བརྩམས་སྒྲུང《གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད》དང《རྩྭ་ཐང་གི་ཉིན་ཐོ》ཡི་སྒྱུ་རྩལ་ཁྱད་ཆོས་ཐད་ཀྱི་ཞིབ་བསྡུར།

བསོད་ནམས་བཟང་པོ།        2020-10-12

དང་བོ།བརྩམས་སྒྲུང《གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད》དང《རྩྭ་ཐང་གི་ཉིན་ཐོ》ཡི་བརྗོད་བྱའི་ནང་དོན་མདོ་ཙམ་བརྗོད་པ།

གཅིག《གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད》ཀྱི་བརྗོད་བྱའི་ནང་དོན་མདོ་ཙམ་བརྗོད་པ།

བརྩམས་སྒྲུང་འདིའི་རྩོམ་པ་པོ་ནི་མདོ་མཁར་ཞབས་དྲུང་ཚེ་རིང་དབང་རྒྱལ་ཡིན་ལ།གཏམ་རྒྱུད་འདིའི་ཕྱེད་སྔ་མའི་ནང་དུ་གཙོ་བོ་གཞོན་ནུ་ཟླ་མེད་དང་ཡིད་འོང་མ་གཉིས་ཀྱི་ལྷད་མེད་ཀྱི་བརྩེ་དུང་ལ་བསྔགས་བརྗོད་དང་། དེ་གཉིས་ཀྱི་བརྩེ་དུང་ལ་བར་ཆད་གཏོང་མཁན་ཟླ་བའི་བློ་གྲོས་ཡབ་སྲས་གཉིས་ཀྱི་རྨོངས་པའི་བློ་དང་ཚུལ་མིན་གྱི་བྱ་སྤྱོད་ལ་མཚང་འབྱིན་བྱས་ཡོད་པ་དང་།ཡ་ང་བའི་དམག་འཁྲུག་གིས་བཟོས་པའི་འབངས་མི་རྣམས་ཀྱི་སྡུག་བསྔལ་གྱི་འཚོ་བར་སྙིང་རྗེ་དང་གདུང་སེམས་ཚད་མེད་བཅངས་ཡོད་པར་མ་ཟད། རྩོམ་པ་པོས་གཞོན་ནུ་ཟླ་མེད་དང་ཡིད་འོང་མ་གཉིས་ཀྱི་བརྩེ་དུང་གི་གཏམ་རྒྱུད་ལ་བརྟེན་ནས་དུས་རབས་བཅོ་བརྒྱད་པའི་བོད་ཀྱི་འཁྲུག་ཟིང་གི་ལོ་རྒྱུས་དེ་མཚོན་པར་བྱས་ཡོད་ལ།ཞི་བདེ་དང་རང་དབང་།བདེ་སྐྱིད་ཀྱི་འཚོ་བར་རེ་སྨོན་ཆེན་པོ་བཅངས་ཡོད་པའི་བསམ་བློ་མཚོན་ཡོད།

གཉིས།《རྩྭ་ཐང་གི་ཉིན་ཐོ》ཡི་བརྗོད་བྱའི་ནང་དོན་མདོ་ཙམ་བརྗོད་པ།

བརྩམས་སྒྲུང་འདི་ནི་གཡང་འཚོ་སྐྱིད་ཀྱིས་བརྩམས་པ་ཡིན་ལ།འདིའི་ནང་དུ་གཙོ་བོ་བུ་མོ་སྒྲོལ་དཀར་གནས་ལ་བྱིན་ཟིན་པ་ལ།དེ་ལྟར་སྦྱིན་འོས་མིན་གྱི་རྩོད་གླེང་མང་བོ་བརྒྱུད་ནས།ཕ་མའི་བཙན་སྦྱོར་གྱི་གཉེན་སྒྲིག་ལུགས་སྲོལ་དང་།རྒན་རབས་པའི་བསམ་བློ་རྙིང་བར་སུན་འབྱིན་བྱས་ནས།རང་དབང་རང་འཐད་ཀྱི་གཉེན་སྒྲིག་ལུགས་སྲོལ་ལ་འབོད་པ་གཏོང་བ།གཉེན་སྒྲིག་བཙན་ཐབས་ཀྱི་བརྗོད་བྱའི་འོག་ནས་བོད་ཀྱི་རིག་གནས་ཀྱི་ངན་ཆ་ཞིག་སྟེ།རྒན་པོས་གཞོན་པ་དང་སྒོས་སུ་བུ་བུ་མོའི་བསམ་ཚུལ་ལ་དབང་ཡོད་སྒེར་སྡོམ་བྱེད་པའི་ཆ་ལ་ཐེར་འདོན་བྱས་ནས།གཞོན་རབས་ཀྱི་རང་གཤིས་ལ་བཅིངས་འགྲོལ་དང་རང་དབང་ཡོང་བར་རེ་བའི་བསམ་བློའི་ནང་དོན་དང་། བོད་རིགས་བུད་མེད་ཡོངས་ཀྱི་ལས་དབང་ལ་བསམ་གཞིགས་དང་ཕྱིར་རྟོག་ཁྲོད། བོད་རིགས་བུ་མོའི་ལས་དབང་གི་སྐྱོ་གླུ་དབྱངས་སུ་གྱེར་བ་ཞིག་ཡིན།

གཉིས་པ།《གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད》དང《རྩྭ་ཐང་གི་ཉིན་ཐོ》ཡི་སྒྱུ་རྩལ་གྱི་ཁྱད་ཆོས་ཐུན་མོང་གི་ཆ་ནས་བཤད་པ།

《གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད》དང《རྩྭ་ཐང་གི་ཉིན་ཐོ》ཡི་བརྩམས་སྒྲུང་འདི་གཉིས་ལ་སྒྱུ་རྩལ་གྱི་ཁྱད་ཆོས་ཐད་ཐུན་མོང་གི་ཆ་ཉག་ཅིག་ནི་ཞིབ་འབྲི་ཡོད་པ་དེ་ཡིན་ལ།དེ་ཡང་ཞིབ་འབྲི་ཞེས་པ་ནི་སྙན་འཇེབས་ཡིད་དབང་འཕྲོག་པའི་ཚིག་སྦྱོར་གྱིས་མི་སྣ་དང་ཡུལ་ལྗོངས་ཀྱི་བཀོད་པ་སོགས་བྲིས་ནས། འཚོ་བའི་ཁྲོད་ཀྱི་མི་དང་དངོས་པོ། ཁོར་ཡུག་སོགས་ཀྱི་གཟུགས་དབྱིབས་དང་རྣམ་པ་གང་རུང་ཞིག་མིག་ཤེས་ཀྱིས་མཐོང་རྒྱུ་ཡོད་པ་དང་། ལུས་ཤེས་ཀྱིས་རེག་རྒྱུ་ཡོད་པ། ཡིད་ཤེས་ཀྱིས་ཚོར་རྒྱུ་ཡོད་པ་ལྟ་བུ་ཞིག་ལ་ཟེར། དེ་ལ་དབྱེ་ན་མི་སྣ་ཞིབ་འབྲི་དང་ཁོར་ཡུག་ཞིབ་འབྲི་བཅས་གཉིས་ཡོད་ལ།དེ་ལས་མི་སྣ་ཞིབ་འབྲི་ལ་དབྱེ་ན་མི་སྣའི་གཟུགས་རིས་ཞིབ་འབྲི། བྱ་བྱེད་ཞིབ་འབྲི།བརྗོད་གཏམ་ཞིབ་འབྲི་སོགས་མང་བོ་ཡོད། ཁོར་ཡུག་ཞིབ་འབྲི་ལ་དབྱེ་ན་རང་བྱུང་ཞིབ་འབྲི་དང་སྤྱི་ཚོགས་ཞིབ་འབྲི་གཉིས་ཡོད།དེ་དག་རེ་རེས་བརྩམས་སྒྲུང་ནང་གི་མི་སྣའི་ཁྱད་ཆོས་འབུར་དུ་ཐོན་པ་དང་གསོན་ཉམས་ལྡན་པའི་ཐད་ལ་དགེ་མཚན་ཆེན་པོ་ཐོན་ཡོད།དེ་ན་གོང་གི་བརྩམས་སྒྲུང་དེ་གཉིས་ཀྱི་ནང་དུའང་སྒྱུ་རྩལ་གྱི་མཚོན་ཐབས་དེ་དག་བཀོལ་སྤྱོད་བྱས་ཡོད་ལ། གཤམ་ནས་ཞིབ་ཏུ་དཔྱད་པར་བྱའོ།།

གསུམ་པ། 《གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད》དང《རྩྭ་ཐང་གི་ཉིན་ཐོ》ཡི་སྒྱུ་རྩལ་གྱི་ཁྱད་ཆོས་ཐུན་མོང་མ་ཡིན་པའི་ཆ་ནས་བཤད་པ།

གཅིག བྱུང་རིམ་གྱི་ཆ་ནས་བཤད་པ།

སྤྱིར་བརྩམས་སྒྲུང་ནི་དོན་བརྗོད་རང་བཞིན་ཅན་གྱི་རྩོམ་ལུས་ཀྱི་ཁོངས་སུ་གཏོགས་པས། བརྩམས་སྒྲུང་གི་ཁྲོད་དུ་དོན་དག་བྱུང་བའི་རིམ་པ་རིམ་གྱིས་སྟོན་པའི་གཏམ་རྒྱུད་ཀྱི་ངང་ཚུལ་མ་གཞི་ནས་ཡོད་པ་ཞིག་ཡིན། བྱུང་རིམ་གྱི་ཐོག་མའི་རྣམ་པ་ནི་གཏམ་རྒྱུད་ཡིན་ཞེས་མཁས་པ་དག་གིས་གསུངས་ཡོད། ཀོར་ཅིའི་ལྟ་ཚུལ་ལྟར།བྱུམ་རིམ་ཞེས་པ་ནི་མི་སྣའི་རང་བཞིན་འཕེལ་རྒྱས་ལོ་རྒྱུས་ཀྱི་མི་སྣའི་བར་གྱི་འབྲེལ་བ་ལ་བསྟུན་ནས་གྲུབ་པ་དང་གཙོ་བོ་མི་སྣའི་བར་གྱི་འབྲེལ་བའི་ཕྱོགས་ན་ཡོད་དོ།།[9]ཞེས་གསུངས་ཡོད།དེ་ན་བྱུང་རིམ་ནི་གཅིག་ནས་མི་སྣའི་བྱ་འགུལ་ལ་འབྲེལ་ཡོད་པ་དང་། མི་སྣའི་བྱ་འགུལ་མེད་ན་བྱུང་རིམ་ཡོད་མི་སྲིད། གཉིས་ནས་བྱུང་རིམ་ནི་འཚོ་བའི་དོན་རྐྱེན་དང་འབྲེལ་བ། གསུམ་ནས་བྱུང་རིམ་ནི་སྐྱེ་ལྡན་གྱི་ཕུང་བོ་ཞིག་ལ་བཤད་པ་ཡིན་གྱི་དེའི་ཆ་ཤས་གང་རུང་ཞིག་ལ་བྱུང་རིམ་མི་ཟེར། གང་ལྟར། བྱུང་རིམ་ནི་བརྩམས་སྒྲུང་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། བྱུང་རིམ་ལ་བདེན་པར་གྲུབ་ཀྱང་ཡིད་འཕྲོག་པའི་ནུས་པ་ལྡན་པ་ནི་དེ་འདྲའི་གཙོ་བོ་ཞིག་ཡིན་སྙམ། 《རྩྭ་ཐང་གི་ཉིན་ཐོ》ཡི་བྱུང་རིམ་ལ་བདེན་པར་གྲུབ་ཅིང་གསོན་ཉམས་ལྡན་པ། ཡིད་འཕྲོག་པའི་ཁྱད་ཆོས་ལྡན། དེ་ཡང་བརྩམས་སྒྲུང་འདིའི་བརྗོད་བྱའི་ནང་དོན་གྱིས་ང་ཚོའི་བོད་མི་རིགས་ཀྱི་འཚོ་བ་དངོས་མཚོན་ཡོད་པ་དང་། བོད་ཀྱི་སྤྱི་ཚོགས་ཐོག་དངོས་སུ་གནས་ཡོད་པའི་སྣང་ཚུལ་ངན་པ་ཞིག་སྟེ། གཉེན་སྒྲིག་ལ་རང་དབང་མེད་པ་དང་། བོད་ཀྱི་སྔ་རབས་པའམ་རྒན་རབས་པ་དག་གིས་བུ་མོའི་བསམ་བློ་དང་འདོད་བློ་ལ་དབང་ཡོད་དང་སྒེར་སྡོམ་བྱས་པའི་ལུགས་སྲོལ་ངན་པ་ཞིག་ཆགས་ཡོད་པ་དེ་ཡིན་ལ།རྩོམ་པ་པོས་དེ་ལ་སུན་འབྱིན་དང་ཐེར་འདོན་བྱས་ཡོད་པ་དང་ལྷན་དུ་བོད་རིགས་བུ་མོ་དག་གི་ལས་དབང་ལ་བསམ་གཞིགས་དང་ཕྱིར་འདང་བྱས་ཡོད། དེ་བས་བརྩམས་སྒྲུང་འདིའི་བྱུང་རིམ་ལ་ཡིད་རྟོན་རུང་བ་དང་གསོན་ཉམས་ཀྱི་རང་བཞིན་ལྡན་ནོ།། དེ་ན《གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད》ཀྱི་བྱུང་རིམ་ནི་འགོ་འཛུགས་པ།འཕེལ་རྒྱས།ཛ་དྲག མཐའ་འབྲས།མཇུག་སྡུད་བཅས་འགོ་བར་མཇུག་གསུམ་ཚང་བའི་བརྩམས་སྒྲུང་ཞིག་ཡིན་མོད། འོན་ཀྱང་འདིའི་བྱུང་རིམ་ལ་བདེན་པར་གྲུབ་ཅིང་ཡིད་འཕྲོག་པའི་ཁྱད་ཆོས་མི་ལྡན་སྙམ། བརྩམས་སྒྲུང་འདིའི་བྱུང་རིམ་གྱི་འགོ་འཛུགས་ས་གཙོ་བོ་རྒྱ་གར་འཕགས་པའི་ཡུལ་ནས་སྲིད་པའི་རྒྱན་ཞེས་པའི་རྒྱལ་ཁབ་ཀྱི་རྒྱལ་སྲས་གཞོན་ནུ་ཟླ་མེད་ལ་བཙུན་མོ་བཞེས་རན་པའི་དུས་ལ་སླེབས་པས་ན་བློན་པོ་རྣམས་ཀྱིས་བརྟག་ཅིང་དཔྱད་མཐར་སྲིད་པའི་རྒྱན་གྱི་ལྷོ་ཕྱོགས་ན་གནས་པའི་རྒྱལ་ཁབ་ཆེན་པོ་བཀོད་ལེགས་འོད་སྣང་གི་རྒྱལ་བོའི་སྲས་མོ་ཡིད་འོང་མ་ཞེས་པ་གཞོན་ནུ་ཟླ་མེད་ཀྱི་བཙུན་མོར་འོས་པའི་གྲོས་ཁ་མཐུན་པར་གྱུར་བ་ནས་བློན་པོ་སྲིད་པ་གཞོན་ནུ་སོགས་བཀོད་ལེགས་འོད་སྣང་དུ་ཡིད་འོང་མ་སློང་བར་ཡོང་བའི་དོན་དག་གི་འཕེལ་རྒྱས་དང་། ལམ་བར་དུ་སྣང་བ་འབུམ་ལྡན་གྱི་རྒྱལ་བོས་ཡིད་འོང་མ་བསུ་བར་མངགས་པའི་བློན་པོ་བློ་རྒོད་ཐར་ལེགས་དང་བཅས་པར་འཕྲད་ནས་གཡུལ་འགྱེད་བྱས་པར་ཕམ་པའི་དོན་དག་ཛ་དྲག་དུ་གྱུར་བ། མཇུག་མཐར་གཞོན་ནུ་ཟླ་མེད་དང་སྲིད་པ་གཞོན་ནུ་གཙོ་བྱས་པའི་བློན་པོ་རྣམས་ཀྱིས་སྣང་བ་འབུམ་ལྡན་གྱི་རྒྱལ་ཁབ་ཕམ་ནས་ཡིད་འོང་མ་དང་བཀྲ་ཤིས་པའི་གཉེན་སྒྲིག་པའི་དོན་དག་གི་མཐའ་འབྲས་བཅས་བརྩམས་སྒྲུང་འདིའི་བྱུང་རིམ་གྱི་ནང་དོན་ལས། རྒྱ་གར་ན་ཡོད་པའི་ཡུལ་སྲོལ་གོམས་གཤིས་དང་ཀུན་སྤྱོད་གོམས་སྲོལ་དེ་མཚོན་ཡོད་པས། མདོར་ན་བོད་མི་རང་གི་འཚོ་བ་དངོས་མཚོན་པ་ཞིག་མ་ཡིན་པའི་བྱུང་རིམ་ལ་ཡིད་འགུག་དང་ཡིད་རྟོན་རུང་བ། བདེན་པར་གྲུབ་པའི་རང་བཞིན་མི་ལྡན་ནོ།།

གཉིས། རྩོམ་ལུས་ཀྱི་ཆ་ནས་བཤད་པ།

དེ་ན《གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད》བརྩམས་སྒྲུང་འདིའི་རྩོམ་ལུས་ནི་ཡིག་འབྲིའི་མང་ཉུང་གི་ཆ་ནས་ཡིག་འབྲི་མང་ལ། ནང་

གི་རིང་ཚད་ཀྱི་ཆ་ནས་བལྟས་ན། བརྩམས་སྒྲུང་འདིའི་ནང་དུ་མི་སྣ་གཙོ་བོ་གཞོན་ནུ་ཟླ་མེད་དང་། ད་དུང་ཁོང་གི་ཡབ་ཡུམ་གཉིས་དང་། མཛའ་མོ་ཡིད་འོང་མ། དེ་ནས་ལྡོག་ཕྱོགས་ཀྱི་མི་སྣ་གཙོ་བོ་ལ་ཟླ་བའི་བློ་གྲོས་ཡབ་སྲས་གཉིས་སོགས་མི་སྣ་མང་ལ། མི་སྣའི་གཟུགས་རིས་དང་བྱ་བྱེད། སེམས་ཁམས། བརྗོད་གཏམ་བཅས་ཀྱི་ཐད་ལ་ཞིབ་འབྲི་བྱས་པ་ཤིན་ཏུ་མང་། དེ་མ་ཟད་བརྗོད་བྱའི་ཆ་ནས། གཞོན་ནུ་ཟླ་མེད་དང་ཡིད་འོང་མ་གཉིས་ཀྱི་བརྩེ་དུང་གི་གཏམ་རྒྱུད་ལ་བརྟེན་ནས་དུས་རབས་བཅོ་བརྒྱད་པའི་བོད་ཀྱི་འཁྲུག་ཟིང་གི་ལོ་རྒྱུས་དེ་མཚོན་པར་བྱས་ཡོད་ལ། ཡ་ང་བའི་དམག་འཁྲུག་གིས་བཟོས་པའི་འབངས་མི་རྣམས་ཀྱི་སྡུག་བསྔལ་གྱི་འཚོ་བར་སྙིང་རྗེ་དང་གདུང་སེམས་ཚད་མེད་བཅངས་ཡོད་པར་མ་ཟད། གཉེན་བཙན་སྒྲིག་གི་ལམ་ལུགས་ལ་ངོ་རྒོལ་དང་། རང་དབང་གི་བརྩེ་དུང་དང་རང་མོས་ཀྱི་གཉེན་སྒྲིག་བྱེད་པར་རྒྱབ་སྐྱོར་དང་བསྔགས་བརྗོད་བྱས་ནས་ཞི་བདེ་དང་རང་དབང་། བདེ་སྐྱིད་ཀྱི་འཚོ་བར་རེ་སྨོན་ཆེན་པོ་བཅངས་ཡོད་པའི་བསམ་བློ་མཚོན་ཡོད། ཡང་ཕྱོགས་གཞན་ཞིག་ནས་འཁོར་བ་ལ་སྙིང་བོ་མེད་ཅིང་མི་རྟག་པ་ཡིན་པའི་ཆོས་ལུགས་ཀྱི་ལྟ་བ་ཁྱབ་བསྒྲགས་བྱས་ཡོད་པས། མདོར་ན། བརྩམས་སྒྲུང་ནང་དུ་མི་སྣ་མང་ལ་འགལ་བ་ཛ་དྲག་ཆེ་བ། བྱུང་རིམ་ཀྱ་ཀྱུ། བརྗོད་བྱ་འཚོ་བའི་གཏུབ་དངོས་ཤིག་གམ། དུམ་བུ་ཞིག་གམ་ཟུར་ཞིག་མཚོན་པ་མིན་པར། སྐབས་དེའི་སྤྱི་ཚོགས་ཀྱི་ལོ་རྒྱུས་དང་དུས་རབས་ཀྱི་སྣང་ཚུལ་ངེས་ཅན་ཞིག་མཚོན་པས། དོན་དག་མང་ཞིང་ཤོང་ཚད་ཆེ་བའི་སྒྲུང་རིང་གི་ཁོངས་སུ་གཏོགས་པ་ཡིན་སྙམ། 《རྩྭ་ཐང་གི་ཉིན་ཐོ》ནི་དེ་ལས་ལྡོག་ཡོད་དེ། ཕྱི་ངོས་ཀྱི་ཐད་ནས་ཡིག་འབྲུ་ཉུང་ཞིང་མི་སྣ་དང་མི་སྣའི་ཞིབ་འབྲི་ཉུང་བ།བྱུང་རིམ་ཀྱ་ཀྱུ་མིན་པ།བརྗོད་བྱའི་བསྟན་དོན་གཙོ་བོ་བུ་མོ་སྒྲོལ་དཀར་གནས་ལ་བྱིན་ཟིན་པ་ལ།དེ་ལྟར་སྦྱིན་འོས་མིན་གྱི་རྩོད་གླེང་མང་བོ་བརྒྱུད་ནས།ཕ་མའི་བཙན་སྦྱོར་གྱི་གཉེན་སྒྲིག་ལུགས་སྲོལ་དང་།རྒན་རབས་པའི་བསམ་བློ་རྙིང་བར་སུན་འབྱིན་བྱས་ནས།རང་དབང་རང་འཐད་ཀྱི་གཉེན་སྒྲིག་ལུགས་སྲོལ་ལ་འབོད་པ་བཏང་ཡོད་ལ། དེ་ལས་གཞོན་རབས་ཀྱི་རང་གཤིས་ལ་བཅིངས་འགྲོལ་དང་རང་དབང་ཡོང་བར་རེ་བའི་བསམ་བློའི་ནང་དོན་དང་། བོད་རིགས་བུད་མེད་ཡོངས་ཀྱི་ལས་དབང་ལ་བསམ་གཞིགས་དང་ཕྱིར་རྟོག་ཁྲོད། བོད་རིགས་བུ་མོའི་ལས་དབང་གི་སྐྱོ་གླུ་དབྱངས་སུ་གྱེར་ཡོད་ལ། མདོར་ན། རྩོམ་པ་པོ་རང་གི་བསྟན་དོན་ལ་དམིགས་ནས་བླང་དོར་དང་གདམ་གསེས།ལས་སྣོན་བྱས་ནས་བརྗོད་དོན་མཚོན་པར་ཉིན་ཐོའི་ཚུལ་ལམ་ཉིན་གཅིག་ཡུན་གཅིག་གི་དོན་གནད་གཅིག་ལས་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་དང་འཚོ་བའི་རྣམ་པ་མཚར་བར་མཚོན་པའི་སྒྲུང་ཐུང་གི་རྣམ་གཞག་དང་མཐུན་པའི་བརྩམས་སྒྲུང་ཞིག་ཡིན་སྙམ་མོ།།

  • ལེ་ཚན་སྔོན་མ།:གངས་དབང་གི་ལྷུག་རྩོམ་དང《རང་ཡུལ་རང་གིས་བསྐོར་བའི་སྐྱིད་སྡུག》
  • ལེ་ཚན་རྗེས་མ།:རང་རྫོང་གིས་བོད་ཡིག་ལ་སྣང་ཆུང་བྱེད་ཚུལ་དང་བོད་ཀྱི་སྐད་ཡིག་ཐད་ཀྱི་ཤེས་རྟོགས་ཞན་པའི་སྐོར་མདོ་ཙམ་གླེང་བ།
  • དོ་སྣང་ཆེ་བའི་རྩོམ།