དུས་རབས་རིམ་བྱུང་གི་བོད་ཀྱི་མངའ་རིས་དབྱེ་ཚུལ་སྐོར་ཉུང་ངུར་བརྗོད་པ།

གསེར་ཀུན་དགས་བྲིས།        2021-01-27

གངས་ལྗོངས་ཟལ་མོ་སྒང་གི་སྣོད་བཅུད་ལས། ། 

སྣོད་ཀྱི་ཆགས་ཚུལ་དེ་ཡི་མངའ་རིས་སོགས། ། 

སྤྱི་དང་བྱེ་བྲག་རྒྱས་པར་བཤད་པའི་ཟོལ། །  

དུས་དང་མཐུན་པ་གཙུག་ལག་དགོངས་པ་ཡིན། ། 

སྤྱི་ལོའི་སྔོན་གྱི་དུས་རབས་བཅུ་དགུ་ཙམ། །  

ཞང་ཞུང་ཡུལ་དུ་སྤྱི་མཐུན་རྒྱལ་པོ་མེད། །

དུས་གཅིག་རྒྱལ་པོ་བཅོ་བརྒྱད་བྱུང་བ་ཡིས། ། 

ཡུལ་ལ་ཞང་ཞུང་མི་རྣམས་ཞང་ཞུང་གྲགས། །   

ཡུལ་གྱི་དངོས་གཞི་སྒོ་ཕུགས་བར་གསུམ་ཞེས། །  

ཕུགས་དེ་ཞང་ཞུང་གཤེན་རྒྱལ་བཅོ་བརྒྱད་དང་། །

བར་ལ་དབུས་གཙང་ལྷོ་བྱང་ཀུན་ཏུ་འདུས། །   

སྒོ་དེ་སུམ་པ་གླིང་གི་གྱིམ་ཤོད་སོགས། ། 

དེ་དག་རེ་རེ་ལའང་གསུམ་གསུམ་ཕྱེས། །  

མངའ་མཛད་སྐབས་ཀྱི་བོད་ཀྱི་ས་དབྱེ་ཡིན། །    

དེ་ནས་སྤུ་རྒྱལ་སྲིད་དབང་ཚུགས་མ་ཐག། 

སྤྱི་ལོ་བརྒྱ་དང་ཉི་ཤུའི་དུས་སྐབས་སུ། །  

ཡུལ་གྱི་མིང་ལ་བོད་ཀ་གཡག་དྲུག་དང་། །  

རྒྱལ་འབངས་ཀུན་ལ་སྐུ་རྒྱལ་བོད་མི་ཟེར། ། 

ཡུལ་གྱི་གཙོ་བོ་ཡར་ལུང་སོག་ཁ་ཙམ། །  

དེ་ནས་དུས་རབས་བདུན་དང་བརྒྱད་པ་སྟེ། །  

སྤུ་རྒྱལ་བཙན་པོའི་སྲིད་དབང་རྩེར་སོན་སྐབས། ། 

ཡུལ་གྱི་མིང་ལ་གཙང་དབུས་ཁམས་གསུམ་དང་། །

དེར་གནས་མི་ལ་བོད་དང་བོད་ཆེན་འབོད། །    

རྒྱལ་པོའི་ཁབ་ཙམ་བོད་དང་མཐའ་ཡི་ཡུལ། ། 

བོད་ནི་ཆེན་པོ་ཞེས་ཀྱང་ཀུན་ལ་གྲགས། ། 

འདི་སྐབས་ཁམས་ནི་དེང་གི་ཉིང་ཁྲི་ལས། །  

སྐྱེ་རྒུ་མདོ་དང་ཙོང་ཁ་དབྱར་མོ་ཐང་། ། 

ལྕགས་མོ་མགོ་ལོག་དབུས་གཙང་མན་ལ་བྱ། །  

མདོ་སྟོད་མདོ་སྨད་བྱ་བའི་མིང་ཡང་མེད། །  

དེ་ནས་དུས་རབས་དགུ་པ་བཅུ་པའི་སྟོད། ། 

སྤྱི་ཡི་སྲིད་དབང་ཡུལ་ལུང་སོ་སོར་བགོས། །   

ས་ཁུལ་རེ་ལ་དཔོན་རེས་སྟོད་སྨད་བྱས། ། 

དུས་དེར་བོད་ཡུལ་ཁམས་གསུམ་གླིང་དགུ་ཞེས། ། 

གཙང་གི་སྟོད་ལ་མངའ་རིས་སྐོར་གསུམ་དང་། །  

གཙང་གི་སྨད་ལ་དབུས་གཙང་རུ་བཞིར་བགོས། །   

ཁམས་ཀྱི་ཕྱོགས་ལ་མདོ་ཁམས་སྒང་གསུམ་བྱུང་། །  

དེ་ལས་སྟོད་ཀྱི་མངའ་རིས་སྐོར་གསུམ་ནི། ། 

གུ་གེ་གཡའ་དང་པུ་རང་གངས་ཀྱིས་བསྐོར། ། 

དྲེལ་ཤོད་ཆུ་དང་རུ་ཐོག་མཚོ་ཡིས་བསྐོར། །     

བར་གྱི་དབུས་གཙང་རུ་བཞི་གཡས་རུ་དང་། །

གཡོན་རུ་དབུ་རུ་རུ་ལག་དེ་བཞི་ཡིན། །   

སྨད་ཀྱི་མདོ་ཁམས་སྒང་གསུམ་བྱ་བ་ནི། །   

ཁམས་ཀྱི་དབྱར་མོ་སྒང་དང་ཟལ་མོ་སྒང་། ། 

མི་ཉག་རྩྭ་ཀ་ལ་བཏགས་སྒང་གསུམ་མོ། །    

དེ་ནས་དུས་རབས་བཅུ་གསུམ་ཡས་མས་སུ། །  

སྣ་འདྲེན་སས་བྱས་ཧོར་དམག་བོད་དུ་སྡང་། །

བོད་ཀྱི་ཡུལ་གྲུར་ཆོལ་ཁ་གསུམ་ཞེས་བཏགས། །   

མདོ་སྟོད་མདོ་སྨད་བྱ་བའི་མིང་དེ་བྱུང་། །    

མངའ་རིས་གུང་ཐང་སོག་ལ་སྐྱ་བོའི་བར། ། 

དབུས་གཙང་དམ་པ་ཆོས་ཀྱི་ཆོལ་ཁ་དང་། ། 

སོག་ལ་སྐྱ་ནས་རྨ་ཁུགས་དང་པོའི་བར། །      

མདོ་སྟོད་མི་ཡི་ཆོལ་ཁ་ཞེས་སུ་གྲགས། །   

རྨ་ཡི་ཁུགས་པ་དང་ནི་རྒྱའི་མཆོད་རྟེན། །  

དཀར་པོའི་བར་ལ་མདོ་སྨད་རྟ་ཆོལ་ཟེར། ། 

འདི་ནི་རེ་ཞིག་ཧོར་གྱི་དབང་བསྒྱུར་ལས། །   

བྱུང་བའི་མིང་ཡིན་སྔར་བོད་འབོད་སྲོལ་མིན། །  

དེ་ནས་མདོ་ཁམས་ཆུ་བཞི་སྒང་དྲུག་གི ། 

འབོད་ཚུལ་དེ་ནི་རྗེས་ནས་བྱུང་བ་ཡིན། །    

ཕག་གྲུའི་སྐབས་སུ་ད་དུང་སྒང་གསུམ་ཟེར། །    

ཕལ་ཆེར་གཙང་པ་ཚུན་ནས་བྱུང་བ་འདྲ། །

དེས་ན་མདོ་ཁམས་ཆུ་བཞི་སྒང་དྲུག་ནི། ། 

ཚ་བ་ཟལ་མོ་སྤོ་འབོར་དམར་རྫ་སྒང་། །  

སྨར་ཁམས་སྒང་དང་མི་ཉག་རབ་སྒང་ངོ་། །

ཆུ་བོ་བཞི་ནི་ཟླ་ཆུ་འབྲི་ཆུ་དང་། །  

ལྷོ་ཡི་རྔུལ་ཆུ་རྨ་ཆུ་བཅས་ལ་ཟེར། །  

དེ་ནས་དུས་རབས་བཅོ་བརྒྱད་གོང་འོག་ཏུ། ། 

ཁམས་ཀྱི་སྨད་ལ་ཨ་མདོ་ཞེས་ཀྱང་འབོད། །

གཞུང་ས་དགའ་ལྡན་ཆོས་སྲིད་གདུགས་ཆེན་འོག །  

མདོ་དབུས་ཁམས་གསུམ་བོད་ཀྱི་ཡུལ་ཞེས་སོ། །

འདི་ལྟར་སྔ་གཞུག་དུས་རབས་ལ་བསྟུན་ཏེ། །    

བོད་ཀྱི་མངའ་རིས་དབྱེ་སྟངས་བཤད་པའི་མཐུ། ། 

རང་བློར་གང་ཤར་བྱུང་རྒྱལ་གཏམ་མིན་པར། ། 

སྔོན་གྱི་གཏམ་ལ་རྗེས་ནས་དཔྱད་པ་ལགས། །  

དེ་བས་ཁམས་དང་ཨ་མདོ་མི་རྩོད་པར། །    

བརྒྱུད་པའི་ངག་རྒྱུན་སྔོན་གྱི་ཡིག་ཚང་སོགས། ། 

དཔང་བྱས་གཟུར་མོའི་བློ་ཡིས་དོན་འཚོལ་བར། །  

བགྱི་བ་འདི་ཙམ་དཔྱད་པའི་རྒྱུ་ཆར་འོས། །

 

    ཞེས་པ་འདི་ནི་རང་ཉིད་ཀྱིས་སྔོན་གྱི་གཏམ་དང་ཡང་དག་ཡིག་ཚང་སོགས་བཀླགས་པ་ལས་བྱུང་བའི་《དུས་རབས་མི་འདྲ་བའི་ནང་དུ་བྱུང་བའི་བོད་ཀྱི་མངའ་རིས་དབྱེ་ཚུལ་སྐོར་ཉུང་ངུར་བརྗོད་པ་བློ་ལྡན་ཐོས་པ་དགའ་སྐྱེད》ཞེས་པའི་དཔྱད་རྩོམ་ཞིག་འབྲི་སྐབས་སུ་དེའི་སྙིང་གནད་དག་ཡིག་ཚོགས་ཡང་མོར་བརྒྱུས་ནས་སྔོན་དུ་སྤེལ་བ་ལགས་ཤིང་། གཏམ་འདིའི་རྒྱབ་རྟེན་གྱི་ཡིག་ཚང་དག་ནི་དུས་རབས་དགུ་པ་དང་བཅུ་པའི་སྐབས་སུ་བྱུང་བའི་བན་བོན་གྱི་གཏེར་མ་དང་ཆོས་འབྱུང་རྒྱལ་རབས་སོགས་ལ་ཁུངས་བྱས་པ་ཞིག་ཡིན་པས། བགྱི་བ་འདིར་མོས་པ་རྣམས་ཀྱིས་ཁོ་བོས་བྲིས་པའི་གོང་འཁོད་ཀྱི་དཔྱད་རྩོམ་དེར་གཟིགས་པར་འཚལ་ལོ། །

  • ལེ་ཚན་སྔོན་མ།:བོད་ཀྱི་ཡིག་ཚང་ཁྲོད་དུ་བཀའ་བསྟན་འགྱུར་ཞེས་པའི་ཐ་སྙད་དེ་ བན་བོན་གང་གི་ལུགས་ཡིན་མིན་དཔྱད་པ།
  • ལེ་ཚན་རྗེས་མ།:མིའི་རིགས་ཀྱི་ཤེས་རིག་བྱུང་འཕེལ་རགས་བཤད།
  • དོ་སྣང་ཆེ་བའི་རྩོམ།