སློབ་ཆུང་སློབ་མའི་རྩོམ་འབྲིའི་ནུས་པ་ཇི་ལྟར་སྐྱེད་སྲིང་བྱ་དགོས་ཚུལ་སྐོར་བརྗོད་པ།

        2020-10-28

གཅིག། སློབ་མའི་ལྟ་ཞིབ་ནུས་པ་གསོ་སྐྱོང་བྱ་དགོས།

སུའུ་ཧོ་མུའུ་ལིན་སི་ཅི་ཡིས“ལྟ་ཞིབ་ནི་བློ་རིག་གི་ནུས་རྒྱུ་གལ་ཆེན་ཞིག་རེད”ཅེས་གསུངས་པ་བཞིན། ལྟ་ཞིབ་ནི་རྩོམ་ཡིག་འབྲི་སྦྱོང་གི“རྒྱུ་གལ་ཆེན”ཞིག་ཡིན་ཞིང་། ལྟ་ཞིབ་བྱེད་ཤེས་ཚེ་རྩོམ་འབྲི་བའི་ཐོག་མའི་རྒྱུ་ཆའི་གནད་དོན་ཐག་གཅོད་ཐུབ་པ་དང། ལྟ་ཞིབ་བྱེད་ཤེས་ཚེ་དོན་དག་ཅི་བྱུང་རང་ཉིད་ཀྱི་སྐད་ཆའི་ལམ་ནས་བཤད་ཤེས་ཀྱིན་ཡོད། རྩོམ་ཡིག་ནི་འཚོ་བ་དང་ཁ་འབྲལ་ཐབས་མེད་ལ་འཚོ་བ་ནི་རྩོམ་འབྲི་བའི་འབྱུང་ཁུངས་ཡིན་པས། འཚོ་བར་ལྟ་ཞིབ་ཀྱི་ནུས་པ་གསོ་སྐྱོང་བྱ་དགོས་ཏེ། དེ་ནི་རྩོམ་ཡིག་གི་བསམ་བློའི་ནང་དོན་དག་སྤྱི་ཚོགས་ཀྱི་དངོས་ཡོད་འཚོ་བ་ལས་བྱུང་བ་ཡིན་ལ། རང་བྱུང་ཁམས་དང་སྤྱི་ཚོགས་ཀྱི་དངོས་ཡོད་འཚོ་བར་ལྟ་ཞིབ་བྱེད་པའི་ནུས་པ་སྦྱོང་བརྡར་དང་གསོ་སྐྱོང་བྱ་རྒྱུ་དང་འབྲེལ་བ་ཡོད། དཔེར་ན། སློབ་མ་རྣམས་ཁྲིད་ནས་སྲོག་ཆགས་གླིང་ཀའི་ནང་དངོས་སུ་སོང་ནས། གསོན་ཉམས་ལྡན་པའི་སྲོག་ཆགས་རྣམས་དངོས་སུ་མིག་ལམ་དུ་ཤར་དུ་བཅུག་ནས། རང་བྱུང་ཁམས་ལ་རྒྱུས་ལོན་ཟབ་མོ་ཞིག་བྱས་ཚེ་སློབ་མའི་རྩོམ་ཡིག་འབྲི་བར་ངོས་འཛིན་ཟབ་མོ་འབྱུང་ངེས།

གཉིས། སློབ་མའི་ལད་ཟློས་ནུས་པ་གསོ་སྐྱོང་བྱ་དགོས།

སློབ་མ་རང་ལ་འཚམས་པའི་དཔེ་དེབ་ལྟ་ཀློག་བྱེད་དུ་འཇུག་དགོས་ལ། སློབ་མས་དཔེ་དེབ་ལྟ་ཀློག་བྱེད་པའི་ཁྲོད་ནས་རྩོམ་ཡིག་འབྲི་བའི་ཐབས་ཤེས་དང་ཐབས་རྩལ་སློབ་པར་ཁྲིད་སྟོན་བྱེད་དགོས་ཏེ། གཞན་གྱི་རྩོམ་ལ་ལད་མོ་བྱས་ནས་འབྲི་ཐུབ་ན། སློབ་མར་ཕུན་སུམ་ཚོགས་པའི་སྐད་བརྡ་དང་རྩོམ་འབྲི་བའི་ཤེས་བྱ་ཇེ་འཛོམས་སུ་འགྲོ་སྲིད། སློབ་ཆུང་གི་སྐད་ཡིག་སློབ་དེབ་ནང་སློབ་ཚན་དང་དུམ་བུ་མང་པོ་ཞིག་སློབ་མའི་ལད་མོ་བྱེད་པར་འཚམ་གྱི་ཡོད་པས། དཔེ་ཀློག་སློབ་ཁྲིད་སྐབས་དགེ་རྒན་གྱིས་ངེས་པར་དུ་རྩོམ་ཡིག་འབྲི་བར་མཛུབ་ཁྲིད་ཀྱི་འདུ་ཤེས་ཡོད་དགོས་པ་དང་། སློབ་མ་ཚོར་སློབ་ཚན་གྱི་ནང་དོན་གཏིང་ཟབ་མོར་ཤེས་སུ་འཇུག་དགོས་པར་མ་ཟད། རྩོམ་རིག་གི་སྐད་ཆ་དང་འབྲི་སྟངས་སོགས་ལ་ལད་ཟློས་བྱེད་ཤེས་སུ་འཇུག་དགོས།“དཔེ་ཀློག་དང་རྩོམ་འབྲི་ཟུང་འབྲེལ”གྱི་སྦྱོང་བརྡར་བྱས་ན་སློབ་མས་བརྗོད་བྱ་དང་རྗོད་བྱེད་གཉིས་ཐད་ལ་ཕན་པ་ཆེ། ལད་ཟློས་ངང་ནས་འབྲི་བའང་བླུན་པོ་ཆུ་སྣ་གར་ཁྲིད་བཞིན་གཅིག་པ་གཅིག་རྐྱང་འབྲི་བ་མ་ཡིན་པར། སྐད་ཡིག་དཔེ་ཀློག་སློབ་ཁྲིད་ཀྱི་གོ་རིམ་ཁྲོད་དུ་ལད་འབྲི་བྱེད་ཤེས་པ་དགོས་ཏེ། དཔེར་ན། ལོ་རིམ་དམའ་བའི་སློབ་མས་ཅུང་ཆ་ཚང་བའི་ཚིག་དུམ་ཞིག་ལད་ཟློས་ངང་ནས་འབྲི་རུ་འཇུག་རྒྱུ་དང་། ལོ་རིམ་འབྲིང་བའི་སློབ་མས་ཐོག་མའི་ཚིག་དང་མཇུག་གི་ཚིག་རྐང་ལ་ལད་ཟློས་བྱ་རྒྱུ། ལོ་རིམ་མཐོ་བའི་སློབ་མས་མི་སྣའི་སྣང་བརྙན་འབྲི་བ་དང་། བྱ་བྱེད་འབྲི་བ། ཡུལ་ལྗོངས་འབྲི་བ་བཅས་ཀྱི་རྩོམ་ཡིག་ལ་ལད་མོ་བྱེད་ཆོག དེ་ལྟར་ལད་མོ་མང་ཙམ་བྱས་ཚེ་རང་ཉིད་ཀྱི་རྩོམ་ཉམས་ཤིག་ག་ལེར་ཐོན་ངེས།

གསུམ། ཟུར་བལྟའི་དཔེ་ཆ་མཁོ་འདོན་བྱ་དགོས།

གུས་མོས་སློབ་ཆུང་སློབ་མ་མང་པོ་ཞིག་ལ་འབྲེལ་འདྲིས་བྱས་པ་བརྒྱུད། ཟུར་བལྟའི་དཔེ་ཆ་མང་པོ་མེད་པ་ནི་ཀུན་ལ་ཕྲད་པའི་དཀའ་ངལ་ཞིག་རེད། སློབ་མ་མང་ཆེ་ཤོས་ལ་བསླབ་དེབ་དང་འབྲེལ་ཡོད་ཀྱི་དཔེ་དེབ་ལས་གཞན་ཟུར་བལྟ་དཔེ་ཆ་ནི་མང་པོ་མེད་པར་མ་ཟད། ཟུར་བལྟའི་དཔེ་ཆ་ལ་བལྟ་བའི་དུས་ཚོད་ཀྱང་ཕལ་ཆེར་མེད་དེ། གུང་གསེང་དང་ངལ་གསོའི་དུས་ཚོད་མང་ཆེ་ཤོས་སུ་སྦྱངས་ཚན་འབྲི་དགོས་ཤིང་། ཟུར་བལྟའི་དཔེ་ཆ་མཁོ་སྤྲོད་བྱེད་ནའང་དཔེ་དེབ་ངོས་ཀྱི་ཤེས་བྱ་དང་འབྲེལ་ཡོད་ལས་གཞན་པར་བལྟ་མི་འདོད་པའམ། བལྟ་མི་ཐུབ་པའི་སེམས་ཁམས་ཤིག་གང་ལ་གང་འཚམ་ངང་རྒྱུད་ལ་བཞག་འདུག དེའི་རྐྱེན་གྱིས་གུས་པོ་སྔོན་མར་སློབ་གྲྭར་ཡོད་དུས་སློབ་མ་མང་པོ་ཞིག་ལ་རྒྱའི་སློབ་ཆུང་སློབ་མའམ་དམའ་འབྲིང་སློབ་མའི་ངེས་ཀློག་གི་དཔེ་ཆ་དག་ལ་བལྟ་མྱོང་ཡོད་མེད་ཀྱི་གཏམ་དྲི་དུས། ངེས་ཀློག་གི་དཔེ་ཆ་ཕལ་ཆེར་བ་བལྟ་མྱོང་མཁན་ནི་ཧ་ལམ་གཅིག་ཀྱང་མེད་ཚོད་དུ་འདུག་ལ། བོད་ཡིག་གི་དཔེ་ཆའི་ཁྲོད་ནས་ཀྱང་སློབ་མ་ཚོའི་གོ་སླ་བ་དང་ཐ་སྙད་གསོག་འཇོག་ལ་ཤིན་ཏུ་ཕན་པ་མི་རོ་རྩེ་སྒྲུང་ལྟ་བུ་དང་རི་བོང་བློ་ལྡན་དང་རྣམ་ཐར་ཆེན་མོ་བརྒྱད་ལྟ་བུ་ལ་བལྟ་མྱོང་མེད་མཁན་མང་པོ་འདུག འདི་ཡིས་རང་ཅག་གི་སློབ་མ་མང་པོ་ཞིག་ལ་སློབ་དེབ་ལས་གཞན་པའི་དཔེ་ཆ་བཀླགས་པའི་སྐལ་བ་ནི་ཤིན་ཏུ་ཉག་ཕྲ་ལ། དཔེ་ཆ་གཞན་པར་བལྟ་མྱོང་མེད་པའི་གྱོང་གུད་ནི་ཆུ་ཕྲན་ཞིག་རྟག་ཏུ་རང་ཉིད་འགྲོ་སའི་ཡུར་བ་གཅིག་པུ་རུ་བཞུར་པ་ལས། ཆུ་སྣ་སྟོང་ཕྲག་འཛོམས་པའི་གཙང་པོའི་ནང་དུ་འབབ་མ་ཐུབ་པར། ནམ་ཞིག་རང་ཉིད་སྐམ་པའི་རྒྱུ་ལས་མ་འདས་ཏེ། བྲག་དགོན་པ་དཀོན་མཆོག་བསྟན་པ་རབ་རྒྱས་མཆོག་གིས་གོ་མཐའི་ས་ལས་གོམ་གཅིག་མ་བརྒལ་བར།། འཇིག་རྟེན་དེ་ཉིད་མཐོང་བའི་ལྟད་མོ་འབྱུང་།། ཞེས་རང་ཉིད་ས་ཆ་རྒྱུས་མེད་མང་པོར་འགྲོ་མྱོང་མེད་ཀྱང་། གསུང་རབ་པོ་ཏི་ཡོད་ཕྱིར་འཇིག་རྟེན་ཁམས་ཀྱི་ལྟད་མོ་སྣ་ཚོགས་རིམ་བཞིན་མིག་ལམ་དུ་གསལ་ཞེས་པའི་དོན་ཡིན་ལ། དཔེ་ཀློག་མང་ན་མཐོང་རྒྱ་ཡངས་ཤིང་། དཔེ་ཀློག་མང་ན་ཤེས་བྱའི་ཕྱུག་པ་ནི་ཆོས་ཉིད་ཡིན་པས། དགེ་རྒན་དང་སློབ་མ། ཁྱིམ་བདག་ཀུན་གྱིས་འདིའི་ཕྱོགས་ལ་ཐུགས་སྣང་མཛད་དེ། བསླབ་དེབ་གཅིག་པུ་ལ་མགོ་མི་འཁོར་བར། སྐད་གྲགས་ཆོད་པའི་དཔེ་ཆ་གཞན་པ་མང་པོ་ལ་གཟིགས་ཐུབ་ན། གཅིག་ནས་རྩོམ་འབྲི་བའི་སྐབས་ཀྱི་ཐ་སྙད་བཀོལ་སྤྱོད་ལ་ཤིན་ཏུ་ཕན་ཏེ། ང་ཚོའི་སློབ་མ་མང་པོས་སྐད་ནི་ཤར་མར་བཤད་ཐུབ་ཀྱང་། རང་ཉིད་ཀྱི་སེམས་ཀྱི་འཆར་སྒོ་ཡིག་ལམ་ནས་ཕབ་དགོས་ཚེ། ཇི་དྲན་འབྲི་མི་ཐུབ་པ་ནི་ཐ་སྙད་གསོག་འཇོག་མེད་པའི་དཀའ་ངལ་དང་། ཐ་སྙད་མང་པོ་མཁྱེན་ཀྱང་རིམ་པ་བཞིན་དུ་གོང་འོག་སྒྲིག་མི་ཐུབ་པའི་དཀའ་ངལ་སོགས། མདོར་ན་དཔེ་ཀློག་གི་རྒྱགས་ཕྱེ་ཡིས་མ་འདང་བའི་སྐྱོན་ཡིན་ཕྱིར། དཔེ་ཀློག་གི་ཁྲོད་ནས་ཐ་སྙད་མང་པོ་རང་རྒྱུད་ལ་གསོག་རྒྱུ་དང་། སྔོན་གྱི་ཚིག་གི་སྦྱོར་སྟངས་སོགས་བློ་ལ་སྐྱོར་ནས་རང་ཉིད་ཀྱི་སྐད་ཆའི་བརྗོད་པ་ཕུན་སུམ་ཇེ་ཚོགས་སུ་གཏོང་རྒྱུ་ནི་གལ་ཆེ་ཤོས་སུ་འདོད།།

(ཉག་རོང་རྫོང་སློབ་འབྲིང་གི་དགེ་རྒན་དཔལ་མོ་རྒྱལ་གྱིས་བྲིས།)


  • ལེ་ཚན་སྔོན་མ།:རང་རྫོང་གིས་བོད་ཡིག་ལ་སྣང་ཆུང་བྱེད་ཚུལ་དང་བོད་ཀྱི་སྐད་ཡིག་ཐད་ཀྱི་ཤེས་རྟོགས་ཞན་པའི་སྐོར་མདོ་ཙམ་གླེང་བ།
  • ལེ་ཚན་རྗེས་མ།:བོད་ཡིག་དགེ་རྒན་གྱིས་སློབ་ཆུང་སློབ་མ་ཚོའི་རྩོམ་འབྲི་བའི་ནུས་པ་ཇི་ལྟར་སྐྱེད་སྲིང་བྱེད་དགོས་ཚུལ་ཅུང་ཟད་བཤད་པ།
  • དོ་སྣང་ཆེ་བའི་རྩོམ།