2020-10-28
དང་པོ། སྔར་ཡོད་ཀྱི་རིག་གཞུང་།
མི་རིགས་རང་ཉིད་ལ་ཆ་མཚོན་ན་མཚར་སྡུག་འོད་སྟོང་འབར་བའི་རིག་གནས་དང་ཐུན་མོང་མ་ཡིན་པའི་ཡུལ་སྲོལ་གོམས་གཤིས་སོགས་ནི་འཛམ་གླིང་གི་རིག་གཞུང་རྒྱ་མཚོའི་ཁྲོད་ཀྱི་དགོས་འདོད་ཀུན་འབྱུང་གི་ནོར་བུ་ལྟར་དུ་སྣང་། འོན་ཀྱང་། དེང་རབས་ཀྱི་རྗེས་བསྙེགས་པ་ཡིན་ཞེས་པའི་གཞོན་ནུ་ཁྱུ་གཅིག་གིས་མེས་པོས་བཙུགས་པའི་སྲོག་ཤིང་ལ་ཆུ་འདྲེན་ལུད་གཏོང་བྱེད་རྒྱུ་ཕར་ཞོག་སྲོལ་རྒྱུན་རིག་གནས་ཞེས་རྙིང་ཧྲུལ་དང་རྗེས་ལུས་ཅན་ཤ་སྟག་དང་། དེང་རབས་རིག་གནས་ཞེས་སྔོན་ཐོན་དང་ཁྱད་དུ་འཕགས་པ་ཁོ་ནར་ངོས་བཟུང་བ་རེད། ད་དུང་ང་ཚོ་བོད་མི་རིགས་ལ་འགྲན་ཟླ་བྲལ་བའི་བརྡ་སྤྲོད་ཀྱི་རིག་གཞུང་མང་པོ་དང་། མི་རིགས་རང་ཉིད་ཀྱི་ཁྱད་ཆོས་ལྡན་པའི་བྲིས་དང་མཛེས་རྩལ་རི་མོ་བཅས་གནའ་རབས་ཀྱི་རིག་གཞུང་གི་པད་ཚལ་དུ་ང་ཚོ་བརྩེ་ལྡན་གྱི་རྐང་དྲུག་ཚོས་ཅི་འདོད་ཀྱིས་བཅུད་ལ་རོལ་ཆོག་ཀྱང་དེ་ཐམས་ཅད་ནི་དུས་རབས་འཕེལ་རྒྱས་ཀྱི་དགོས་མཁོ་དང་མི་འཚམ་པ་རེད་ཅེས་བཤད་དང་ཤོད་མུས་རེད།
གཉིས་པ། གནས་བབ་ཀྱི་རྣམ་པ།
སྤྱིར་རང་ཅག་བོད་མི་རིགས་ལ་སྔར་ལོ་རྒྱུས་ཐོག་དང་ཁྱད་པར་དུ་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་སྐུ་རིང་ལ་ཆབ་སྲིད་དང་རིག་གནས་དར་ཞིང་རྒྱས་ལ་འགྲན་ཟླ་དཀོན་པ་ཞིག་ཡིན་པ་ནི་ལོ་རྒྱུས་དེབ་ཐེར་རབ་དང་རིམ་པས་བདེན་དཔང་བྱས་ཡོད། འོན་ཀྱང་དེ་དག་ནི་གནའ་སྔ་མོའི་ལོ་རྒྱུས་ཤིག་ཏུ་གྱུར་ཟིན་པས། ང་ཚོས་ལོ་རྒྱུས་ཀྱི་གསེར་ཁྲིའི་སྟེང་དུ་རྨི་ལམ་གྱི་ཞིང་ཁམས་སུ་རོལ་བཞིན་ཡུན་རིང་བསྡད་ན། འཕེལ་རྒྱས་ཀྱི་གོམ་ཁ་ནམ་ཡང་མདུན་དུ་སྤོ་ག་ལ་སྲིད། མཁས་དབང་དོན་འགྲུབ་རྒྱལ་གྱིས། མཚར་སྡུག་འོད་སྟོང་འབར་བའི་སྔོན་ཆད་ཀྱིས་ད་ལྟའི་ཚབ་བྱེད་མི་རུང་ལ། བ་ཚྭའི་དྲི་དང་འགྲོགས་པའི་ཁ་སང་གིས་དེ་རིང་གི་སྐོམ་པ་ག་ལ་སོད་ཅེས་པ་ལྟར་དེང་རབས་གཞོན་ནུ་རྣམས་ཀྱིས་བདག་ཅག་བོད་རིགས་ཀྱི་ཐུན་མོང་མ་ཡིན་པའི་བཅུ་ཕྲག་རིག་གནས་ཡོད་ཟེར་ནས་བཅུ་ཕྲག་རིག་གནས་གང་ཡིན་ཡང་མི་ཤེས་ལ་ཐ་ན་མི་རིགས་རང་གི་སྐད་ཡིག་སློབ་སྦྱོང་བྱེད་རྒྱུ་ལའང་སྣང་ཆུང་བྱས་དང་བྱེད་བཞིན་ཡོད།
གཅིག གཞི་རིམ་སློབ་གསོ་ལ་སྣང་ཆུང་བྱེད་ཚུལ།
གཞི་རིམ་སློབ་གསོ་ནི་ཀུན་གྱིས་ཤེས་གསལ་ལྟར་ཧ་ཅང་གལ་འགངས་ཆེན་པོ་ཞིག་ཡིན་པ་ནི་ལྟ་ཅི་སྨོས། དེ་ལའང་སློབ་མ་གཅིག་པུའི་ངལ་བ་ཙམ་གྱིས་ག་ལ་ནུས་ཏེ། དེ་ལ་སློབ་གྲྭ་དང་ཁྱིམ་བདག་སྤྱི་ཚོགས་བཅས་ཕྱོགས་ཀུན་གྱིས་མཐོང་ཆེན་བྱེད་དགོས་པ་ཞིག་ཡིན་མོད། མིག་སྔར། ཁྱིམ་བདག་ལ་ལས་རང་གི་བུ་རྒྱུད་དེ་སློབ་གྲྭའི་ནང་དུ་བསྐྱལ་ཚར་བ་ནས་བཟུང་སྟེ་ར་ལུག་སོགས་རྩྭ་རའི་ནང་དུ་ཚུད་ན་བསམ་པ་བདེ་བ་ལྟར་བུ་རྒྱུད་ཀྱི་སློབ་སྦྱོང་ལ་སེམས་ཁུར་མི་བྱེད་ཅིང་དགེ་རྒན་ལའང་འདྲི་རྩད་མི་གཅོད་པ། ད་དུང་ཁྱིམ་བདག་ལ་ལ་ནི་མིག་སྔར་གྱི་ལས་ཀ་ཕྲན་བུ་ལ་བསམ་བློ་བཏང་བ་ཙམ་ལས་བུ་རྒྱུད་ཀྱི་འབྱུང་འགྱུར་ལ་བསམ་བློ་མི་གཏོང་བར་བུ་རྒྱུད་ཀྱི་མདུན་ལམ་དེ་སྒོ་ཕྱུགས་འགའ་རེ་ཙམ་དང་དབྱར་རྩྭ་དགུན་འབུ་བརྐོས་པའི་ཡོང་འབབ་ཙམ་དང་བརྗེས་པ་རེད། ཡང་སྤྱི་ཚོགས་སྟེང་དུ་མགོ་རྨོངས་ནས་ཡོད་པའི་མི་ལ་ལས་བཤད་རྒྱུར། ང་རང་དང་ཕ་མེས་ཡང་མེས་ཀྱི་ཚེ་ལའང་ཤེས་རིག་ཡོན་ཏན་སྦྱོང་མ་མྱོང་མོད་མི་ཀུན་དང་འདྲ་བ་འཚོ་བར་ལོངས་སུ་སྤྱོད་ཆོག་པས་། བུ་རྒྱུད་ལའང་དེ་དང་འདྲ་བ་མ་གཏོགས་གཞན་ཅི་དགོས་ཟེར་ནས་ལྟ་བ་རྙིང་བ་འཛིན་པ་ནི་བཟློག་ཐབས་མེད་པ་ཞིག་ཏུ་གྱུར།
གཉིས། ལས་ཁུངས་སོ་སོ་དང་སྤྱི་ཚོགས་སོགས་སུ་བོད་ཡིག་ལ་སྣང་ཆུང་བྱེད་ཚུལ།
རྒྱུན་པར་ང་ཚོའི་ཐོས་འཛིན་གྱི་བུ་ག་རུ་བརྒྱུད་པ་དེ་ནི་སྐད་གཉིས་སློབ་གསོ་མཐོང་ཆེན་བྱེད་དགོས་ཞེས་པ་དེ་ཡིན་མོད། སློབ་གྲྭའམ་སྡེ་ཁག་སོ་སོའི་ནང་དུ་བྱ་འགུལ་མི་འདྲ་བ་སྣ་ཚོགས་སྤེལ་སྐབས་བོད་ཀྱི་སྐད་ཡིག་དེ་སྤྱོད་པ་ཧ་ཅང་ཉུང་། ད་དུང་ཁྲིམས་ལུགས་སམ་རྩ་ཚིག་སྲིད་ཇུས་བཅས་དྲིལ་བསྒྲགས་བྱེད་སྐབས་སྐད་རིགས་གཞན་ཞིག་གིས་སྒྲོག་པ་དང་ཡང་ན་ཡིག་རིགས་གཞན་པའི་ཡིག་ཆ་བསྒྲིགས་ནས་བཀྲམ་ལ། ཡང་ན་ཚིག་ལོག་བརྡ་ལོག་ཏུ་སོང་བའི་བོད་ཡིག་ཨ་ལ་པ་ལ་ཞིག་བསྒྱུར་ནས་ཡིག་ཆ་དེ་ཁྱབ་བསྒྲགས་བྱེད་པ་ནི་རྒྱུན་མཐོང་གི་སྣང་ཚུལ་ཞིག་ཡིན་ནོ།། མི་དམངས་དངུལ་ཁང་དང་སྦྲག་སྲིད་ལས་ཁུངས་སོགས་བོད་ཀྱི་ཞིང་འབྲོག་མི་དམངས་ཀྱིས་ལས་སྒྲུབ་བྱེད་སའི་སྡེ་ཁག་སོགས་སུ་བོད་ཡིག་སྤྱོད་པ་ལྟ་ཞོག་བོད་སྐད་ཀྱིས་གོ་བརྡ་སྤྲོད་མཁན་ཡང་ཧ་ཅང་ཉུང་བ་རེད། དེས་ན་བརྡ་མི་འཕྲོད་པའི་སྐད་ཆ་ཞིག་དང་བརྡ་མི་འཕྲོད་པའི་ཡི་གེ་ཞིག་སྤྱད་ན་ཡང་གཏན་ནས་གོ་མི་ཆོད་པས་ལས་སྟོང་ཞིག་ཏུ་འགྱུར་སྙམ།
མ་གཞི་བོད་རིགས་ས་ཁུལ་དུ་ཡོད་པའི་སྲིད་གཞུང་གི་སྡེ་ཁག་སོ་སོའི་སྒོ་ཡིག་དང་གཞུང་ལས་ཁང་སོ་སོའི་སྒོ་ཡིག་དེ་ཡིག་རིགས་གཉིས་ལྡན་ཞིག་ཡིན་དགོས་མོད། འོན་ཀྱང་ལ་ལར་ཡིག་རིགས་གཅིག་མ་གཏོགས་བོད་ཀྱི་སྐད་ཡིག་དེ་ཡོད་མེད་གང་ཡང་རུང་བར་འདོད་ནས་གཏན་ནས་སྤྱོད་མེད། ད་དུང་ཚོང་གཉེར་ཁང་སོ་སོའི་སྒོ་ཡིག་དེ་བོད་ཀྱི་སྐད་ཡིག་སྤྱོད་ཡོད་པ་ནི་ཕལ་ཆེར་ཉིན་མོའི་སྐར་མ་ལྟར་རོ།། སྤྱོད་པ་ཡོད་ན་ཡང་ཚིག་ལོག་བརྡ་ལོག་ཏུ་སོང་བ་མང་སྟེ། དཔེར་ན། བོད་ཆས་དང་རྒྱ་ཆས་ཚོང་ཁང་ལ་བོད་ཆེ་དང་རྒྱ་ཆེ་ཟེར་བ་སོགས་དགོད་བྲོ་བའི་ཚིག་ལོག་མང་པོ་མཐོང་རྒྱུ་ཡོད་པ་ནི་གཅིག་ནས་བཤད་ན་མི་རིགས་རང་གི་སྐད་ཡིག་ལ་སྣང་ཆུང་བྱེད་པ་ཡིན་ལ། གཉིས་ནས་བཤད་ན་རང་རིགས་ཀྱི་སྐད་ཡིག་ལ་ཤེས་རྟོགས་ཞན་པའི་རྟགས་ཡིན།
གསུམ། ཁོར་ཡུག་གི་ཤུགས་རྐྱེན།
མཁས་པ་གྲགས་ཅན་དཔལ་ལྡན་ཉི་མས། སློབ་གྲྭར་མ་འགྲིམས་པའི་སྔོན་གྱི་འཚོ་བར་བརྟག་དཔྱད་གཏོང་པར་བལྟས་ན་ལས་སླ་བོ་ཞིག་གི་ཚུལ་དུ་སྣང་། དོན་དངོས་སུ་འཚོ་བ་དེའི་ནང་དུ་བོད་ཀྱི་བྱིས་པའི་མི་ཚེའི་གོམ་པ་དང་པོ་ཡིན་ལ། གལ་འགངས་ཆེ་བའི་གོམ་པ་ཞིག་ཀྱང་ཡིན་ཞེས་པ་ལྟར་བྱིས་པའི་དུས་སུ་རང་གི་ཕ་སྐད་སྦྱང་དགོས་མོད། ད་ལྟ་སྤྱི་ཚོགས་ཀྱི་སྟེང་དུ་ལས་བྱེད་པ་ཕལ་ཆེ་བས་གདུང་རྒྱུད་གདོང་དམར་བོད་པ་ཡིན་པ་དེ་སྣང་མེད་དུ་བྱས་ཏེ་རང་གི་བུ་རྒྱུད་ལ་ཆུང་ཨ་ལུ་ཐད་སོ་ནས་བོད་སྐད་མི་བསླབ་པར་རྒྱ་སྐད་བསླབས་པར་མ་ཟད། ད་དུང་མི་གཞན་དག་ལ་ངའི་བུ་ནི་རྒྱ་སྐད་མ་གཏོགས་བོད་སྐད་མི་གོ་ཟེར་ནས་ངོམ་པ་རེད། དེར་མ་ཟད་ད་ལྟ་སྤྱི་ཚོགས་སྟེང་གི་གཞོན་ནུ་ཕལ་ཆེ་བ་ལས་བྱེད་པའི་ཁྱིམ་དུ་སྐྱེས་ན་འདྲ། ཞིང་འབྲོག་ས་ཁུལ་གང་དུ་སྐྱེས་པ་ཡིན་ནའང་འདྲ། ང་ཚོ་བོད་མི་རིགས་རང་གི་སྐད་ཡིག་དང་འབྲེལ་བ་དམ་པོར་ཡོད་པའི་བོད་ཀྱི་གཏམ་དཔེ་དང་ཁེད། གླུ་ཚིག་བྲོ་ཚིག བསང་འབོད་སོགས་སྲོལ་རྒྱུན་རིག་གནས་སྐོར་ལ་ཆ་རྒྱུས་མེད་པར་མ་ཟད་སྦྱང་འདོད་ཀྱང་མེད་པ་ཞིག་ཏུ་ལུས་ཡོད། དེ་ལྟར་གཞོན་ནུ་ཕལ་ཆེ་བས་མི་རིགས་རང་གི་སྐད་ཡིག་དང་སྲོལ་རྒྱུན་ཤེས་བྱ་མང་པོ་ཞིག་ཀྱང་ཤེས་མེད་ཚོར་མེད་དུ་གྱུར། མདོར་ན་ཁེད་དང་གཏམ་དཔེ། གླུ་གཞས་སོགས་བོད་ཀྱི་སྲོལ་རྒྱུན་རིག་གནས་སོགས་ལ་གཏན་ནས་རྒྱུས་མེད་ན་བོད་ཀྱི་སྐད་ཡིག་དེའང་དཔྱིས་ཕྱིན་པ་ཞིག་ནི་ཤེས་མི་ཐུབ་སྙམ། དེ་བས་རྒྱུན་པར་འཚོ་བའི་ཁྲོད་རང་འཚར་ལོངས་བྱུང་སའི་ཁོར་ཡུག་གིས་ཀྱང་སྐད་ཡིག་གི་ཐད་ལ་ཤུགས་རྐྱེན་ཆེན་པོ་ཞིག་འཇོག་གི་ཡོད་ཁོ་ཐག་རེད།
གསུམ་པ། འབྱུང་འགྱུར་གྱི་ཐབས་ལམ།
གཅིག རྒྱལ་ཁབ་ལས་བྱེད་པ་བསྡུ་ལེན་བྱེད་སྐབས་བོད་ཡིག་དེ་རྒྱུགས་གཞི་གཙོ་བོའི་གྲས་སུ་བརྩི་དགོས་ཚུལ།
ད་ལྟ་སྤྱི་ཚོགས་ཀྱི་ལས་རིགས་ཁག་གི་ནང་དུ་མགོ་ཁྲིད་རྣམས་ཀྱིས་ལས་དོན་སྙན་ཞུ་འབུལ་བའི་ཞུ་ཡིག་དང་ཚོགས་ཞུགས་མི་སྣའི་གྲོས་ཚོགས་ཟིན་བྲིས། ཡང་ན་དཔང་ཡིག་དང་བརྡ་ཐོ། རེ་ཞུ་ཡི་གེ། གན་རྒྱ། འཆར་གཞི་དང་སྤྱི་སྡོམ་བཅས་ཀྱི་ཡིག་རིགས་སོ་སོ་ལ་རྒྱ་ཡིག་ཁོ་ན་མ་གཏོགས། བོད་འབངས་མི་ལ་དམིགས་ནས་བོད་ཀྱི་ཡིག་རིགས་སྤྱོད་པ་ནི་ཕལ་ཆེར་གཅིག་ཀྱང་མེད་ཟེར་ཆོག་ཆོག་ཡིན། དེའི་ཕྱིར། ད་ལྟའི་མི་མང་ཆེ་བས་བོད་ཡིག་དེ་བེད་སྤྱོད་བྱེད་ས་མེད་པས་སྦྱང་མིན་གང་ཡང་རུང་བར་འདོད་ནས་སྦྱང་མཁན་ཇེ་ཉུང་དུ་སོང་། འོན་ཀྱང་དེ་འདྲ་ཞིག་ནི་ག་ལ་ཡིན་ཏེ། ང་རང་གིས་བལྟས་ན་གྲངས་ཉུང་མི་རིགས་ས་ཁུལ་དུ་རྒྱ་ཡིག་ཀྱང་ཤེས་དགོས་ལ། དེ་དང་འདྲ་བར་བོད་ཡིག་ཀྱང་ངེས་པར་དུ་ཤེས་དགོས། བོད་རིགས་ས་ཁུལ་དུ་ཐད་ཀར་འབྲེལ་གཏུག་དང་ཞབས་ཞུ་བྱེད་ས་ནི་རྒྱ་ཆེ་བའི་ཞིང་འབྲོག་མང་ཚོགས་ཡིན། ཁོ་ཚོས་རྒྱ་སྐད་མི་ཤེས་པས་ས་ཁུལ་འདིར་ཡོད་པའི་གཞུང་ཞབས་པས་ངེས་པར་དུ་སྐད་རིགས་གཉིས་ཤེས་དགོས། འོ་ན། ཇི་ལྟར་བྱས་ན་བོད་ཡིག་དེ་མཐོང་ཆེན་བྱེད་ཐུབ་ཟེར་ན། ངས་བལྟས་ན། རྒྱལ་ཁབ་ཀྱི་ལས་བྱེད་པ་བསྡུ་ལེན་བྱེད་སྐབས་བོད་ཡིག་དེ་རྒྱུགས་གཞི་གཙོ་བོའི་གྲས་སུ་རྩིས་ན་མི་ཀུན་གྱིས་ཡིག་རིགས་འདི་མ་བསྐུལ་དང་བླངས་ཀྱིས་སྦྱོང་ཁོ་ཐག་ཡིན། དེ་བས་ཡིག་རྒྱུགས་ཀྱི་རྒྱུགས་གཞི་དང་ངོ་རྒྱུགས་ཀྱི་འདྲི་གཞི་སོགས་སུ་བོད་ཀྱི་སྐད་ཡིག་དེ་དྲི་བ་དགོད་བྱ་གཙོ་བོའི་གྲས་སུ་བརྩི་དགོས་པ་ནི་ཧ་ཅང་གལ་འགངས་ཆེ་བས། འདི་ནི་ང་ཚོས་སྲིད་ཇུས་ཀྱི་རོགས་སྐྱོར་ལ་བརྟེན་དགོས་པ་ཞིག་ཏུའང་ཐུག་ཡོད།
གཉིས། རྒྱུན་པར་འཚོ་བའི་ཁྲོད་ཀྱི་བསྲེས་སྐད་དེ་ཉུང་བར་གཏང་རྒྱུ།
ད་ལྟ་སྤྱི་ཚོགས་ཀྱི་སྟེང་དུ་ང་ཚོས་སྤྱོད་བཞིན་པའི་སྐད་ནི་མི་རིགས་གཞན་དང་རྒྱལ་ཁབ་གཞན་གྱི་སྐད་ལས་གཡར་ཚིག་འགའ་ཞིག་རང་གི་ཕ་སྐད་དང་བསྲེས་ནས་བཤད་པའི་འདྲེས་མའི་སྐད་དེ་ཡུན་རིང་དུ་སྤྱད་ནས་གོམས་ལོབས་སུ་སོང་ཡོད། མཁས་དབང་དམ་པ་གཅན་རོང་བསྟན་འཛིན་གྱིས་འདྲེས་མའི་སྐད་ཆ་ནི་སྐད་ཆའི་ནད་ཡམས་ཆེན་པོ་ཞིག་ཡིན་པས། ནད་ཡམས་འདིས་མི་རིགས་དེའི་སྤྱི་སྐད་ཀྱང་བཙོག་བསྒྱུར་བྱེད་ངེས་ཡིན་ཞེས་གསུངས་ཡོད་པས། རང་རེས་དེ་ལ་བསྒྱུར་བཅོས་བྱེད་པའི་ཐབས་ཤེས་ལེགས་པོ་ཞིག་བཙལ་དགོས་པ་ནི་ཤིན་ཏུ་གལ་ཆེ་བས། རྒྱུན་པར་ང་ཚོ་ཕ་སྐད་གཙང་མ་དེ་བཤད་ཅི་ཐུབ་བྱ་དགོས།
གསུམ། བོད་རང་གི་སྐད་ཡིག་སློབ་གསོ་ལེགས་པར་སྐྱོང་རྒྱུ།
རིག་པ་གཞོན་པའི་དུས་སུ་བསླབ།། བ་ནི་དགུན་གྱི་དུས་སུ་གསོ།། ཞིང་ནི་དྲོད་གཤེར་ལྡན་ཚེ་རྨོ།། དེ་གསུམ་འབྲས་བུ་སྨིན་པའི་རྒྱུ།། ཞེས་པ་ལྟར། སྐད་ཡིག་སློབ་གསོ་ནི་ཆུང་དུས་ནས་དམ་འཛིན་བྱ་དགོས། མི་ལ་ལས་ཨ་གསར་གྱི་སྒོ་ནས་ཕ་སྐད་རྒྱང་དུ་བསྐྱུར་ཏེ་གཞན་གྱི་ཡིག་རིགས་ཁོ་ནར་འབད་ཀྱང་མཐར་དེ་དག་ཏན་ཏིག་ཞིག་ནི་ཤེས་མེད། དེ་ལའང་ཚེ་རིང་ཐར་ལགས་ཀྱིས་གལ་ཏེ་རང་ཉིད་ཀྱི་ཁྱད་ཆོས་དང་བཟང་ཆ་དེ་འདོན་སྤེལ་མ་བྱས་ནས་གཞན་གྱི་སྐད་ཡིག་དང་རིག་གནས་ཁོ་ནར་འབད་ན་མཇུག་འབྲས་ལེགས་པོ་ཞིག་འབྱུང་མི་སྲིད་ཅེས་གསུངས་པ་ནང་བཞིན་གཞན་གྱི་སྐད་ཡིག་དེ་ཡག་པོ་མི་ཤེས་པའི་ཁ་ལ་རང་ཉིད་ཀྱི་སྐད་ཡིག་ཀྱང་སྲ་བརྟན་ཞིག་ཤེས་མི་ཐུབ་སྙམ། དེ་ནི་ཁ་དཔེ་ཞིག་སྟེ་ལྕམ་ལགས་ཀྱི་འགྲོ་སྟངས་མ་ཤེས་ང་རང་གི་འགྲོ་སྟངས་ཤོར་སོང་ཞེས་པ་དང་ཨ་ན་མ་ན་རེད།
མདོར་ན། བོད་མི་ཞིག་ཡིན་ནས་བཟུང་སྟེ། རང་རེ་མེས་པོ་རྣམས་ཀྱིས་ལོ་ངོ་སྟོང་ཕྲག་ཁ་ཤས་ཀྱི་རིང་ལ་རྒྱུན་འཛིན་དང་དར་སྤེལ་བྱེད་པའི་ཡིག་རིགས་འདི་ཉམས་པ་སླར་གསོ་དང་མ་ཉམས་གོང་སྤེལ་བྱས་དགོས་པའི་འོས་འགན་དེ་ང་ཚོའི་ཕྲག་ཏུ་བབས་ཡོད་པ་ནི་བཟློག་ཐབས་བྲལ་བ་ཞིག་ཡིན་ནོ།།
ཉག་རོང་རྫོང་གསེར་འོད་སློབ་ཆུང་གི་དགེ་རྒན།
༼ སྒྲོལ་མ་དཔལ་མོ། ༽
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10