོས་མཁོ་བསྐང་རྒྱུ་གཙིགས་ཆེན་དུ་བཟུང་ནས་བྱིས་པའི་ནང་བསམ་བློ་དང་ཀུན་སྤྱོད་ལེགས་པོ་གསོ་སྐྱོང་བྱ་རྒྱུ་སྣང་མེད་དུ་བཞག་པ་རེད། ཁོ་ཚོའི་བསམ་པར་བྱིས་པ་ད་དུང་ལོ་ན་ཕྲ་བས་དེ་འདྲའི་རེ་བ་ནན་མོ་འདོན་མི་དགོས་པར་ནར་སོན་ཚེ་རང་བཞིན་གྱིས་མི་བཟང་བོ་ཞིག་ཏུ་འགྱུར་སྲིད་པའམ་ཡང་ན་སློབ་གསོའི་བྱ་བ་ནི་སློབ་གྲྭའི་བྱ་བ་མ་གཏོགས་ཁྱིམ་ཚང་དང་འབྲེལ་བ་མེད་པ་ལྟ་བུའི་ནོར་འཁྲུལ་གྱི་བསམ་བློ་ཡིས་བྱིས་པ་མང་པོ་ཞིག་རང་སྣང་གང་དྲན་དང་རང་མཐོ་རང་ཆེ།ཆེ་གུས་ཆུང་བྱམས་ཀྱི་གུས་ལུགས་མི་ལྡན་པ།ཁྲིམས་མེད་ལུགས་མེད་ཀྱི་གོམས་གཤིས་ཆགས་པའི་རྒྱུ་རུ་གྱུར་ནས་ལྡོག་ཐབས་མེས་པའི་མཇུག་འབྲས་ངན་པ་བྱུང་དང་འབྱུང་བཞིན་ཡོད།

༢ ངན་ལང་དུ་གཏོང་དྲགས་པའི་རྣམ་པ།

འདིའི་གྲས་སུ་གཏོགས་པའི་ཕ་མ་རྣམས་ཀྱིས་བྱིས་པ་ལ་སློབ་གསོ་གཏང་དགོས་པ་དང་སློབ་གསོའི་ཆོས་ཉིད་དང་སློབ་གསོ་གཏོང་ཐབས་ཅུང་ཟད་ཤེས་ཡོད་མོད།གཅན་རོང་བསྟན་འཛིན་གྱིས་བརྩམས་པའི་སློབ་གསོའི་ཐབས་ལམ་རྣམ་བཤད་ལས“རང་གི་བྱིས་པ་ལ་ཤ་མི་ཚ་བའི་ཕ་མ་ཆེས་ཉུང་ལ།ཤ་ཚ་ཤེས་པའི་ཕ་མ་དེ་བས་ཀྱང་ཉུང་།” ཞེས་པ་ལྟར།ཕ་མས་རང་གི་བུ་ཕྲུག་གཅེས་མ་ཤེས་པར་ངན་ལང་དུ་གཏོང་བའི་གནས་ཚུལ་ཧ་ཅང་མང་།རྒྱུན་ལྡན་གྱི་སློབ་གསོ་གཏོང་བའི་གོ་རིམ་ཁྲོད་ཕ་མས་བྱིས་པས་བཏོན་པའི་དངོས་པོའི་སྟེང་གི་རེ་བ་ཡོད་ཚད་སྐོང་བ་དང་ཅི་འདོད་སྒྲུབ་པ་སོགས་བྱམས་དྲགས་པས་དམིགས་ཡུལ་མེད་པ་དང་ཚད་གཞི་མེད་པའི་སྒོ་ནས་རྒྱ་ཡན་དུ་གཏོང་བའི་རྐྱེན་གྱིས་བྱིས་པ་རྣམས་ལ་ཆུང་དུས་ནས་རང་བྱས་བདེན་འཛིན་ང་འདོད་རང་འཐད།རང་ཤེད་ཚ་པོ།མི་ལས་དགུ་ལས་སོགས་ཚུལ་དང་མི་མཐུན་པའི་བྱ་བ་སྤྱོད་པ་མང་པོ་ཞིག་གོམས་གཤིས་སུ་ཆགས་པ་རེད།དེའི་རྐྱེན་གྱིས་བྱིས་པ་ནར་སོན་པའི་གོ་རིམ་ནི་ཀུན་སྤྱོད་ཆགས་པའི་གོ་རིམ་ཞིག་ཡིན་པས་ཕ་མ་རྣམས་ཀྱིས་དེ་ལ་དོ་སྣང་དང་གཙིགས་སུ་འཛིན་རྒྱུ་ཤིན་ཏུ་གལ་ཆེའོ།།

༣ ནན་དྲགས་པའི་རྣམ་པ།

འདིའི་གྲས་སུ་གཏོགས་པའི་ཕ་མ་རྣམས་ཀྱིས་དབྱུག་པའི་འོག་ནས་འཇོན་མི་དང་བུ་ཕྲུག་བཟང་བོ་འབྱུང་ཐུབ་པར་མཐའ་གཅིག་ཏུ་ཡིད་ཆེས་ནས་སློབ་གསོའི་ཐབས་ལམ་རྩུབ་དྲགས་པས་བྱིས་པའི་ཁྱིམ་ཚང་གི་དྲོད་ཁོལ་དང་ཕ་མའི་བརྩེ་བ་དྲོན་མོ་ལོངས་སུ་སྤྱད་རྒྱུ་ཧ་ཅང་ཉག་ཕྲ་བའི་གནས་སུ་ལྷུང་།ཡང་ན་ཕ་མ་མང་པོ་ཞིག་གི་བློ་ངོར་རང་གི་བུ་ཕྲུག་ངེས་པར་ཏུ་གཞན་ལས་ལྷག་པ་དང་ཁྱད་དུ་འཕགས་པ་ཞིག་ཏུ་འགྱུར་དགོས་སྙམ་ནས་ཐལ་དྲགས་པའི་རེ་བ་འདོན་པ།དཔེར་ན།དུས་རྒྱུན་བྱིས་པ་གསབ་སྦྱོང་འཛིན་གྲྭར་མངགས་པའམ་ཡང་ན་རྒྱུན་པར་ཁྱིམ་ནས་སློབ་སྦྱོང་བྱེད་དུ་བཅུག་ནས་བྱིས་པ་རང་ཉིད་ལ་དབང་བའི་དུས་ཚོད་ཧ་ཅང་ཉུང་བར་གྱུར།ཡང་ན་བྱིས་པ་རང་གི་ན་མཉམ་བྱིས་པ་ཚོ་དང་མཉམ་དུ་རྩེད་མོར་གཡེངས་བ་དང་ཡང་ན་དོན་དག་ག་གེ་མོ་ཞིག་གི་ཕྱིར་ནང་ལ་ལོག་རྒྱུ་ཕྱིས་སོང་ན་མས་གནས་ལུགས་དང་རྒྱུ་མཚན་ཅི་ཡང་མི་འདྲི་བར་རྩུབ་སྤྱོད་ཀྱི་ཐབས་ལམ་ནས་གཅར་རྡུང་བྱས་པས་བྱིས་པའི་ཡིད་མུག་ནས་ནང་སེམས་ལ་རྨ་ཁ་ཆེན་པོ་བཟོ་སྲིད། འདིའང་བྱིས་པའི་ཀུན་སྤྱོད་ངན་ལང་དང་ལོག་ལམ་ཏུ་གོམ་པ་སྤོ་མགོ་བརྩམས་པ་རེད།

མཇུག་བསྡུ་བ།

སྤྱི་ཚོགས་ནི་མིའི་དགའ་སྐྱོ་ཆགས་སྡང་ལས་གྲུབ་པས་མི་ནི་འཕེལ་རྒྱས་ཀྱི་གཞི་ཡིན་ལ།མིའི་སྤུས་ཚད་ཕྱོགས་ཡོངས་ནས་འཕེལ་རྒྱས་གཏང་རྒྱུ་ནི་ཁ་ཚ་དགོས་གཏུགས་ཀྱི་གནས་སུ་གྱུར་ཡོད།སེམས་ཁམས་རིག་པའི་ལྟ་ཚུལ་ལྟར་“བྱིས་པ་ནི་མགོ་རྩོམ་ས་དང་ལྟེ་བ་ཡིན། དེར་མ་ཟད་དམིགས་ཡུལ་ཡང་ཡིན།བྱིས་པའི་འཕེལ་རྒྱས་དང་འཚར་ལོངས་ནི་དམིགས་འབེན་ཡིན། བྱིས་པའི་འཚར་ལོངས་ལ་མཚོན་ན།བསླབ་ཚན་ཐམས་ཅད་པོ་ཕལ་བའི་གནས་སུ་ཡོད་ལ། བསླབ་ཚན་ནི་ཅ་ལག་ཡིན།འཚར་ལོངས་ཀྱི་དགོས་མཁོ་ལ་ཞབས་འདེགས་ཞུ་བའི་སྟེང་ནས་དེའི་རིན་ཐང་གཏན་ལ་དབབ་དགོས།ཁྱད་གཤིས་དང་རང་གཤིས་བསླབ་ཚན་ལས་གལ་ཆེ།ཤེས་བྱ་དང་ཤེས་བྱའི་བསྟན་དོན་ནི་དམིགས་ཡུལ་མིན་པར་བྱིས་པ་རང་ཉིད་མངོན་འགྱུར་ནི་དམིགས་འབེན་ཡིན།”ཞེས་གསུངས་པ་ལྟར།ཆུང་དུས་ནི་བྱིས་པ་ལ་གཤིས་རྒྱུད་ཆགས་པའི་གོ་རིམ་ཡིན་པས།ཐོག་མའི་དུས་ནས་ཀུན་སྤྱོད་སློབ་གསོར་མཐོང་ཆེན་བྱ་དགོས་པ་མ་གཏོགས་སྒོར་མོའི་སློབ་གསོའི་དང་དབྱུག་པའི་སློབ་གསོས་དྭངས་གཙང་གི་བྱིས་བློ་བརྫད་མི་རུང་ངོ་།།(མཛོད་དགེ་རྫོང་གདོང་སྣེ་སློབ་འབྲིང་། བསོད་ནམས་འཚོ།)


  • ལེ་ཚན་སྔོན་མ།:ལོ་རྒྱུས་ཐོག་བྱུང་བའི་རིམས་ནད་འགོག་ཚུལ་དང་དེ་རིང་གི་ཐབས་ཇུས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།