བོད་ཡིག་དགེ་རྒན་གྱིས་སློབ་ཆུང་སློབ་མ་ཚོའི་རྩོམ་འབྲི་བའི་ནུས་པ་ཇི་ལྟར་སྐྱེད་སྲིང་བྱེད་དགོས་ཚུལ་ཅུང་ཟད་བཤད་པ།

བུ་ཆུང་།        2020-11-26

སློབ་ཆུང་གི་བོད་ཡིག་སློབ་ཁྲིད་ཅེས་པ་ནི། ཡི་གེ་ཁོ་ན་ཙམ་གྱིས་མི་ཆོག་པར་སྐད་ཡིག་གཉིས་ཀ་ཟུང་དུ་སྦྲེལ་དགོས་པ་ཞིག་ཡིན་ལ། སྐད་དང་ཡི་གེ་གཉིས་ཀ་སློབ་ཁྲིད་བྱེད་པ་བརྒྱུད་ནས། སློབ་ཆུང་སློབ་མ་རྣམས་ཀྱི་ཁམས་དང་མོས་པ་ལ་བརྟེན་ནས་བསམ་བློ་གཏོང་སྟངས་དང་། བྱ་བ་སྤྱོད་པ་བཟང་པོ་རྣམས་སློབ་མའི་སེམས་ནང་རྡོ་ལ་རི་མོ་བརྐོས་པ་ལྟར་བརྟན་པོར་འཇགས་ཐུབ་ན། ལོ་ན་ཆུང་བའི་སློབ་ཆུང་སློབ་མ་རྣམས་ལ་འཚོ་བའི་ནང་གང་ཡང་དག་པ་དང་། གང་མ་རབས་ཡིན་པའི་ལྟ་བ་ཡག་པོ་ཞིག་ཆགས་ཐུབ་པ་ལ། ཤོག་གུ་སྣུམ་གྱིས་ཟིན་པ་ལྟར་ཕན་པ་ལ་ཐེ་ཚོམ་མེད། རེད་དེ། དགེ་རྒན་གྱིས་སློབ་ཁྲིད་ནང་ཁྲིད་པ་དང་སློབ་མ་ཚོས་དགེ་རྒན་གྱིས་བཤད་པ་ལྟར་སྦྱངས་པ་ཙམ་གྱིས་མི་ཆོག་པར། སློབ་མ་སོ་སོས་རང་གིས་འཇོན་ཚད་ལྟར་དཔེ་ཆ་བཀླགས་ཏེ་གཞན་གྱི་བསམ་བློའི་སྙིང་བཅུད་ལེན་ཐུབ་དགོས་པ་དང་། རང་གི་དྲན་ཚུལ་རྣམས་ཡི་གེའི་ཐོག་ལ་འབེབས་ཐུབ་དགོས་པས། གཤམ་ལ་བོད་ཡིག་སྦྱོང་མཁན་གྱི་སློབ་ཆུང་སློབ་མ་ཚོའི་རྩོམ་འབྲིའི་ནུས་པ་ཇི་ལྟར་སྐྱེད་སྲིང་བྱེད་དགོས་ཚུལ་ཅུང་ཟད་བཤད་རྒྱུ་ཡིན།

སློབ་ཆུང་ནི་མི་ཞིག་གི་མི་ཚེར་ཐོག་མར་རྨང་གཞི་འཇོག་པའི་དུས་ཚིགས་གལ་ཆེན་ཞིག་ཡིན་པས། ཐོག་མར་སློབ་མ་ཚོའི་ལྟ་ཀློག་གི་ནུས་པ་གསོ་སྐྱོང་བྱ་རྒྱུ་ནི་ཧ་ཅང་གལ་ཆེ། དེ་ཡང་ཡི་གེ་ལས་མིང་གྲུབ་ཅིང་། མིང་ལས་ཚིག་གྲུབ་པ་ཡིན་པས་དགེ་རྒན་རྣམས་ཀྱིས་ཐོག་མར་ཡི་གེ་དག་པར་ཀློག་ཤེས་པ་ནས་འགོ་ཚུགས་ཏེ། རིམ་བཞིན་དུ་མིང་དང་ཚིག་གསལ་པོར་གོ་ཐུབ་པར་བྱ་དགོས། མིང་ཚིག་གཉིས་ལ་ཅུང་བྱང་ཆ་ཐོན་ན། གང་བརྗོད་པར་བྱ་བའི་དོན་རྣམས་ཕྱིན་ཅི་མ་ལོག་པར་གོ་ཐུབ་པ་དང་། བརྗོད་བྱའི་དགོས་པ་དང་ཉིང་དགོས་ཀྱང་ཡིད་ལ་ཟིན་ཏེ། སྐད་ཡིག་སློབ་ཁྲིད་ཅེས་པའི་དམིགས་ཡུལ་དང་པོ་གྲུབ་པ་རེད། གལ་སྲིད་སློབ་མ་ཞིག་གིས་མིང་ཚིག་ཡག་པོ་ཀློག་མ་ཤེས་པའམ་གོ་བ་ཡང་དག་པ་མ་ལོན་ན། དཔེ་ཆ་གཞན་དག་ལ་ལྟ་བའི་ནུས་པ་མེད་ལ། རང་གི་བསམ་ཚུལ་དྲན་ཚུལ་རྣམས་གཞན་ལ་བཤད་འདོད་ནའང་ལག་རྡུམ་བྲག་ལ་འཛེགས་པ་ལྟར་དཀའ་ངལ་འཕྲད་ངེས། དེས་ན་དགེ་རྒན་གྱིས་སློབ་ཆུང་གི་སློབ་དེབ་ནང་ཡོད་པའི་མིང་དང་ཚིག་ཙམ་གྱིས་མི་ཆོག་པར། དུས་རྒྱུན་འཚོ་བའི་ནང་གི་གོ་བདེ་ལ་རྒྱུན་དུ་བེད་སྤྱོད་གཏོང་བཞིན་པའི་ཐ་སྙད་རྣམས་གསོག་འཇོག་བྱས་ཏེ། སློབ་མ་ཚོ་ལ་བློ་རུ་འཛིན་བཅུག་ན་བོད་ཡིག་སློབ་ཁྲིད་ལ་གྲུབ་འབྲས་སྨིན་པར་ཆར་པ་ཆུ་གྲོགས་ཀྱི་ནུས་པ་ཐོན་ཐག་ཆོད་རེད།

མི་རིགས་སོ་སོ་ལ་ཁ་སྐད་དང་ཡིག་སྐད་གཉིས་ཀ་ཡོད་སྲིད་ལ། བོད་ཡིག་ལ་ཆ་མཚོན་ན་ཡིག་སྐད་དང་ཁ་སྐད་བར་ལ་མི་འདྲ་ས་མང་ཆེ་བས། དགེ་རྒན་གྱིས་སློབ་ཁྲིད་བྱེད་དུས་གོ་བདེ་མོའི་སྐད་ཐོག་ནས་བཤད་དགོས་པ་དང་། ཡིག་སྐད་གོ་དཀའ་བ་རྣམས་ཁ་སྐད་ཐོག་ནས་ཇི་ལྟར་བཤད་དགོས་ཚུལ་སློབ་མ་རྣམས་ལ་ཁ་གསལ་མོས་ཁྲིད་ན། སློབ་མ་ཚོས་གོ་བ་ལོན་པར་དཀའ་ངལ་དེ་ཙམ་མེད་པས་མ་ཚད་བོད་ཡིག་སྦྱོང་བར་མོས་པ་ཇེ་ཆེར་འགྱུར་སྲིད།

སློབ་མ་ཚོས་མིང་ཚིག་ལེགས་པར་སྦྱངས་རྗེས། སྐབས་འགར་དཔེ་ཆ་གཞན་དག་ཀློག་ཐུབ་ཀྱང་ནང་དོན་མི་ཤེས་པ་དང་། རང་གི་བསམ་ཚུལ་རྣམས་ཡག་པོར་འབྲི་མི་ཐུབ་པའི་གནས་ཚུལ་ཡང་འཕྲད་སྲིད། དེ་ནི་སྐད་ཡིག་གི་འགྲོས་སམ་བརྡ་སྤྲོད་རིག་པ་མ་ཤེས་པའི་སྐྱོན་ཡིན་པས། དགེ་རྒན་གྱིས་བོད་ཀྱི་བརྡ་སྤྲོད་རིག་པའི་ལུགས་ལྟར། བྱེད་པ་པོ་དང་བྱ་བའི་ཡུལ། བྱ་ཚིག་སོགས་འཇོག་སྟངས་ཀྱི་རྨང་གཞིའི་ཤེས་བྱ་རྣམས་འཁྲིད་དགོས་པས་མ་ཚད། ཁ་སྐད་དང་ཡིག་སྐད་བར་གྱི་འདྲ་ས་དང་མི་འདྲ་ས་བཤད་ན། གཅིག་ནི་སློབ་མ་ཚོས་ལྟ་ཀློག་གི་ཐོག་ནས་གཞན་གྱིས་བྲིས་པ་ལ་གོ་བ་ལོན་ཐུབ་པ་དང་། རང་གིས་བཤད་བསམས་པ་རྣམས་ཡི་གེར་འབྲི་ཐུབ་བོ།

དེ་ལྟ་བུའི་གོ་རིམ་བརྒྱུད་ཀྱང་། ད་དུང་སློབ་མ་ཚོའི་ལྟ་ཀློག་འབྲི་གསུམ་ལ་ཡར་རྒྱས་ཆེན་པོ་ཡོང་མི་ཐུབ་པས། སློབ་ཆུང་གི་སློབ་དེབ་ཁོ་ནས་ཡིད་མི་ཚིམ་པར། དུས་རྒྱུན་སློབ་ཆུང་སློབ་མ་དང་མཐུན་པའི་ཇི་བཞིན་བརྗོད་པ་དང་གསལ་བཤད་རྩོམ་ཡིག་ཐུང་གྲས་རྣམས་སློབ་ཚོ་ལ་ལྟ་རུ་བཅུག་པ་དང་། རང་རང་སོ་སོས་བལྟས་པའི་དཔེ་ཆའི་ནང་དོན་ཟིན་བྲིས་སུ་འབེབས་བཅུག་པ་དང་། དེའིནང་གི་ཐ་སྙད་གསར་པ་རྣམས་བློ་རུ་འཛིན་བཅུག་ན། ཆུ་ཐིགས་བསགས་པས་རྒྱ་མཚོ་ལྟར་སྐད་ཡིག་གི་ནུས་པ་ཐེ་མཐོ་ནས་ཇེ་མཐོ་རུ་འགྱུར་བ་ནི། དཔེ་ཀློག་བྱེད་པའི་རྟེན་འབྲེལ་དང་རྒྱུ་འབྲས་རེད།

འཛམ་གླིང་གི་རྩོམ་པ་པོ་གྲགས་ཅན་གང་ཞིག་ཡིན་རུང་། ཐོག་མ་ཉིད་ནས་འབྲི་ཤེས་པ་ཞིག་ཡིན་མི་སྲིད་པར་ཆུང་དུས་ནས་ལྟ་ཀློག་འབྲི་གསུམ་བྱེད་པར་འབད་པ་ཆེན་པོ་བྱས་ནས་ཡོང་བ་ཞིག་ཡིན་པས། དུས་རྒྱུན་སློབ་མ་ཚོ་ལ་ཉིན་ཐོ་འབྲི་རུ་འཇུག་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ་སྟེ། ཉིན་ཐོ་ཞེས་པ་ནི་རང་གི་མཐོང་ཐོས་མྱོང་གསུམ་ངོ་མ་ཡིན་པས་འབྲི་རྒྱུ་ཡོད་པ་དང་འབྲི་དུས་གོ་རིམ་ལྡན་པ། འཚོ་བའི་ཐ་སྙད་མང་པོ་སྤྱོད་ཆོག་པ་བཅས་རེད། དེ་ཡིས་སློབ་མ་ཚོས་རྩོམ་ཡིག་འབྲི་དུས་རྗོད་བྱེད་ཀྱི་ཚིག་དང་བརྗོད་བྱའི་དོན་རྣམས་ལུགས་དང་མཐུན་ལ་གསོན་ཉམས་ལྡན་པའི་ཁྱད་ཆོས་ཡོང་སྲིད།

རྩོམ་རིག་གི་གཞུང་ནང་རྩོམ་ཡིག་འབྲི་བར་རྒྱུ་དང་རྐྱེན་གང་དག་ཚང་དགོས་པ་མང་པོ་བཤད་ཡོད་མོད།གཙོ་བོ་ནི་ལག་ལེན་ཡིན་ལ།ལག་ལེན་ལས་ཉམས་མྱོང་གསོག་འཇོག་བྱས་ཏེ་དགེ་རྒན་གྱིས་སློབ་ཁྲིད་བྱེད་པ་དང་སློབ་མ་རྣམས་ཀྱིས་རྩོམ་འབྲི་བ་ལ་མཛུབ་སྟོན་བྱེད་དགོས་པ་ནི་ཨ་ཡོད་ནང་གི་ད་ཡོད་དང་སྒོ་ང་ནང་གི་སེར་རིལ་རེད། དགེ་རྒན་རྣམས་ཀྱིས་རྩོམ་ཡིག་འབྲི་སྟངས་ཁྲིད་པའི་དམིགས་ཡུལ་ནི་རྩོམ་པ་པོ་གསོ་སྐྱོང་བྱེད་པའི་ཆེད་དུ་མིན་ཡང་། སྐད་ཡིག་སློབ་ཁྲིད་ཀྱི་མཐར་ཐུག་གི་དམིགས་ཡུལ་ནི་ལྟ་ཤེས་པ་དང་ཀློག་ཤེས་པ། འབྲི་ཤེས་པའི་ཆེད་དུ་ཡིན་པས་སློབ་ཆུང་གི་དུས་ནས་སློབ་མ་ཚོས་རྩོམ་ཡིག་ཡག་པོ་འབྲི་ཐུབ་ན་རྗེས་སུ་བྱ་བ་གང་ཞིག་བསྒྲུབས་ཀྱང་རུང་། མི་དང་མི་བར་འབྲེལ་འདྲིས་བྱས་ནའང་འདྲ། མི་འཇོན་ཐང་ཅན་ཞིག་ལ་ཆགས་ཏེ་ལས་ཀ་ལ་འབྲས་བུ་བཟང་པོ་སྨིན་སྲིད་པས། ཆུང་དུས་ནས་དཔེ་ཆ་ནང་གི་་ཤེས་བྱ་མང་ཙམ་ལ་རྒྱུས་ལོན་བྱེད་པའི་ཞོར་དུ། དུས་རྒྱུན་དུ་ཉིན་ཐོ་དང་ཇི་བཞིན་བརྗོད་པ། གསལ་བཤད་རྩོམ་ཡིག་མང་ཙམ་འབྲི་རུ་བཅུག་དགོས་པས་མ་ཚད། ཕན་ཚུན་བར་རྩོམ་ཡིག་ལྟ་ཀློག་དང་མྱོང་ཚོར་བརྗེ་རེས་བྱེད་པ་དང་། སྐབས་འགར་རྩོམ་ཡིག་འགྲན་སྡུར་བྱས་ན། ཕན་ཚུན་བར་བཟང་ངན་བླངས་དོར་བྱེད་ཐུབ་པ་དང་། དེ་མིན་སློབ་མ་རྣམས་ཀྱིས་བྲིས་པའི་རྩོམ་ཡིག་རྣམས་འཛིན་གྲྭའི་སློབ་སྦྱོང་སྐྱེད་ཚལ་དང་ཚགས་པར་སོགས་ཀྱི་ཐོག་ལ་བཀོད་ན། སློབ་མ་ཚོ་ལ་རྩོམ་ཡིག་འབྲི་བའི་སྤོབས་པ་དང་མོས་པ་ཇེ་ཆེར་གྱུར་ཏེ། དགེ་རྒན་གྱིས་བཤད་མ་དགོས་པར་རང་མོས་ཀྱིས་རྩོམ་ཡིག་འབྲི་བར་འབད་འབུངས་བྱེད་ངེས་སོ།

གོང་དུ་བོད་ཡིག་སྦྱོང་མཁན་གྱི་སློབ་ཆུང་སློབ་མ་ཚོའི་རྩོམ་འབྲི་བའི་ནུས་པ་ཇི་ལྟར་སྐྱེད་སྲིང་བྱེད་དགོས་ཚུལ་ཅུང་ཟད་བཤད་པ་ཡིན་ལ། དགེ་རྒན་རྣམས་ཀྱིས་རང་གི་མྱོང་ཚོར་དང་སློབ་མ་ཚོའི་རྨང་གཞི་དང་སེམས་ཁམས་ལ་བསྟུན་ཏེ། ཐབས་ཤེས་རྣམ་པ་སྣ་ཚོགས་ཀྱི་ཐོག་ནས་རྩོམ་འབྲི་བའི་ནུས་པ་སྐྱེད་སྲིང་བྱས་ན། ཆར་ལུད་དྲོད་གསུམ་འཛོམས་པའི་ས་བོན་ལ་མྱུ་གུ་འཁྲུངས་ཏེ་འབྲས་བུ་སྨིན་པ་ལྟར་དགའ་འོས་པའི་གྲུབ་འབྲས་མི་ཐོན་ཅི་ལ་སྲིད།།

  • ལེ་ཚན་སྔོན་མ།:སློབ་ཆུང་སློབ་མའི་རྩོམ་འབྲིའི་ནུས་པ་ཇི་ལྟར་སྐྱེད་སྲིང་བྱ་དགོས་ཚུལ་སྐོར་བརྗོད་པ།
  • ལེ་ཚན་རྗེས་མ།:གསར་འགྱུར་རྩོམ་ལུས་ཀྱི་དབྱེ་བའི་སྐོར་ཅུང་ཟད་གླེང་བ།
  • དོ་སྣང་ཆེ་བའི་རྩོམ།