གངས་དབང་གི་ལྷུག་རྩོམ་དང《རང་ཡུལ་རང་གིས་བསྐོར་བའི་སྐྱིད་སྡུག》

        2020-06-12

བོད་ཀྱི་རྩོམ་པ་པོ་གངས་དབང་བཀྲ་ཤིས་ལགས་ལ་བཅར་འདྲི་བྱས་པ།

བཅར་འདྲི་བ། ཨོ་རྒྱན་དོན་གྲུབ།


གངས་དབང་གི་ལྷུག་རྩོམ་དང《རང་ཡུལ་རང་གིས་བསྐོར་བའི་སྐྱིད་སྡུག》


ཨོ་རྒྱན། རྒན་གངས་དབང་ལགས་ཁམས་བཟང་། ཁྱེད་ཀྱི་ལྷུག་རྩོམ་བརྩམས་ཆོས་པོད་གཉིས་པ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན་འདུག་པས་རྟེན་འབྲེལ་ཞུ།

གངས་དབང་། རྒན་ཨོ་རྒྱན་ལགས་ཐུགས་རྗེ་ཆེ།ལས་འབྲེལ་གྱིས་ང་ཚོ་ལས་ཁུངས་གཅིག་ནང་འཛོམས་པས་མ་ཚད།ཁྱེད་ཀྱིས་དུས་རྒྱུན་ངའི་གསར་རྩོམ་དང་ལས་དོན་གྱི་ཐོག་ལ་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན།

ཨོ་རྒྱན། ད་ཐེངས་ལྷུག་རྩོམ་པོད་འདི་ནི་སྔོན་མའི《གངས་རི་ལ་དབང་བའི་ཁ་བའི་འདབ་མ》ཞེས་པའི་སྲོལ་རྒྱུན་ལྷུག་རྩོམ་ལས་ཅུང་ཐོལ་བརྒལ་གྱི་རྣམ་པ་བྱུང་འདུག་སྙམ་ལ།མིང་ལའང་རིག་གནས་ལྷུག་རྩོམ་ཞེས་བསྙད་འདུག། ཉིད་ཀྱིས་སྔ་རྗེས་ཀྱི་ལྷུག་རྩོམ་པོ་ཏི་གཉིས་པོའི་འབྲི་ཐབས་ལ་ཁྱད་པར་ཆེན་པོ་བྱུང་ཡོད་དྲན་བཞིན་ཡོད་དམ།

གངས་དབང་། 2014ལོར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན་པའི་ལྷུག་རྩོམ་དེབ《གངས་རི་ལ་དབང་བའི་ཁ་བའི་འདབ་མ》ཞེས་པ་དེ་ནི།ངས2003ལོ་ནས2009ཡི་བར་ལ་བྲིས་པའི་སྦྱངས་རྩོམ་རེད། དེ་སྔོན་ལ་ངས་སྐབས་སྐབས་སུ་རྩོམ་ཡིག་བྲིས་མྱོང་མོད།དགེ་རྒན་བྱས་པ་ནས་བཟུང་།སློབ་ཁྲིད་མང་པོ་ཡོད་པ་དང་ལས་ཀ་ཙག་ཙིག་གི་དབང་གིས་ལོ་བདུན་བརྒྱད་རིང་ལ་གསར་རྩོམ་གྱི་མཚམས་ཆད་སོང་།ད་ལྟར་འདང་བརྒྱབ་ན་དུས་ཚོད་མང་པོ་འཕྲོག་བརླག་བཏང་ཡོད་པས་ཅུང་འགྱོད་པ་སྐྱེས་འདུག།《གངས་རི་ལ་དབང་བའི་ཁ་བའི་འདབ་མ》ནང་ལ་རྩོམ་ཡིག་རེ་གཉིས་མ་གཏོགས་སྒྱུ་རྩལ་གྱི་རྣམ་པ་དང་བརྗོད་བྱའི་བསྟན་དོན་གང་ཅིའི་ཐད་དུ་རང་སེམས་མགུ་བ་ཞིག་འགྲུབ་ཐུབ་མེད་པས་དེ་ནི་ངའི་སྦྱངས་རྩོམ་རེད་ཟེར་བ་ཡིན།གསར་རྩོམ་ཞེས་པ་ནི་གཞན་གྱི་རྗེས་སུ་འབྲང་མི་རུང་ལ་རང་གི་སྔོན་མའི་རྩོམ་སྟངས་བསྐྱར་ཟློས་བྱེད་མི་རིགས་པར།རང་ཉིད་ཀྱི་ཁྱད་ཆོས་དང་གསར་གཏོད་ཀྱི་རང་བཞིན་ཡོད་དགོས་པ་ཧ་ཅང་གལ་ཆེ་བས།དེ་ནས་བཟུང་གཅིག་ནི་སྔོན་དང་མ་འདྲ་བར་བརྗོད་བྱ་དང་སྒྱུ་རྩལ་གཉིས་ཐད་ནས་གསར་རྩོམ་ལ་འབད་པ་བྱས་པའི་འབྲས་བུ་རུ།ད་ལོའི་ལོ་མཇུག་ལ་《ཕྱིར་ལོག་པའི་ལམ་དུ》ཞེས་པའི་ལྷུག་རྩོམ་དེབ་གཅིག་པར་དུ་བསྐྲུན་རྒྱུའི་འཆར་གཞི་ཡོད།དེ་ནི་སྔོན་མའི་བརྩམས་ཆོས་དང་མི་འདྲ་བ་ཞིག་ཡིན།གཉིས་ནི་ལྷུག་རྩོམ་གྱི་རང་བཞིན་དང་གསར་འགྱུར་གྱི་ཁྱད་ཆོས། བསམ་བློའི་དགག་སྒྲུབ།རིག་གནས་ཀྱི་ཞིབ་འཇུག་བཅས་ཕྱོགས་སོ་སོའི་རང་བཞིན་ཅན་གྱི་རིག་གནས་ལྷུག་རྩོམ་ཞེས་པར་འབད་པས་ད་ཐེངས《རང་ཡུལ་རང་གིས་བསྐོར་བའི་སྐྱིད་སྡུག》པར་བསྐྲུན་བྱས་ཐུབ་སོང་།ང་ཚོ་བོད་ལ་རིག་གནས་ལྷུག་རྩོམ་ཞེས་པའི་ཐ་སྙད་དམིགས་སུ་བཀར་བ་ཞིག་མེད་པ་མ་གཏོགས།རྩོམ་སྲོལ་ཡོད་པ་ནི་སྔོན་བྱོན་མཁས་པ་རྣམས་ཀྱི་གསུང་འབུམ་མཇལ་ན་ཤེས་ཐུབ།རེད་དེ། ན་གཞོན་ཚོས་དེའི་ཐོག་ལ་མཐོང་ཆེན་མ་བྱེད་པ་དང་རྒྱུན་འཁྱོངས་མ་ཐུབ་པའི་པའི་རྐྱེན་གྱིས་ད་བར་གཞན་ལ་ངོམ་ཆོག་ཆོག་གི་བརྩམས་ཆོས་ཀྱང་ཉུང་ཉུང་རེད།

གངས་དབང་གི་ལྷུག་རྩོམ་དང《རང་ཡུལ་རང་གིས་བསྐོར་བའི་སྐྱིད་སྡུག》
ཨོ་རྒྱན། ཁྱེད་ཉིད་རྩོམ་རིག་ལས་ལྷུག་རྩོམ་གྱི་བསླུ་བྲིད་ལ་ཐེབས་པའི་དུས་ཚོད་དེ་ནམ་ཙམ་ཡིན་པ་དྲན་གྱི་འདུག་གམ།རྒྱུ་རྐྱེན་གང་འདྲ་ཞིག་ལས་ལྷུག་རྩོམ་འབྲི་བར་ཞུགས་པ་ཡིན།

གངས་དབང་། སྤྱིར་བོད་ཀྱི་རྩོམ་རིག་ཁོངས་སུ་ལྷུག་རྩོམ་འབྲི་མཁན་ཉུང་བ་དང་།སྒོས་སུ་རྩོམ་རིག་ནི་མི་སོ་སོའི་སེམས་གཤིས་མངོན་པར་མཚོན་བྱེད་ཡིན་པས།རང་གི་གཤིས་ཀ་དང་སེམས་ཁམས། སྐད་ཆའི་ཁྱད་ཆོས་བཅས་ལ་བལྟས་ན། ལྷུག་རྩོམ་གྱིས་ང་རང་གི་དགའ་སྐྱོ་ཆགས་སྡང་དེ་ལས་ཀྱང་ཆ་ཚང་བར་མཚོན་ཐུབ་པའི་སྣང་བ་ཞིག་ཤར་བས།ལྷུག་རྩོམ་འབྲི་བར་མོས་པ་ཆགས་སོང་།ཡང་སྒོས་སུ་ངས་ཐོག་མར་སྙན་ངག་འགའ་བྲིས་མྱོང་མོད།སྤྱིའི་རྣམ་པ་ཙམ་མ་གཏོགས་དོན་དུ་ལྷུག་རྩོམ་གྱི་མཐའ་ལས་བརྒལ་མེད་པས་སྙན་ངག་ལས་བུད་དེ་ལྷུག་རྩོམ་བྲིས་པ་ཡིན།

ཨོ་རྒྱན། ཁྱེད་ཀྱིས་བྲིས་དང་འབྲི་བཞིན་པའི་རིག་གནས་ལྷུག་རྩོམ་ཞེས་པའི་རྩོམ་ལུས་འདི་བོད་ཀྱི་རྩོམ་རིག་གི་ཁྱབ་ཁོངས་སུ་ནམ་ཙམ་ནས་སིམ་འཛུལ་བྱུང་བ་ཡིན་ནམ།

གངས་དབང་། གོང་དུ་བཤད་པ་ལྟར།ང་ཚོ་བོད་ལ་རིག་གནས་ལྷུག་རྩོམ་ཞེས་དམིགས་སུ་བཀར་བའི་ཐ་སྙད་ཅིག་མེད་ཀྱང་།དོན་དུ་འབྲི་སྲོལ་ཡོད་པ་རེད།རྩོམ་ལུས་འདི་བོད་ཀྱི་རྩོམ་རིག་གི་ཁྱབ་ཁོངས་སུ་ནམ་ཙམ་ནས་སིམ་འཛུལ་བྱུང་བ་ཡིན་ངས་གསལ་པོར་བཤད་མི་ཐུབ་མོད། ང་ལ་མཚོན་ན་མཁས་དབང་དགེ་འདུན་ཆོས་འཕེལ་གྱི《རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མ》དང་རྒྱ་ཡི་རྩོམ་པ་པོ་གྲགས་ཅན་ཡུས་ཆུའུ་ཡུས།ཧྥེང་ཅི་ཚའེ་བཅས་ཀྱི་བརྩམས་ཆོས་དག་གིས་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད། དེ་ཡང་རིག་གནས་ལྷུག་རྩོམ་ཞེས་པ་ནི་སྒྱུ་རྩལ་རྩོམ་རིག་གི་ཁོངས་སུ་གཏོགས་མིན་ལ་བཤད་སྲོལ་ཐ་དད་པ་གཉིས་འདུག་མོད།ངས་བསམ་ན་དེ་ནི་རིག་གནས་ཀྱི་རྗེས་ཤུལ་དང་རྗེས་ཤུལ་ནང་སིམ་པའི་སྙིང་སྟོབས། མི་སེར་ཚོའི་འགྲོ་འདུག་དང་འགྲོ་འདུག་ལས་མངོན་པའི་རིན་ཐང་གཙོ་བོར་བརྗོད་པའི་རྩོམ་གྱི་རྣམ་པ་ཞིག་ཡིན་པ་ལས།ཡུལ་སྐོར་བའི་མིག་ལམ་དུ་མངོན་པའི་རི་ཆུ་ཡ་མཚན་ཅན་དང་ལུགས་སྲོལ་ཉམས་མཚར་ཅན་ཟིན་ཐོར་ཕབ་པ་ཙམ་མ་ཡིན་པས།ངས་བྲིས་པ་ནི་རི་ཆུའི་རྣམ་པ་ཙམ་མ་ཡིན་ལ་མི་སེར་ཚོའི་འགྲོ་འདུག་ཙམ་མ་ཡིན་པར།ས་དེ་གའི་ཡུལ་མི་ཚོ་གང་ནས་འོངས་ཤིང་ཇི་ལྟར་འགྲོ་བཞིན་ཡོད་པའི་གནས་ཚུལ་རྣམས་ཡིན།དེར་བརྟེན། ཡུལ་གང་དུ་སོང་ཡང་། ངས་ལྟ་ཤེས་ན་རིག་གནས་རེད།ལྟ་མ་ཤེས་ན་རི་ཆུ་རེད་ཅེས་ནམ་ཡང་རང་ལ་དྲན་སྐུལ་བྱེད་བཞིན་ཡོད། རེད་དེ།དེ་འབྲི་དགོས་ན་མིའི་རིགས་རིག་པ་དང་ལོ་རྒྱུས་རིག་པ། ས་ཁམས་རིག་པ།གནའ་རྫས་རྟོག་དཔྱོད་རིག་པ། གསར་འགྱུར་རིག་པ།སྐད་བརྡ་རིག་པ་སོགས་རིག་གནས་སྣ་ཚོགས་ཀྱི་ཤེས་བྱ་འཛོམས་དགོས་པས་རྩོམ་དེ་རིགས་འབྲི་བར་དཀའ་ཁག་ཆེན་པོ་འདུག

ཨོ་རྒྱན། སྔོན་བྱོན་གྱི་མཁས་དབང་དམ་པ་གང་དག་གི་གསུང་རྩོམ་གྱིས་ཁྱེད་ཀྱི་མི་ཚེ་ལ་ཆེས་བག་ཆགས་ཟབ་མོ་བཞག་མྱོང་།

གངས་དབང་། སྤྱིར་ད་བར་དུ་ངས་རྒྱ་བོད་གཉིས་ཀྱི་དཔེ་ཆ་མང་པོར་བལྟས་མྱོང་མོད།གསུང་རྩོམ་འདིས་ང་ལ་བག་ཆགས་དམིགས་བསལ་བ་འདི་འདྲ་ཞིག་བཞག་ཡོད་ཅེས་བཤད་དཀའ། རེད་དེ།ཆེས་བརྗེད་དུ་མེད་པ་ནི་ང་རང་དགེ་འོས་སློབ་གྲྭར་རྒྱུགས་འཕྲོད་པའི་ལོ་དེར། ཨ་ཞང་གིས་བོད་རྒྱ་ཚིག་མཛོད་ཆེན་མོ་སྟོད་སྨད་བར་གསུམ་གྱི་བདག་ཉིད་ཅན་ཞིག་བླུས་ནས་ང་ལ་བྱ་དགའ་གནང་བྱུང་། སྐབས་དེ་དུས་ངའི་བོད་ཡིག་གི་རྨང་གཞི་ཞན་པས་རྒྱུགས་འབྲས་ཀྱང་འཛིན་གྲྭ་ཡོངས་ལས་སྡུག་ཤོས་ཀྱི་གྲས་རེད།ད་ལྟ་དང་མི་འདྲ་བར་དེ་དུས་དཔེ་ཆ་མང་པོ་བལྟ་རྒྱུ་མེད་མོད། སྟོང་གི་གྲལ་མགོར་མ་སླེབས་ཀྱང་བརྒྱ་ཡི་གྲལ་མཐར་མི་ལྷག་པའི་ཆེད་དུ། དུས་རྟག་པར་བོད་རྒྱ་ཚིག་མཛོད་ཆེན་མོ་ལ་ལྟ་དུས། ངའི་ཕ་ཡུལ་གྱི་སྐད་མང་པོ་ཚིག་མཛོད་ནང་ཡོད་པ་ལ་ཧ་ལས་ཏེ་རིམ་བཞིན་ཐ་སྙད་མང་པོ་གསོག་འཇོག་བྱས་ཐུབ་པ་དེས།བོད་ཡིག་སྦྱོང་པ་ལ་ཕན་ཆེན་པོ་ཐོགས་བྱུང་། དེ་ནས་དམངས་ཁྲོད་ཀྱི་གླུ་དང་བྲོ། གཏམ་དཔེ་སོགས་བཀླགས་པའི་དྲིན་གྱིས་དགེ་འོས་སློབ་གྲྭར་འདོན་དུས《 གངས་ལྗོངས་མཁས་དབང་རིམ་བྱོན་གྱི་རྩོམ་ཡིག་གསེར་གྱི་སྦྲམ་བུ》 ཞེས་སྟོད་སྨད་བར་གསུམ་ཅན་དེ་བཀླགས་ཐུབ་པ་བྱུང་། དེ་དང་མཐུད་ནས་དེང་རབས་ཀྱི་རྩོམ་པ་པོ་རྣམས་ཀྱི་བརྩམས་ཆོས་ཀློག་པའི་དུས་ཚོད་ཅུང་རིང་ཡང་། གསར་རྩོམ་དང་རིག་གནས་ཀྱི་ལྟ་བ་གང་ཅིའི་ཐད་ལ་དམིགས་བསལ་གྱི་འབྲས་བུ་མ་སྨིན་པས།སླར་ཁ་ཕྱིར་འཁོར་ནས་གནའ་རབས་ཀྱི་མཁས་པ་རྣམས་ཀྱི་གསུང་རྩོམ་དང་དམངས་ཁྲོད་ཀྱི་རིག་གནས་མཇལ་བ་ལས། བརྗོད་བྱ་དང་རྗོད་བྱེད། སྒྱུ་རྩལ་དང་རྣམ་པ་སོགས་གང་ཅིའི་ཐད་ལ་འགྱུར་ལྡོག་ཆེན་པོ་བྱུང་བས།ངས་ནམ་ཡང་མེས་པོ་ལས་ཤེས་རབ་སློང་། མི་སེར་ལས་བོད་སྐད་སྦྱོང་ཞེས་དྲན་བཞིན་ཡོད་ལ།གྲོགས་པོ་ཚོ་ལ་དེ་ལྟར་ལབ་པ་ཡིན།

ཨོ་རྒྱན། སློབ་ཆུང་ནས་སློབ་ཆེན་བར་དུ་དགེ་རྒན་སྐུ་དྲིན་ཅན་གང་དག་གི་སློབ་གསོས་ཁྱེད་ཉིད་རྩོམ་རིག་གསར་རྩོམ་ལ་ཞུགས་པར་སྒུལ་ཤུགས་བསྩལ་ཡོད།

གངས་དབང་། ང་རང་སློབ་འབྲིང་ལ་ཞུགས་དུས་གཞི་ནས་བོད་ཡིག་སྦྱོང་མགོ་ཚུགས་པ་ཡིན། སློབ་འབྲིང་ལོ་གསུམ་རིང་ལ་སློབ་དེབ་ནང་གི་ཐ་སྙད་ཙམ་མ་གཏོགས། དེ་མིན་སུམ་རྟགས་ཞེས་པ་ཅི་ཡང་སྦྱངས་མྱོང་མེད་ཀྱང་།ཆེས་ཐོག་མའི་ཀ་ཁའི་སློབ་དཔོན་དང་དེའི་རྗེས་ཀྱི་བོད་ཡིག་དགེ་རྒན་རྣམས་ཀྱི་སྐུ་དྲིན་ནམ་ཡང་བརྗེད་ཐབས་མེད། ཁྱད་པར་དུ་དགེ་འོས་སློབ་གྲྭའི་ལོ་བཞིའི་རིང་ལ་དགེ་རྒན་དམ་པ་ཉན་ཤུལ་འཇམ་དབྱངས་གྲགས་པ་ལགས་ཀྱིས་ང་ཚོ་ལ་སྙན་ངག་དང་མངོན་བརྗོད།ལོ་རྒྱུས་བཅས་ཁྲིད་པས་ཁོང་གི་རྒྱ་ཆེ་བའི་ཤེས་བྱའི་མཐོང་རྒྱ་དང་། ཉམས་མཚར་བའི་སློབ་ཁྲིད་བྱེད་སྟངས་བཅས་ཀྱིས་བག་ཆགས་ཟབ་མོ་བཞག་ཡོད། དགེ་འོས་སློབ་གྲྭ་ལས་མཐར་ཕྱིན་ཏེ་སློབ་ཆེན་གྱི་ལོ་གསུམ་ནང་དགེ་བའི་བཤེས་གཉེན་ཉན་ཤུལ་མཁྱེན་རབ་འོད་གསལ་ལགས་ཀྱི་དྲུང་དུ་སུམ་རྟགས་དང་ལོ་རྒྱུས། ནང་ཆོས་སོགས་ལ་ཐོས་པ་བཙལ་བའི་གོ་སྐབས་ཐོབ།སྐབས་དེ་དུས་རྒན་ལགས་སློབ་ཁྲིད་དུ་བསུ་བསྐྱལ་བྱེད་མཁན་ང་རང་ཡིན་པས། གཟིམས་ཁང་ནས་སློབ་ཁང་བར་དུ་རྒན་ལགས་ལ་དྲི་བ་ཞུས་པའི་གོ་སྐབས་མང་ཙམ་ཐོབ་ལ།དགེ་རྒན་ལགས་ཀྱིས་ཀྱང་དུས་རྒྱུན་བཀའ་སློབ་མང་པོ་གནང་མྱོང་།ནམ་ཡང་བརྗེད་རྒྱུ་མེད་པ་ནི་སྐབས་དེ་དུས་རྒན་ལགས་ཀྱིས་རྒྱལ་རོང་སྐོར་གྱི་སྐད་དང་ཡི་གེའི་ལོ་རྒྱུས་མང་ཙམ་གསུངས་པས་མ་ཚད།རྗེས་མར་ས་ཆ་དེ་ཚོར་སོང་ནས་སྐད་དང་ཡུལ་སྲོལ་གོམས་གཤིས་ལ་ཞིབ་འཇུག་བྱེད་ཐུབ་ན་དཔེ་ཡག་པོ་རེད་ཅེས་ཡང་ནས་ཡང་དུ་གསུངས་མྱོང་།འོན་ཀྱང་སློབ་མཐར་ཕྱིན་རྗེས་དགོས་མེད་ཀྱི་མིང་དོན་གྱིས་དེད་དེ་ལྟོ་འགྲངས་འབའ་ཞིག་དོན་གཉེར་བ་ལས་དེའི་སྐོར་ལ་ཉམས་འཇོག་མ་བྱས་མོད།རྩོམ་སྒྲིག་པའི་ལས་ལ་ཞུགས་པ་ནས་བཟུང་། ཁམས་ཀྱི་ཕོ་རྒོད་ཅིག་གི་དྲིན་ལས་དེ་སྔོན་གྱི་བག་ཆགས་སད་དེ།གཞི་ནས་ཁམས་ཕྱོགས་གཙོ་བོར་བྱས་པའི་ཡུལ་གྲུ་སོ་སོའི་རིག་གནས་ཀྱི་སྣང་ཚུལ་ལ་དོ་སྣང་བྱེད་མགོ་ཚུགས་པས།དེ་ནི་ངའི་རིག་གནས་ལྷུག་རྩོམ་འབྲི་བའི་རྟེན་འབྲེལ་ཐོག་མ་ཡིན།

གངས་དབང་གི་ལྷུག་རྩོམ་དང《རང་ཡུལ་རང་གིས་བསྐོར་བའི་སྐྱིད་སྡུག》
ཨོ་རྒྱན། ཁྱེད་ཀྱིས་ལྷུག་རྩོམ་རྐྱང་རྐྱང་འབྲི་བ་ལས་སྙན་ངག་དང་སྒྲུང་གཏམ་སོགས་རྩོམ་ལུས་གཞན་པ་མི་འབྲི་བའི་རྒྱུ་རྐྱེན་ཅི་ཡིན་ལགས།

གངས་དབང་། སྤྱིར་ངས་ཀྱང་ཐོག་མར་བྲིས་པ་ནི་སྙན་ངག་ཡིན་མོད།རང་གི་གཤིས་ཀ་དང་སེམས་ཁམས།སྐད་ཆའི་ཁྱད་ཆོས་བཅས་ཀྱིས་སྨྱུག་ཁ་རང་དབང་མེད་པར་ལྷུག་རྩོམ་གྱི་ཕྱོགས་སུ་བསྒྱུར་སོང་།ལྷུག་རྩོམ་ནི་རྩོམ་ལུས་གཞན་དང་མི་འདྲ་བར་རང་ཉིད་དམར་རྗེན་དུ་བཏོན་པ་ཞིག་ཡིན་པས།གཅིག་བྱས་ནས་ངའི་ལུས་ཐོག་ལ་ད་དུང་བདེན་པ་དང་དྲང་པོ་ཞེས་པའི་གཤིས་ཀ་རིན་ཐང་ཅན་དེ་ཚང་མ་བརླགས་མེད་པས་རེད།ད་བར་དུ་སྒྲུང་གཏམ་མང་པོ་བཀླགས་མྱོང་མོད།མིང་ལ་སྒྲུང་གཏམ་ཞེས་བཏགས་ཀྱང་དོན་དུ་ལྷུག་རྩོམ་ཤས་ཆེ་བའི་བརྩམས་ཆོས་བྲིས་མ་མྱོང་།ད་ལོའི་ལོ་མཇུག་ལ་པར་དུ་བསྐྲུན་རྩིས་ཡོད་པའི《ཕྱིར་ལོག་པའི་ལམ་དུ》ཞེས་པའི་ལྷུག་རྩོམ་མང་པོ་ལ་སྒྲུང་གཏམ་གྱི་ཁྱད་ཆོས་ཡོད་མོད།རང་མཚན་ཅན་གྱི་སྒྲུང་གཏམ་མ་རེད། རེད་དེ།ངས་ཐོས་བསམ་སྒོམ་གསུམ་བྱེད་པའི་དོན་འགའ་ཞིག་ལྷུག་རྩོམ་གྱིས་ཡོངས་སུ་མཚོན་མི་ཐུབ་པ་ལྟ་བུའི་སྣང་བ་ཤར་བས།རྗེས་སུ་དུས་ཚོད་ཡོད་ན་སྒྲུང་གཏམ་འགའ་འབྲི་རྒྱུའི་འཆར་གཞི་ཡོད།

ཨོ་རྒྱན། ཁྱེད་ཉིད་རྩོམ་རིག་གི་ལས་སུ་ཞུགས་པ་ནས་བཟུང་རང་ལ་ཤན་ཤུགས་ཐེབས་ཆེ་ཤོས་ཀྱི་གནའ་དེང་གི་རྩོམ་པ་པོ་སུ་དང་གང་ཡོད།

གངས་དབང་། མི་ཞིག་ལ་ཤུགས་རྐྱེན་ཐེབས་ཤིང་བག་ཆགས་འཇོག་པའི་རྩོམ་པ་པོ་དང་དཔེ་ཆ་མང་པོ་ཡོད་སྲིད་དེ།དཔེར་ན་ད་བར་དུ་རྒྱ་ཟས་དང་བོད་ཟས་གང་མང་ཟོས་མཐར་ལུས་སྟོབས་རྒྱས་པ་ལས།ཟས་རིགས་འདིས་ང་ལ་འདི་ལྟར་ཕན་ཞེས་བཤད་མི་ཐུབ་མོད། ང་རང་ལ་མཚོན་ན་ཕྱི་རྒྱལ་གྱི་སྒྲུང་གཏམ་པ་ཆི་ཧོ་ཧྥུ་དང་ཐུའུ་ཀེ་ཉེ་ཧྥུ།མ་ཨེར་ཁེ་སི་བཅས་ཀྱི་བརྩམས་ཆོས་ཀློག་པར་དགའ་ཞིང་།རང་རྒྱལ་གྱི་ལུའུ་ཞུན་གྱི་འབོལ་རྩོམ་དང་ལྷུག་རྩོམ། སྒྲུང་གཏམ་བཅས་ལ་ལྷག་ཏུ་དགའ།བོད་རང་གི་སྲོལ་རྒྱུན་རྩོམ་རིག《གླིང་སྒྲུང》དང་།མི་ལ་རས་པའི་རྣམ་ཐར།རྫ་དཔལ་སྤྲུལ་རིན་པོ་ཆེ་དང་འཇུ་མི་ཕམ་སོགས་སྔོན་བྱོན་མཁས་དབང་དག་གི་གསུང་འབུམ་ལ་དགའ་དད་ཆེ་བས་སྒྱུ་རྩལ་གྱི་མཚོན་ཐབས་དང་།རྗོད་བྱེད་ཀྱི་བཙོ་སྦྱངས། ལྟ་གྲུབ་ཀྱི་ཤེས་རབ་འཚོལ་བ་བཅས་ལ་ཕན་ཆེན་པོ་ཐོགས་བྱུང་།

ཨོ་རྒྱན། ཁྱེད་ཉིད་གསར་རྩོམ་ལ་ཞུགས་སྐབས་བརྩམས་ཆོས་ཀྱི་ལྗང་སྨྱུག་སྨིན་པར་ཆུ་ལུད་དྲོད་གཤེར་གྱི་མཐུན་རྐྱེན་སྦྱར་བའི་བོད་ཁམས་ཀྱི་དུས་དེབ་དང་ཚགས་པར་གཙོ་བོ་གང་དག་ཡོད།

གངས་དབང་། ང་རང་གི་ཐོག་མའི་སྦྱངས་རྩོམ་ལ་ཉི་མ་མེ་གྲོགས་དང་ཆར་བ་ཆུ་གྲོགས་ལྟ་བུའི་མཐུན་རྐྱེན་སྦྱོར་མཁན་ནི《དཀར་མཛེས་བོད་ཡིག་ཚགས་པར》དང་།《གངས་དཀར་རི་བོ》《མི་རིགས》དེའི་རྗེས་སུ《སྦྲང་ཆར》དང《བོད་ཀྱི་རྩོམ་རིག་སྒྱུ་རྩལ》《གངས་རྒྱན་མེ་ཏོག》《གངས་ལྗོངས་ཉི་གཞོན》《ལྷོ་ཁའི་རྩོམ་རིག་སྒྱུ་རྩལ》《ཤྭ་སྐྱ》སོགས་དུས་དེབ་དང་ཚགས་པར་ཡིན་ལ།དེ་མིན་བོད་ཁམས་ཀྱི་འཕྲིན་སྟེགས་སོ་སོས་བོང་བ་གསེར་གཟིགས་ཀྱིས་མཐུན་རྐྱེན་གནང་བའི་བཀའ་དྲིན་ནམ་ཡང་བརྗེད་རྒྱུ་མེད།

ཨོ་རྒྱན། ཀློག་པ་པོ་མང་པོ་ཞིག་གིས་ལྷུག་རྩོམ་ཀློག་དུས་རྗོད་བྱེད་ཚིག་གི་སྡེབ་སྦྱོར་བཟང་ངན་ཞིག་གི་སྟེང་ནས་ལྷུག་རྩོམ་ཡག་ཉེས་གླེང་གིན་འདུག་པས་ཁྱེད་ཀྱི་དེ་ལ་ལྟ་ཚུལ་ཅི་ཡོད།

གངས་དབང་། སྤྱིར་བོད་ཀྱི་རྩོམ་སྟེགས་ཐོག་ལྷུག་རྩོམ་འབྲི་མཁན་ཉུང་ལ། ཚང་མས་ལྷུག་ལྷུག་ཏུ་བྲིས་པ་ཐམས་ཅད་ལྷུག་རྩོམ་ཡིན་པར་འཁྲུལ་ཏེ་འབྲི་སླ་མོ་ཡིན་པའི་ལྟ་བ་འཛིན་གྱིན་ཡོད། ད་བར་དུ་ལྷུག་རྩོམ་རྩེ་གྲས་ཅན་ཉུང་ཉུང་ལས་མེད་པ་ཡིས་ཏག་ཏག་སྒྱུ་རྩལ་གྱི་ཁོངས་སུ་གཏོགས་པའི་ལྷུག་རྩོམ་ནི་འབྲི་དཀའ་མོ་ཡིན་པའི་གནས་ལུགས་བསྟན་གྱིན་ཡོད་པ་རེད། སྒྱུ་རྩལ་རྩོམ་རིག་གི་ཁོངས་སུ་གཏོགས་པའི་ལྷུག་རྩོམ་ཞིག་ཡིན་ན། བདེན་བཟང་མཛེས་གསུམ་དང་ཁ་བྲལ་ཐབས་མེད་པ་ཞིག་ཡིན་ལ།སྤྱིའི་རྣམ་པ་དང་ནང་གི་བསྟན་དོན་གཉིས་ནི་གཅིག་བརྟེན་གཅིག་འབྲེལ་ཡིན་པས། རྗོད་བྱེད་ཚིག་མངོན་བརྗོད་ཀྱིས་བཅིངས་དྲགས་པ་དང་ཚིག་རྒྱན་མང་སོང་ན་བརྗོད་བྱའི་དོན་བསྒྲིབ་པའམ་ཉམས་པ་ནི། བུད་མེད་བྱད་གཟུགས་ཡག་པོ་ཞིག་གིས་རྒྱན་ཆ་ཁྲ་ཁྲ་རིག་རིག་བཏགས་པ་མང་སོང་ན། གནས་སྐབས་སུ་མི་རྣམས་ཀྱི་མིག་དབང་འཕྲོག་ཀྱང་ཡུན་རིང་པོར་ཡིད་དབང་འཕྲོག་མི་ཐུབ་པ་ལྟ་བུ་རེད།དེས་ན་ངས་གཙོ་བོར་དོན་གྱི་བྱུང་བ་ལྟར་ཚིག་གི་གཅོད་མཚམས་རིང་ཐུང་དང་། སེམས་ཁམས་ཀྱི་འགྱུར་ལྡོག་ལྟར་ཐ་སྙད་ཀྱི་འཇམ་རྩུབ་གོ་བདེ་མོ་བཅས་ལ་དོན་གྱི་སྙིང་བཅུད་ཁུར་དུ་བཅུག་པར་མོས་པ་ལས།ཚིག་སྙན་མོ་ཁ་གཡང་འབོད་པ་ལྟ་བུས་ཨ་ན་ན་དང་ཨ་ཚ་ཚ།ཀི་ཧི་ཧི་ཞེས་པའི་དགའ་སྐྱོ་ཆགས་སྡང་རླུང་ལྡང་ལྡང་དང་ཆར་འབབ་འབབ་བྱས་པའི་ལྷུག་རྩོམ་གྱི་རིགས་ལ་དགའ་པོ་མེད།

གངས་དབང་གི་ལྷུག་རྩོམ་དང《རང་ཡུལ་རང་གིས་བསྐོར་བའི་སྐྱིད་སྡུག》

ཨོ་རྒྱན། ཁྱེད་ལ་མཚོན་ན་འཚོ་བའི་ཁྲོད་དུ་རྩོམ་རིག(འདིར་གཙོ་བོར་ལྷུག་རྩོམ་ལ་གོ་དགོས)ཅེས་པ་དེ་མེད་ན་ཁྱེད་ཀྱི་ཁོར་ཡུག་དང་འཚོ་བ་གང་འདྲ་ཞིག་ཡིན་ནམ།ཁྱེད་ཀྱིས་དེའི་སྐོར་ལ་བསམ་བློ་རེ་བཏང་མྱོང་ངམ།

གངས་དབང་། མི་སུ་ཞིག་ཡིན་ཡང་རྒྱབ་ལ་འཁེན་སའི་རི་བོ་དང་མདུན་ལ་བརྟེན་སའི་འཁར་བ་ཞིག་ཡོད་དགོས་པས། རྩོམ་རིག་ནི་མི་ཁེར་རྐྱང་ཅན་ལ་དབང་ཞེས་པ་ལྟར་མི་ཚེ་འདིར་བགེགས་བར་ཆད་གང་མང་དང་འཕྲད་མྱོང་ལ།སྐབས་དེར་ཁེར་རྐྱང་དུ་ལྷག་དུས་རྩོམ་རིག་དང་དཔེ་ཀློག་ཁོ་ན་ནི་ངའི་དགའ་གཏམ་བཤད་ས་དང་སྡུག་ཡུས་འདོན་སར་ཆགས་པས། ཡར་འགྲོ་མར་འགྲོའི་ས་མཚམས་སུ་སོས་དལ་གུ་ཡངས་ཤིག་འདོད་ན། སྣ་ཐག་རང་མགོར་དཀྲི་དགོས་ཞེས་པ་ལྟར། རང་གི་སྣ་ཐག་རང་མགོར་དཀྲིས་ཏེ་དབྱངས་གསལ་གྱི་རྩོམ་རིག་གི་འཇིག་རྟེན་ནང་ཞུགས་པ་ཡིན། གལ་སྲིད་དེ་ལྟར་མིན་ན། ང་ཡང་ད་ལྟའི་ང་ལྟ་བུར་ཆགས་མི་སྲིད་ལ། རང་ངོ་རང་གིས་མི་ཤེས།རང་ལམ་རང་གིས་མི་མཐོང་བའི་མི་ལྷག་མ་ཞིག་ཏུ་གྱུར་ཡོད་ནའང་ཐང་།དེས་ན་ལྷུག་རྩོམ་དེབ《གངས་རི་ལ་དབང་བའི་ཁ་བའི་འདབ་མ》ཞེས་པ་དེར་གཞན་གྱིས་བལྟས་ན་ལྟ་རིན་ཅི་ཡང་མེད་མོད། རང་གིས་ཧ་ཅང་རྩིས་མཐོང་བྱས་ཏེ་རང་ལམ་རང་གིས་བདམས་ནས་འགྲོ་བཞིན་ཡོད།

ཨོ་རྒྱན། ཁྱེད་ཀྱིས་གཞུང་ལས་ཁང་དུ་རང་གི་འདུག་སྟེགས་ཕུད་པའི་དེ་མིན་ཅོག་ཙེ་དང་དཔེ་ཁྲི། མདུན་རྒྱབ། ཟ་ཟུར་ཚང་མར་རྒྱ་བོད་ཀྱི་གནའ་དེང་གི་དཔེ་ཆ་རྐྱང་རྐྱང་བརྩིགས་ཤིང་སྤུངས་ནས་བཞག་ཡོད་པས།དཔེ་ཆ་དེ་དག་ཁྱེད་ཀྱིས་ནོམ་པ་ཅི་འདྲ་ཞིག་གི་ཚད་ལ་བཞག་ཡོད།

གངས་དབང་། དཔེ་ཆ་ཀློག་པ་ནི་མི་གཞན་དང་ཁ་བརྡ་བྱེད་པ་དང་འདྲ་ལ།གསར་རྩོམ་བྱེད་པ་ནི་རང་བློ་རང་ལ་ལྐོག་ཏུ་མ་འགྱུར་བའི་ཆེད་དུ་རང་གིས་རང་སེམས་ལ་ཁ་བརྡ་བྱེད་པ་རེད།ལོ་ཆུང་བྱིས་པ་རྣམས་དང་ཐོག་ཅི་ཡང་ཟ་བར་དགའ་ཞིང་། ཅི་ཡང་འཐུང་བར་མོས་ཀྱང་། ལོ་ཇེ་ཆེར་སོང་བ་དང་བསྟུན་ནས་རང་ཉིད་ཆེས་དགའ་བའི་བཟའ་བཏུང་གི་རིགས་ཡོད་པ་ལྟར།ངས་ཀྱང་དང་ཐོག་དཔེ་ཆའི་རིགས་སུ་གྱུར་པ་ཚང་མར་བལྟས་ཀྱང་། རིམ་བཞིན་དུ་མང་པོ་མང་པོ་ལས་རང་གི་དགའ་ཕྱོགས་དང་གཤིས་ཀ། མོས་པ་དང་མཐུན་པའི་དཔེ་ཆེ་བལྟ་བར་དགའ་བས།དུས་རྒྱུན་དེའི་རིགས་ཀྱི་དཔེ་ཆ་བླུས་ཏེ་འགྲམ་ལ་བཞག་ན་སྐྱིད་སྡུག་མཉམ་དུ་ཁུར་བའི་གྲོགས་པོ་ཞིག་དང་ལྷན་དུ་ཡོད་པ་དང་འདྲ། དཔེ་ཆ་དེ་དག་བཀླགས་པ་ལས་ངའི་རིག་གནས་ཀྱི་ལྟ་བ་དང་ལོ་རྒྱུས་ཀྱི་ལྟ་བ།རྩོམ་རིག་གི་ལྟ་བ། མི་ཚེའི་ལྟ་བ་ལ་སུ་ཞིག་གིས་ཀྱང་ཁ་ན་ལྡུག་ཐབས་མེད་པའི་ཕན་ཆེན་པོ་ཐོགས་སོང་།

ཨོ་རྒྱན། ཁྱེད་ཀྱིས་རིག་གནས་ལྷུག་རྩོམ་གྱི་རྩོམ་ལུས་འདི་ཉིད་མ་འོངས་འཕེལ་ཕྱོགས་ཐད་ལ་ཐུགས་བསམ་རེ་བཏང་མྱོང་ངམ།

གངས་དབང་། གོང་དུ་ཞུས་པ་ལྟར།ང་ཚོ་ལ་རིག་གནས་ལྷུག་རྩོམ་ཞེས་པའི་དམིགས་སུ་བཀར་བའི་ཐ་སྙད་ཅིག་མེད་ཀྱང་། དོན་དུ་འབྲི་སྲོལ་ཡོད་པ་རེད། འབྲི་ཐབས་དེ་སྒྱུ་རྩལ་རྩོམ་རིག་གི་ཁོངས་སུ་མ་གཏོགས་ནའང་ཆོག་མོད།སྐད་ཡིག་གི་ཆགས་འཇིག་དང་ཡུལ་གྲུ་སོ་སོར་ལུས་པའི་རིག་གནས་ཉམས་གསོ་དང་དྲིལ་བསྒྲགས་བྱེད་པ་ལ།རྩོམ་ལུས་གང་གིས་ཀྱང་ཚབ་བྱེད་མི་ཐུབ་པའི་ནུས་པ་འདོན་བཞིན་ཡོད། ཡིན་ན་ཡང་། རིག་གནས་ལྷུག་རྩོམ་ཞེས་པ་ནི་ཁང་པ་གྲུ་བཞི་མ་ནང་བསྡད་དེ་བསམ་བློ་བཏང་ནས་གྲུབ་པ་ཞིག་མ་རེད་ལ།དཔེ་མཛོད་ཁང་ནང་ཡིག་ཆ་བཀླགས་ནས་འབྲི་ཐུབ་པ་ཞིག་ཀྱང་མ་ཡིན་པར།རང་ཉིད་གོམས་ལོབས་སུ་སོང་བའི་ཁོར་ཡུག་དང་ཁ་བྲལ།དེ་ལྟར་ལོས་ཡིན་སྙམ་པའི་ལྟ་བ་དང་རྒྱབ་གཏད་དེ། འབྲི་དེབ་གཅིག་དང་སྨྱུ་གུ་གཅིག།པར་ཆས་གཅིག་ཁྱེར་ཏེ་རྒྱུས་མེད་ཀྱི་ཡུལ་དུ་སོང་ན།དཔེ་ཀློག་བརྒྱ་ལས་རིན་ཐང་ཆེ་བའི་མེས་པོ་ཚོའི་ཞབས་རྗེས་དང་རིག་གནས་ཀྱི་སྙིང་སྟོབས་རྙེད་སྲིད་པས།།ཚང་མས་འབད་པ་བྱེད་ན།རྗེས་སུ་སེང་གེ་འོ་མས་གང་བའི་གསེར་གྱི་ཕོར་བ་ཞིག་ཡོང་ཐུབ་པའི་རེ་བ་ཆེན་པོ་འཆང་བཞིན་ཡོད།

གངས་དབང་གི་ལྷུག་རྩོམ་དང《རང་ཡུལ་རང་གིས་བསྐོར་བའི་སྐྱིད་སྡུག》

ཨོ་རྒྱན། ཁྱེད་ཀྱི་ལྷུག་རྩོམ་དག་ཀློག་དུས་ཁྱེད་ལ་སེམས་ཀྱི་གངས་དགའ་དང་གངས་སྐྱིད་ཅེས་པའི་གཟུགས་མེད་ཀྱི་བློས་ཐུབ་གྲོགས་པོ་གཉིས་ཡོད་པས།རྒྱུ་རྐྱེན་རྟེན་འབྲེལ་གང་འདྲ་ཞིག་གི་འོག་ནས་མིང་འདི་ལྟར་བཏགས་པ་ཡིན།ཀློག་པ་པོ་དག་ལ་གསལ་བཤད་ཐུང་ཐུང་རེ་གནང་ན་ཆོག་གམ།

གངས་དབང་། ལོ་ངོ་བཅོ་ལྔའི་སྔོན་ལ་ངའི་དྲིན་ཆེན་ཕ་ལོ་གློ་བུར་དུ་ཚེ་ལས་འདས་སོང་། ལོ་དེར་མ་བསམས་ས་ནས་བགེགས་བར་ཆད་ཅིག་གློ་བུར་དུ་མགོ་ཐོག་ཏུ་ལྷུང་བས།ད་ནས་ཅི་ཡིན་ནའང་ཡིན། གང་དགའ་གང་སྐྱིད་ཀྱིས་མི་ཚེ་མཐར་བསྐྱལ་དགོས་བསམས་མོད། དྲིན་ཆེན་ཨ་མས་ངའི་བྱ་སྤྱོད་ལ་སྔར་དང་མ་འདྲ་བའི་འགྱུར་ལྡོག་སོང་བ་ཤེས་རྗེས། ནམ་ཡང་ངའི་བུ་ཆུང་བ་འདིའི་བསམ་པ་དང་སྤྱོད་པ་ཁོའི་ཕ་དང་འདྲ་བས་མི་གོ་ཆོད་ཅིག་ཡོང་རྒྱུ་རེད་ཅེས་ཡང་ནང་ཡང་དུ་གསུངས་པས།གང་དགའ་གང་སྐྱིད་ནི་གངས་དགའ་གངས་སྐྱིད་ལ་བསྒྱུར་བ་ནས་བཟུང་། ངེད་གསུམ་པོ་ནི་སྐྱིད་སྡུག་གི་ཇ་ཆང་བསྐོལ་སའི་སྒྱེད་པུ་ཐབ་ཀའི་ཚུལ་དུ་ཆགས་པས། སྐབས་འགར་ཁོ་གཉིས་ནི་དྲིན་ཆེན་ཕ་མ་གཉིས་ཡིན་ལ།མཚམས་རེར་ཤ་ཉེ་མིང་སྲིང་ཚོ་ཡིན།ལན་རེར་སྐྱིད་སྡུག་མཉམ་དུ་ཁུར་བའི་གྲོགས་པོ་ཚོ་ཡིན།ཡང་སྐབས་འགར་ཁོ་གཉིས་ནི་མགོ་འཕང་གནམ་ལ་གཏད་དེ་འཕུར་བའི་བྱ་རྒོད་ཡིན་ལ།མཚམས་རེར་མགོ་བོ་ས་ལ་ཕབ་སྟེ་ས་ཞིང་རྨོས་པའི་རྨོན་དོར་མཛོ་རྒན་དང་།ང་ལ་ཨ་ཁུ་དང་ཨ་ཞང་ཞེས་འབོད་པའི་གྲོགས་པོ་ཚོའི་བུ་དང་བུ་མོ་ཡང་ཡིན།གང་ལྟར་ཁོ་གཉིས་ཡོད་པས་ང་དགའ་ཡང་དགའ་ལ་སྡུག་ཀྱང་སྡུག།སྐྱིད་ཀྱང་སྐྱིད་ལ་སྐྱོའང་སྐྱོ།

ཨོ་རྒྱན། “དམ་པའི་གསུང་རབ་དང་མི་སེར་ཕལ་བའི་དམངས་ཁྲོད་རིག་གནས་གཉིས་ནི་རིག་གནས་གྲུབ་པའི་རྒྱུ་སྤུན་གྱི་ཚུལ་དུ་གནས་པ”བདེན་ན་དེ་གཉིས་ལས་གཙོ་བོ་གང་ཞིག་གིས་ཁྱེད་ཀྱི་རིག་གནས་ལྷུག་རྩོམ་གསར་བཞེངས་ལ་རམ་འདེགས་བླ་ན་མེད་པ་བསྩལ་བྱུང་།

གངས་དབང་། ངས་ནམ་ཡང་ང་ཚོའི་རིག་གནས་ནི་དམ་པའི་གསུང་རབ་དང་།མི་སེར་ཕལ་བའི་བློ་རིག་ལས་འཁྲུངས་པའི་དམངས་ཁྲོད་རིག་གནས་གཉིས་རྒྱུ་དང་སྤུན་གྱི་ཚུལ་དུ་གྲུབ་པ་རེད་ཅེས་སེམས་ཀྱིན་ཡོད།མཆོད་རྟེན་ཞིག་ལ་ཆ་བཞག་ན། དམ་པའི་གསུང་རབ་ནི་རྩེ་མོ་དང་།དམངས་ཁྲོད་རིག་གནས་ནི་གཞི་གདན་ལྟ་བུ་ཡིན་པས་གང་ཡིན་ཡང་མེད་དུ་མི་རུང་བ་ཞིག་རེད།གཏིང་ཟབ་པའི་རིག་གནས་ཀྱི་མཁའ་དབྱིངས་སུ་མཐོ་ལྡིང་བྱེད་མཁན་བྱ་རྒྱལ་རྒོད་པོ་དགོས་ལ།འགྲོ་འཆག་ཉལ་འདུག་གི་ས་གཞིར་འགྲོ་སྐྱོད་བྱེད་པའི་འབའ་འབུ་སེམས་ཅན་ཡང་ཡོད་ན།ད་གཟོད་མདའ་གཞུ་གཉིས་ཀ་ཚང་བ་ལྟར་ཐབས་དང་ཤེས་རབ་གཉིས་ཀ་ལྡན་པའི་འཚོ་བ་ཞིག་ཆགས་ཐུབ་རྒྱུ་རེད།གལ་སྲིད་ངའི་རིག་གནས་ལྷུག་རྩོམ་ལ་རྩམ་དྲི་ཞིག་བྲོ་ན་སྲོལ་རྒྱུན་ལས་ཤེས་རབ་བསླངས་ཤིང་དམངས་ཁྲོད་ལས་ཐ་སྙད་བཙལ་བའི་བཀའ་དྲིན་ལས་མ་འདས།

གངས་དབང་གི་ལྷུག་རྩོམ་དང《རང་ཡུལ་རང་གིས་བསྐོར་བའི་སྐྱིད་སྡུག》

ཨོ་རྒྱན། ཁྱེད་ཀྱི་རིག་གནས་ལྷུག་རྩོམ་དེབ་ལ《རང་ཡུལ་རང་གིས་བསྐོར་བའི་སྐྱིད་སྡུག》ཅེས་མིང་བཏགས་པ་དང་།རྩོམ་དེ་དག་འབྲི་དུས་ཕྲད་པའི་དཀའ་ངལ་བཅས་ཀློག་པ་པོ་རྣམས་ལ་ཞུ་འདོད་པ་ག་རེ་ཡོད།

གངས་དབང་། སྤྱིར་གོང་དུ་ཞུས་པ་ལྟར་དགེ་བའི་བཤེས་གཉེན་ཉན་ཤུལ་མཁྱེན་རབ་འོད་གསལ་ལགས་ཀྱིས། ས་མཐའི་ཡུལ་མི་རྣམས་ཀྱི་གནས་ཚུལ་རྣམས་ཟིན་ཐོར་འགོད་ཐུབ་ན་ཡག་པོ་རེད་ཅེས་གསུངས་མྱོང་བ་དག་ནམ་ཡང་བརྗེད་མེད་མོད། གཅིག་ནི་ས་ཆ་སོ་སོར་འགྲོ་བའི་ཆ་རྐྱེན་མ་ཚང་། གཉིས་ནི་དེ་སྔོན་ཨ་མ་ལོ་ན་ཆེ་བས་ཁོམ་པ་ཡོད་དུས་ཁོང་གི་དྲུང་དུ་བཅར་དགོས་པས་འགྲོ་མ་ཐུབ། རེད་དེ། ལོ་ལྔའི་སྔོན་ལ་དྲིན་ཆེན་མ་ལོ་ཡང་ཚེ་ལས་འདས་པས་ང་རང་དངོས་གནས་མི་ཁེར་རྐྱང་ཞིག་ཏུ་ལྷག་སོང་། དེ་ནས་བཟུང་ཁོམ་པ་ཡོད་དུས་རྒྱལ་རོང་དང་མི་ཉག། འདྲ་པ་བཅས་མི་ཉག་རབ་སྒང་ནས་འགྲོ་མགོ་ཚུགས་པ་ཡིན། ས་ཆ་སོ་སོར་སོང་དུས། མེས་པོ་ཚོས་བློ་རིག་ལས་འཁྲུངས་པའི་རིག་གནས་ཀྱི་ཤུལ་བཞག་མང་པོ་མཐོང་དུས་སྐྱིད་ཀྱང་།ང་ཚོ་རུལ་ངན་རྣམས་ཀྱིས་ཡོད་ཚད་མིག་ཟུར་དུའང་མ་བཞག་པར་བཏང་སྙོམས་སུ་འཇོག་པའི་གནས་ཚུལ་མཐོང་དུས་སྡུག་བྱུང་། བྱམས་སྙིང་རྗེ་ཅན་གྱི་ཡུལ་མི་ཚོ་མཇལ་དུས་སྐྱིད་བྱུང་ལ། རྨོངས་པས་མགོ་བོ་འཐོམས་པའི་མི་སེར་རྣམས་མཐོང་དུ་སྡུག་བྱུང་།ཡུལ་མི་ཚོས་ས་དེ་གའི་རིག་གནས་ལ་མཐོང་ཆེན་བྱེད་པར་དགའ་བསུ་ཞུས་པས་སྐྱིད་ཀྱང་། བན་བོན་ཞེས་ཕྱོགས་ལྷུང་གི་ལྟ་བས་ཟིན་པའི་སེར་མོ་བ་དང་སྐྱ་བོ།རིག་གནས་པ་དང་ཐུག་དུས་སྡུག་བྱུང་། ང་སོང་བ་འཕྱིས་མེད་པས་མེས་པོ་ཚོའི་ཞབས་རྗེས་དངོས་སུ་མཇལ་དུས་སྐྱིད་ཀྱང་།ང་སོང་བ་ཅུང་འཕྱིས་འདུག་པས་ཟེར་སྒྲོས་ཙམ་ལས་ལྷག་མེད་དུས་སྡུག་བྱུང་། གང་ལྟར་ང་ནི་ལྟ་བ་ཡོད་ཀྱང་གྲུབ་མཐའ་མེད་པའི་ལམ་འགྲོ་བ་ཞིག་ཡིན་པས། སྐྱིད་སྡུག་གཉིས་ཀ་རྒྱབ་ཏུ་ཁུར་ནས་འགྲོ་བཞིན་ཡོད། རིག་གནས་ལྷུག་རྩོམ་འབྲི་མཁན་ཞིག་ཡིན་ན། རྐང་པ་སྟོབས་ཤུགས་ཅན་དང་མིག་ཟུར་རྣོན་པོ་ཅན། བསམ་བློ་ཞིབ་ཕྲ་ཅན། སྨྱུ་གུ་ཁ་ལོ་ཅན་ཞིག་དགོས་ཞེས་པ་ལྟར། གོ་ལོ་ཐོས་ལོ་ཙམ་མ་ཡིན་པར་ཡུལ་དངོས་སུ་འགྲོ་དགོས་པས།དུས་ཚོད་ཀྱིས་མི་འདང་བ་དང་འགྲོ་སོང་ཆེ་བའི་དཀའ་ངལ་ལ་འཕྲད་ཅིང་། ལོ་རྒྱུས་དང་ས་ཁམས་ཀྱི་ཤེས་བྱ། མིའི་རིགས་རིག་པ་དང་གནའ་རྫས་རྟོག་དཔྱོད་རིག་པ་བཅས་ལ་སྦྱངས་པ་དམན་པས་སྐབས་འགར་ཅི་བྱ་གཏོལ་མེད་དུ་གྱུར། ང་ཚོ་ནི་མཐོ་ས་ལ་ལག་སྙོབ་བྱེད་པ་ལ་དགའ་བ་ལས་དམའ་ས་འཚོ་བའི་དངོས་ལ་ཞུགས་པ་ཉུང་བས་རྩོམ་འབྲི་བའི་སྐབས་སུ་བརྗོད་དོན་གསལ་པོར་མཚོན་ལ།གསོན་ཉམས་ལྡན་པའི་ཐ་སྙད་ཀྱིས་མི་འདང་བ་སོགས་དཀའ་ངལ་མང་པོ་འཕྲད་མོད། ས་ཆ་གང་ལ་སོང་ཡང་ལས་འབྲེལ་ཡོད་པའི་ཡུལ་མི་སྤུན་ཟླ་ཚོས་རོགས་རམ་གནང་བས་ངས་བྲིས་པའི་ཡིག་འབྲུ་ཚང་མ་ནི་ས་འདམ་གྱི་དྲི་མ་བྲོ་ཞིང་། མི་སེར་ཚོའི་ཁ་རླངས་ལྡན་པ་ཁོ་ན་ཡིན་པས། ལམ་བར་དུ་ཐུག་པའི་ཡུལ་མི་ཚོའི་བཀའ་དྲིན་ནམ་ཡང་བརྗེད་རྒྱུ་མེད་ལ། ངས་བྲིས་པའི་རིག་གནས་ལྷུག་རྩོམ་དེ་དག་དུས་དེབ་དང་འཕྲིན་སྟེགས་ཐོག་སྤེལ་བ་ནས་བཟུང་ཚང་མས་དགའ་བསུ་ཞུས་པས་མ་ཚད། མུ་མཐུད་དེ་འབྲི་རྒྱུའི་རེ་བཅངས་པ་ལ་ཡུལ་དུས་གང་དུ་ཡང་བཀའ་དྲིན་ཆེ་ཞུ་དགོས།

དེ་མིན་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་མགོ་ཁྲིད་དང་གྲོགས་པོ། དཀར་མཛེས་ཁུལ་རིག་རྩལ་ལྷན་ཚོགས་ཀྱི་མགོ་ཁྲིད་དང་གྲོགས་པོ། ནམ་ཡང་ང་ལ་ཐུགས་ཁུར་གནང་བའི་ཁམས་ཀྱི་ཕོ་རྒོད་འགའ་ཡི་དྲིན་ལས《རང་ཡུལ་རང་གིས་བསྐོར་བའི་སྐྱིད་སྡུག》དེབ་དང་པོ་པར་དུ་བསྐྲུན་ཐུབ་སོང་། དེབ་དང་པོ་ནི་ཆེས་ཐོག་མར་རྒྱལ་རོང་དང་མི་ཉག་གཙོ་བོར་བྱས་པའི་ས་ཆ་འགའ་ལ་སོང་རྗེས་བྲིས་པ་ཡིན་པས་བརྗོད་བྱ་དང་རྗོད་བྱེད་གང་ཅིའི་ཐད་ལ་སེམས་མགུ་བ་ཞིག་བྱུང་མ་ཐུབ་མོད། ངས་སྔོན་འགྲོའི་གཏམ་གྱི་ཚབ་ཏུ《ང་ད་རུང་འགྲོ་དགོས》ཞེས་པ་ནང་བྲིས་པ་ལྟར།ང་མུ་མཐུད་ནས་འགྲོ་བཞིན་ཡོད་ལ།མི་ཉག་རབ་སྒང་ནས་མགོ་ཚུགས་ཏེ་ས་ཆ་སོ་སོར་སོང་བ་ལས་སྨིན་པའི་འབྲས་བུ་རྣམས་དེབ་གཅིག་ཀྱང་ལོངས་ཟིན་པས་མི་འགྱང་བར་པར་དུ་བསྐྲུན་རྩིས་ཡིན།མ་འོངས་པར་ང་ད་རུང་མུ་མཐུད་དེ་འགྲོ་རྒྱུ་རེད་ལ།ལག་པ་མ་འདར་བར་དུ་འབྲི་རྒྱུ་ཡིན་པས།ངའི་འགྲོ་འདུག་ལ་གཟིགས་སྐྱོང་གནང་མཁན་གྱི་དགེ་རྒན་དང་གྲོགས་པོ།ངའི་ཡིག་འབྲུ་རྣམས་མིག་ཟུར་དུ་མ་འདོར་བའི་ཀློག་པ་པོ་རྣམས་ཀྱིས་ནམ་ཡང་སྔོན་ནས་འཁྲིད་རོགས་རྒྱབ་ནས་སྐྱོར་རོགས་ལགས།

ཨོ་རྒྱན། མཇུག་ཏུ་ད་ཐེངས་བཅར་འདྲི་དང་ལེན་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ཁྱེད་ཀྱི་གསར་རྩོམ་གྱི་མདུན་ལམ་སྔར་ལས་ཡངས་ཤིང་ཕ་སྐད་མ་ཡིག་གི་རླུང་རྟ་དར་ཞིང་རྒྱས་པར་སྨོན།

གངས་དབང་། ཁྱེད་ཀྱིས་བཅར་འདྲི་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ཁྱེད་ཀྱི་རྩོམ་སྒྲིག་དང་གསར་རྩོམ་གྱི་བྱ་གཞག་ལ་འབྲས་བུ་གཡུར་དུ་ཟ་བར་སྨོན་ནོ།།

སྤྱི་ལོ2020ལོའི་ཟླ5པའི་ཚེས28ཉིན་ཤར་དར་རྩེ་མདོ་ནས།



  • ལེ་ཚན་སྔོན་མ།:༄༅།། ཡིག་བསྒྱུར་ལས་དོན་ལ་ངེས་པར་དུ་ཚང་དགོས་པའི་རྒྱུ་རྐྱེན་འགའ།
  • ལེ་ཚན་རྗེས་མ།:བརྩམས་སྒྲུང《གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད》དང《རྩྭ་ཐང་གི་ཉིན་ཐོ》ཡི་སྒྱུ་རྩལ་ཁྱད་ཆོས་ཐད་ཀྱི་ཞིབ་བསྡུར།
  • དོ་སྣང་ཆེ་བའི་རྩོམ།