བན་བོན་རིག་གནས་ཁྲོད་ཀྱི་གླང་གི་མཚོན་དོན་འཕོ་འགྱུར་ལ་དཔྱད་པ།

དབང་ཆེན་ཚེ་རིང་།    མཚོ་སྔོན་མི་རིགས་སློབ་ཆེན་རིག་དེབ།    2021-09-22

གནའ་དཔྱད་རིག་པས་རྟོག་ཞིབ་བྱས་པའི་ཡིག་ཆར་གཞིགས་ན།ལོ་ངོ་བཞི་སྟོང་ལྷག་གི་ཡར་སྔོན་ནས་མདོ་དབུས་མཐོ་སྒང་དུ་གླང་གི་རིགས་འཚོ་ཞིང་བོད་མི་རིགས་དེ་ནི་གཉའ་ཁྲི་ བཙན་པོས་རྒྱལ་བློན་ཚོགས་པའི་ཚོགས་འདུ་ཐོག་མ་རུ་འབྲོང་འདུལ་ཐབས་ཀྱི་གྲོས་མགོ་བཏོན་པ་དང་།རུ་ལས་སྐྱེས་ཀྱིས“འབྲོང་ཐུལ་དུ་སྡེབས”ནས་སྒོ་ཕྱུགས་ལ་ཕབ་བའི་ངག་རྒྱུན་སོགས་ལས་ཀྱང་ཤེས་ཐུབ།ད་ལྟ་མཇལ་དུ་ཡོད་པའི་ལོ་རྒྱུས་ཡིག་ཚང་ལས་ཆེས་སྔ་བའང་དུས་རབས་བརྒྱད་པའི་ཡན་ལ་བརྒལ་མི་ཐུབ་པས།དེའི་སྔོན་གྱི་འཇིག་རྟེན་ཆགས་ཚུལ་དང་། ལྷ་འདྲེའི་བྱུང་རབས།  མེས་པོའི་མཆེད་ཁུངས་ཐད་ཀྱི་ལྟ་ཚུལ་དང་།   ལྷག་པར་དུ་དེའི་ཁྲོད་ཀྱི་གླང་གི་མཚོན་དོན་ལ་དཔྱད་ཞིབ་བྱ་དགོས་ན་ནི་སྔ་རབས་ནས་བརྒྱུད་པའི་ངག་བརྒྱུན་དང་།ལྷ་སྒྲུང་།བོན་བསྟན་དད་མོས་ཀྱི་རྒྱུན་མ་ཉམས་པར་གནས་པའི་ཡུལ་ལུང་ཁག་གི་འབྲེལ་ཡོད་རྟེན་རྫས་སོགས་ལ་ཁྱོན་ཡོངས་ནས་དཔྱད་སྡུར་དང་།ཁྱད་པར་དུ་ལོ་རྒྱུས་ཀྱི་སྐྱ་ཐིག་ངེས་ཅན་ཡོད་པའི་ལྷ་སྒྲུང་དག་ནི་མི་རབས་ནས་མི་རབས་སུ་རྒྱུན་མ་ཆད་པར་ངག་ནས་ངག་བརྒྱུད་དེ་རིམ་གྱིས་ལོ་རྒྱུས་དང་དེབ་ཐེར་ཁག་ཏུ་བཀོད་ཅིང་།མི་རིགས་དང་ཚོགས་པ་ཞིག་གི་ཐུན་མོང་གི་དྲན་ཤེས་སུ་གྱུར་པས་ན་ཡིད་རྟོན་དང་ཆ་འཇོག་བྱ་རུང་བའི་དཔྱད་གཞིའོ༎
ལོ་རྒྱུས་ཀྱི་དུས་རིམ་མི་འདྲ་བའི་ནང་དུ་རིག་གགནས་ལ་འཕོ་འགྱུར་སྣ་ཚོགས་བྱུང་བ་དང་བསྟུན་གླང་གི་མཚོན་དོན་ལ་ཡང་འཕེལ་འགྱུར་ཅི་རིགས་བྱུང་ཡང་།སྤྱིར་བཏང་དུ་གཉུག་མར་གནས་པའི་བོན་གྱི་ཆོས་ལུགས་རིག་གནས་དང་དུས་རབས་བདུན་པར་རྒྱ་གར་ནས་ནང་འདྲེན་བྱས་པའི་སངས་རྒྱས་ཆོས་ལུགས་གཉིས་སུ་བསྡུ་ཆོག་ལ།ཆོས་ལུགས་དེ་གཉིས་ཀྱིས་གླང་ལ་འཛིན་པའི་ལྟ་བ་ཐ་དད་དུ་སོང་ཞིང་མཚོན་དོན་ཡང་ཁ་ཁ་ཡིན་པས།དཔྱད་རྩོམ་འདིར་གླང་དེ་བན་བོན་གཉིས་ཀྱི་རིག་གནས་ཁྱབ་ཁོངས་སུ་བཞག་ནས་གླེང་བར་བྱ།གཞན་ལོ་རྒྱུས་དེབ་ཐེར་དང་ལྷ་སྒྲུང་།གཏམ་རྒྱུད་ཅི་རིགས་སུ་གནས་བབ་དང་ཡུལ་ལུང་མི་འདྲ་བར་དམིགསནས་གླང་གི་མིང་ལ་འབྲོང་དང་། གཡག འབྲི། བ། ལྷ་གཡག མགོན་གཡག   ནོར་དང་ཟོག་ལ་སོགས་པའི་ཐ་སྙད་དེ་དག་དཀྱུས་གཅིག་ཏུ་གླང་གིས་མཚོན་པའི་རིག་གནས་ཁྱབ་ཁོངས་སུ་བསྡུས་ནས་ངོས་འཛིན་དང་དཔྱད་ཞིབ་བྱ་རྒྱུ་ཡིན།
དང་པོ།  བོན་གྱི་རིག་གནས་ཁྲོད་ཀྱི་གླང་གི་གོ་དོན་དང་མཚོན་དོན།
བོན་གྱི་བསྟན་པ་དང་རིག་གནས་ནི་དུས་ཡུན་རིང་མོའི་བོད་ཀྱི་གདོད་མའི་སྤྱི་ཚོགས་ཀྱི་བསམ་བློའི་གྲུབ་ཆ་གཙོ་བོ་ཡིན་ལ།བོད་ཀྱི་གནའ་བོའི་འཇིག་རྟེན་ཆགས་ལུགས་དང་ལྷ་འདྲེའི་བྱུང་ཚུལ།མེས་པོའི་མཆེད་ཁུངས་ཐད་ལ་འགྲེལ་བཤད་ཐོག་མ་མཛད་ཅིང་།འགྲེལ་བཤད་དེ་དག་རྣམ་པ་ཀུན་ཏུ་གླང་དང་འབྲེལ་བ་དམ་པོ་ཡོད་པར་མ་ཟད།དེ་དག་གི་ཁྲོད་ཀྱི་ཆོ་ག་དང་གཏམ་རྒྱུད་གང་མང་ཞིག་ལས་གླང་ནི་འཇིག་རྟེན་བྱེད་པོ་དང་། འཇིག་རྟེན་ལ་དབང་སྒྱུར་མཁན་གྱི་ལྷ།   མིའི་རིགས་ཀྱི་མེས་པོ་རུ་ངོས་བཟུང་ཡོད་པ་གཤམ་ནས་རིམ་པ་ལྟར་དཔྱད་པར་བྱ།
གཅིག  གླང་ནི་འཇིག་རྟེན་བྱེད་པོར་འདོད་པ།
“གླུ་ལེན་ན་སྲིད་པའི་ཆགས་ཚུལ་ལེན༎ གཏམ་བཤད་ན་འཇིག་རྟེན་དར་ཚུལ་བཤད༎”ཅེས་འཇིག་རྟེན་ཁམས་ཇི་ལྟར་ཆགས་ཚུལ་གྱི་གསང་བ་བརྟོལ་འདོད་ཀྱི་རེ་འདུན་དང་བློ་སྤོབས་ཀྱིས་ཁེངས་པའི་བོད་མི་རིགས་ཀྱིས་འཆར་ཡན་ཀྱི་བསམ་བློ་དང་རྩེད་མཚར་གྱི་ཉམས་ལ་བརྟེན་ནས་གདོད་མའི་འཇིག་རྟེན་ཆགས་ཚུལ་གྱི་ལྟ་བ་མང་དུ་བརྗོད་ཡོད་དེ།  《སྲིད་པ་ཆགས་གླུ》དང་། 《སྲིད་པའི་བ་ཆུང་བཤའ་གླུ》《སྲིད་པའི་བ་ཆུང་ཁྲ་མོ》ལ་སོགས་ཀྱིས་མཚོན་པའི་ལྷ་སྒྲུང་དང་དམངས་གླུ་ལས།གླང་ནི་འཇིག་རྟེན་གྱི་བྱེད་པོ་དང་ཐོག་མ་ཡིན་ལ།གླང་གིས་འཇིག་རྟེན་ཆེན་པོ་འདི་བསྐྲུན་པའི་ལྟ་ཚུལ་ཞིག་རྒྱུན་འབྱམས་སུ་གྱུར་ནས་ཀུན་ལ་རླུང་ལྟར་གྲགས།
བོད་ཀྱི་འཇིག་རྟེན་ཆགས་ལུགས་ཀྱི་ལྷ་སྒྲུང་ལས། གླང་གི་མགོ་དང་།  མིག  རྒྱུ་མ།  རྩིད་པ།  སྙིང་བཅས་རིམ་བཞིན་ཉི་ཟླ་སྐར་གསུམ་དང་།  གཙང་པོ།  མཚེའུ།  ནགས་ཚལ།  རི་བོ་སོགས་སུ་གྱུར་ཅེས་པ་དང་།  《སྲིད་པའི་བ་ཆུང་བཤའ་བའི་གླུ》ལས།  དང་པོ་སྲིད་པ་ཆགས་དུས་ན༎  གནམ་ས་གཉིས་ཀ་འདྲེས་བསྡད་ཡོད༎  སྲིད་པས་བ་ཆུང་བཤའ་དུས་སུ༎  བ་མགོ་བླངས་ཏེ་ཐོད་ལ་བཞག །  ཐོད་འབུར་འབུར་ཡིན་ནོ་དེ་དོན་རེད༎  སྲིད་པས་བ་ཆུང་བཤའ་དུས་སུ༎  བ་རྔ་བཅད་དེ་ལམ་ལ་བཞག ། ལམ་ཀྱག་ཀྱོག་ཡིན་ནོ་དེ་དོན་རེད༎  སྲིད་པས་བ་ཆུང་བཤའ་དུས་སུ༎  བ་ཀོ་བཤུས་ཏེ་ཐང་ལ་བཏིངས༎  ཐང་བདེ་བདེ་ཡིན་ནོ་དེ་དོན་རེད༎ ཅེས་གྲགས།
“འདིར་སྲིད་པ་ཞེས་པ་ནི།འཇིག་རྟེན་གྱི་དོན་མ་ཡིན་པར།སྐལ་བ་ཐོག་མའི་དུས་ཀྱི་འཇིག་རྟེན་བྱེད་པོ་ལྟ་བུ་ཞིག་ལ་གོ་དགོས།ས་གཞི་དང་།རི་དེའུ།ནགས་ཚ་ལ་སོགས་རང་བྱུང་ཁམས་ཀྱི་ཆགས་ཚུལ་བ་ཡི་ལུས་ཀྱི་ཆ་ཤས་ཀྱིས་འགྲེལ་བརྒྱབ་ཅིང་།དེ་ལ་དབང་སྒྱུར་མཁན་ནི་སྲིད་པ་ཞེས་པ་དེ་རེད།འདི་དག་ནི་མེས་པོ་རྣམས་ཀྱི་འཇིག་རྟེན་ཆགས་ཚུལ་ཐད་ཀྱི་ཆེས་ཐོག་མའི་འགྲེལ་བཤད་སྟབས་བདེ་ཞིག་ལས་མ་འདས་ཀྱང་།ཁོང་ཚོས་རང་ཉིད་འཚོ་སའི་ཁོར་ཡུག་ཁྲོད་ཀྱི་སྟོབས་དང་ལྡན་པའི་འབྲོང་གཡག་དག་ནི་འཇིག་རྟེན་ཆགས་རིམ་ཁྲོད་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཏུ་ངོས་བཟུང་བཞིན་པ་ཤེས་ཐུབ།
བོན་བསྟན་ལས་སྲིད་པའི་ཆགས་རིམ་དགུ་ཡོད་པར་བཤད་ཅིང་།དེ་ལས་རིམ་པ་བདུན་པ་ནི་གླང་དཀར་པོ་འཁྲུངས་པའི་ཉེར་བསྡོགས་བརྩམས་པའི་ཆོ་འཕྲུལ་གྱི་དུས་དང་།རིམ་པ་བརྒྱད་པ་ནི་གླང་ལྷ་ལས་བབས་ནས་ཞང་ཞུང་བོན་གྱི་ཡུལ་དུ་ཕེབས་པའི་དུས་དང་།རིམ་པ་དགུ་པའམ་མཐའ་མའི་དུས་ནི་ལྷ་ལས་བབས་ནས་འཇིག་རྟེན་དུ་ཕེབས་པའོ༎རིམ་པ་འདི་དག་བརྒྱུད་ནས་འཇིག་རྟེན་བསྐྲུན་པར་གྲགས།སྲིད་པ་ཆགས་ཚུལ་སྐོར་གྱི་ལྷ་སྒྲུང་འདིར་ས་གཞི་ཆེན་པོ་དེ་འཚོ་རྟེན་དུ་རུང་བ་དང་དགྲ་ལྷའི་ཚོགས་ཀྱི་གནས་ཡུལ་ཞིག་ཏུ་སྒྱུར་བའི་ལས་དེ་གླང་ལ་བཅོལ་ནས་གྲུབ་པར་བསྟན།
ལྷ་སྒྲུང་དང་འབྲེལ་བའི་རིག་གནས་ཀྱི་སྣང་ཚུལ་འདི་དག་ལས་བོད་ཀྱི་མེས་པོ་ཚོའི་གནའ་རབས་ཀྱི་འཇིག་རྟེན་ཆགས་ཚུལ་གྱི་བསམ་བློ་དང་ཆོས་ལུགས་དད་མོས་མངོན་ཡོད་ལ།  ཁོང་ཚོའི་རང་བྱུང་གི་འཕེལ་རྒྱས་ཀྱི་ཆོས་ཉིད་ལས་བརྒལ་བའི་བསམ་གཞིག་གི་ནུས་པ་དང་འཆར་སྣང་། གླང་དང་འཇིག་རྟེན་གྲུབ་ལུགས་དབར་དུ་འབྲེལ་བ་དམ་པོ་ཞིག་ཡོད་པ་བཅས་མཚོན།
གཉིས།  གླང་ལྷ་རུ་བཀུར་ཏེ་དད་མོས་བྱ་ཡུལ་དུ་གྱུར་པ།
འཇིག་རྟེན་ཁམས་ཆགས་ཚུལ་གྱི་འགྲེལ་བཤད་སྔོན་དུ་ངོས་རྗེས།འཇིག་རྟེན་དེ་ལ་དབང་སྒྱུར་བའི་ལྷ་རིགས་ཀྱིས་ཐད་དུའང་འགྲེལ་བཤད་མང་པོ་བྱས་ཤིང་།དེ་དག་གི་ཁྲོད་དུ་གླང་ལྷ་ཡིས་གོ་གནས་ངེས་ཅན་ཞིག་ཟིན་ཡོད་པ་ནི།  བོད་ཡུལ་གྱི་སྲིད་པ་ཆགས་པའི་ལྷ་རིགས་དང་།  ཡུལ་ལྷ་གཞི་བདག  སྲུང་མ་མང་པོ་ཡང་གླང་དང་འབྲེལ་བ་ལས་རྟོགས་ཐུབ།
《འཛམ་གླིང་གངས་རྒྱལ་ཏི་སེའི་དཀར་ཆགས་ཚངས་དབྱངས་ཡིད་འཕྲོག》ལས། ཆུ་ཤེལ་ལྟ་བུའི་གངས་ཏི་སེ་ནི་རྩ་བ་རྡོ་རྗེ་རྒྱ་གྲམ་བཞིན་དུ་འོག་ཀླུ་ཡི་ཁམས་སུ་ཟུག་ཅིང་།  རྩེ་མོ་ལྷ་ཡུལ་ཁམས་སུ་བསྙེགས་ནས་སྲིད་པ་གསུམ་དམ་པོར་སྦྲེལ་བའི་གནས་རི་ཞིག་ཡིན་ལ།  དེ་རུ་གནས་པའི་སྲིད་པའི་ལྷ་ཆེན་གེ་ཁོད་མང་གོ་གཡག་དཀར་པོ་ཞིག་གི་གཟུགས་སུ་སྤྲུལ་ནས་མི་ཡུལ་དུ་བོན་གྱི་སྲུང་མར་སླེབས་ཤིང་། མིང་ལ་སྲིད་པའི་འབྲོང་ཆེན་དུ་འབོད།  དུས་དེ་ནས་གནམ་སའི་བར་སྟོང་ཐོག་མར་ཕྱེ་བ་མཚོན་ལ།ལྷ་མོ་གནམ་ཕྱི་གོང་རྒྱལ་ནི་སྲིད་པ་མོ་དགུའི་དང་པོ་དང་།འཇིག་རྟེན་བྱེད་པོའི་གསང་ཡུམ་ཡིན་ལ།དེའི་ཆིབས་པ་ཡང་གཡག་དཀར་པོ་ཞིག་ཡིན་ནོ༎
བོད་ཀྱི་སྲིད་པ་ཆགས་པའི་ལྷ་དགུའི་ཐོག་མ་ཡང་ཡར་ལྷ་ཤམ་པོ་ཡང་གླང་དཀར་པོ་ཞིག་ཡིན་པ་དང་།རྗེས་སུ་ཆོས་སྐྱོང་དུ་བཀུག་རྗེས་ཀྱང་གླང་གི་ཆིབས་པར་བཅིབས་པའི་རྣམ་པ་བསང་ཡིག་ལས“དེ་ཡང་ཡར་ལྷ་ཤམ་པོ་མདུན་དུ་མཆོད་གཏོར་བཤོས་བུ་དཀར་པོ་ཟུར་གསུམ་གཡག་དཀར་གྱི་མགོས་མཚན་པ།འབྲོང་གཡག་དཀར་པོའི་རྭ་དང་རྨིག་པ་བཻཌཱུརྱའི་མདོག་ལྟར་འཚེར་ཞིང་ཁ་རླངས་ན་བུན་ལྟར་འཐུལ་པ་ལ་བཅིབས།”ཞེས་སྣང་ཞིང་། གནས་རི་གྲགས་ཅན་སྐུ་ལ་མཁའ་རིའི་སྐུ་ཟླ་ལྕམ་མོ་ཤེལ་བཟའ་ཡིས་ཕྱག་ཏུ་གླང་དཀར་པོ་ཞིག་ཁྲིད་ཡོད་པ་དང་།གཉེན་ཆེན་ཐང་ལྷ་དང་རྨ་ཆེན་སྦོམ་རའི་ཐོག་མའི་རྣམ་པའང་གཡག་དཀར་པོའི་གཟུགས་སུ་མངོན་ལ།བོད་ཀྱི་བསྟན་མ་བཅུ་གཉིས་ཁྲོད་ཀྱི་བཙན་ལྷ་ལོ་རོལ་རྡོ་རྗེ་སྨན་གཅིག་མའང་གླང་ལ་བཅིབས་ཡོད་པར་བཤད།
བོད་ཀྱི་གནའ་བའི་ལྷ་ཆེན་དག་དང་།ཡུལ་ལྷ་གཞི་བདག  བོན་སྐྱོང་སྲུང་མ་མང་པོ་གླང་ལྷའི་རྣམ་པར་མངོན་པ་ཡིས་སྐབས་དེའི་རིག་གནས་དང་སྤྱི་ཚོགས་ཁྲོད་དུ་གླང་ནི་བླ་རུ་བཀུར་ནས་ལྷ་རུ་མཆོད་པ་གསལ་པོར་མཚོན།
གསུམ།  གླང་མེས་པོ་རུ་བཀུར་བ
མེས་པོའི་འབྱུང་ཁུངས་ལྷ་རུ་འདེད་པ་ནི་གནའ་བོའི་བོད་ཀྱི་རིག་གནས་ཁྲོད་ཀྱི་སྣང་ཚུལ་རྒྱུན་མཐོང་ཅན་ཞིག་ཡིན།  “མི་ནི་ལྷ་ནས་མཆེད་པ་དང་ལྷ་དང་མི་གཉིས་དང་ཐོག་དབྱེར་མེད་ཀྱི་བདག་ཉིད་ཅན་ཞིག་ཡིན”པ་ནི་གཉའ་ཁྲི་བཙན་པོ་ལྷ་ཡུལ་ནས་ཕེབས་པ་དང་།བོད་ཀྱི་བཙན་པོ་རིམ་བྱོན་གྱི་རུས་སུ་ལྷ་ཞེས་པའི་ཐ་སྙད་སྦྱར་བ་ལས་ཀྱང་རྟོགས་ཐུབ། དེ་བས།  གླང་ལྷ་རུ་མཆོད་པའི་གནའ་བོའི་སྤྱི་ཚོགས་སུ་རང་ཉིད་ཀྱི་མེས་པོ་གླང་ལས་མཆེད་པར་འདོད་པའང་ཆེ་བསྟོད་དང་ལུགས་མཐུན་དུ་བསྔགས་ཤིང་ངག་རྒྱུན་དང་ལྷ་སྒྲུང་གི་རྣམ་པས་མི་རབས་ནས་མི་རབས་བརྒྱུད་དེ་ཀུན་ལ་ཁྱབ་ཅིང་ཡོངས་ཀྱིས་བདེན་པར་བཟུང་ནས་མེས་པོའི་འབྱུང་ཁུངས་ཐད་ཀྱི་ཐུན་མོང་གི་བསམ་བློར་གྱུར་ཡོད།
བོད་ཡུལ་འདི་ལ་གནའ་དུས་གླང་གིས་དབང་བསྒྱུར་མྱོང་བར་བཤད་པ་བཞིན།  སངས་རྒྱས་ཆོས་ལུགས་བོད་དུ་མ་དར་བའི་དུས་རབས་བདུན་པའི་ཡར་སྔོན་གྱི་བོད་ཀྱི་རྒྱལ་བློན་བཙུན་མོ་ལ་སོགས་པའི་ལོ་རྒྱུས་ངག་རྒྱུན་གླེང་སྐབས་རྣམ་པ་ཀུན་ཏུ་གླང་དང་འབྲེལ་བ་ལས་ཀྱང་གླང་དང་མེས་པོའི་བར་དུ་དམིགས་བསལ་གྱི་འབྲེལ་བ་ཞིག་ཡོད་པ་གསལ་བོར་མཚོན་ཞིང་།  བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོའི་ལོ་རྒྱུས་ཀྱི་སྐབས“ཡབ་རྒྱལ་པོས་སྲས་དེ་ལ་ཡང་སྐྱར་སྲུང་མ་ལྷ་གཉིས་དང་།  ལྷ་སྤུན་མཆེད་བདུན།  དུང་དཀར་དང་གླང་རྭ་ཅོ་དཀར་པོ་ཅན་མིང་དུ་ལྷ་གླང་རི་དཀར་ཞེས་པ་སོགས་སྦྱིན་ནོ༎”ཞེས་དང་།  “སྲས་དེ་པའི་ཡབ་ཀྱིས་ཁོ་ལ་གཡག་གཅིག་དང་རང་གི་ཕྱྭ་ལྷའི་ཁམས་ནས་ཁྲིད་ཡོང་བའི་གླང་དཀར་པོ་དེ་སྟེར་རོ༎  སྲས་དེས་ཀོང་བོའི་ཡུལ་གྱི་ལྷ་རི་གྱང་ཏོའི་རྩེ་ནས་འབབ་སྟེ་མི་ཡུལ་དུ་བྱོན་པ་དང་།  དེ་བོད་ཀྱི་རྒྱལ་པོའི་ཐོག་མར་གྱུར་ཞིང་།  མཚན་དུ་གཉའ་ཁྲི་བཙན་པོ་ཞེས་བཏགས་སོ༎”  བོད་རྒྱལ་ཐོག་མ་འདི་འཁྲུངས་པ་ནས་མི་ཡུལ་དུ་ཕེབས་པའི་ཐོག་མཐའ་བར་གསུམ་ཀུན་ཏུ་གླང་དང་དམ་པོར་འབྲེལ་ཞིང་།  དེ་ནས་གཉའ་ཁྲི་བཙན་པོ་བོད་ཀ་གཡག་དྲུག་གི་རྗེ་བོར་ཕེབས་པའི་སྐོར་ལ།  ཏུན་ཧོང་ཡིག་རྙིང་ལས།  “ལྷ་གནམ་སྟེང་ནས་གཤེགས་པའ།  བོད་ཀ་གཡག་དྲུག་གྀརྗེར་གཤེགས་སོ༎”ཞེས་པ་ལས་ཡར་ཀླུང་རྒྱལ་རྒྱུད་མ་བྱུང་བའི་ཡར་སྔོན་དུ་བོད་ལ་བོད་ཀ་གཡག་དྲུག་ཏུ་འབོད་པའང་ཤེས་ཐུབ།
《རྒྱལ་རབས་གསལ་བོའི་མེ་ལོང》ལས། གླང་དང་འབྲེལ་བའི་གཏམ་རྒྱུད་གཉིས་བཀོད་ཡོད་དེ།  དང་པོ་ནི་མཛངས་བློན་དང་པོ་རུ་ལས་སྐྱེས་ཀྱི་ཆེད་ཁུངས་སྐོར་ཡིན་ལ།  “བློན་པོ་ལོ་ངམ་གྱིས་རྒྱལ་སྲིད་ཕྲོགས་ནས།  རྒྱལ་པོའི་བཙན་མོ་རྟ་རྫི་བཅོལ་ལོ༎  དེར་ཡུམ་བཙན་མོ་དེས་རྟ་འཚོར་ཕྱིན་ནས།  གཉིད་ལོག་པའི་རྨི་ལམ་ན།  ཡར་ལྷ་ཤམ་པོའི་སྤྲུལ་བ་མི་དཀར་པོ་ཞིག་དང་འབྲེལ་བ་རྨིས།  གཉིད་སད་ཙ་ན།  སྔས་མགོ་ནས་གཡག་དཀར་པོ་ཅིག་ལངས་ནས་སོང་བ་མཐོང་།  དེ་ནས་ཟླ་བ་བརྒྱད་སོང་ཙ་ན།ཡུམ་བཙན་མོ་དེ་ལ་ཁྲག་གོང་པོ་ལག་མགོ་ཙམ་འགུལ་ཤེས་པ་ཅིག་སྐྱེས་བྱུང་བ་བསྐྱུར་བར་ནི་ཤ་ལས་ཆད་སྙིང་རྗེ་བར་བྱུང་།གསོ་བ་ལ་ནི་ཁ་མིག་གང་ཡང་མི་འདུག་ནས།  འབྲོང་རུ་དྲོན་མོ་ཅིག་ཏུ་བཅུག  གོས་ཐུང་གི་ངར་པས་དྲིལ་བཞག་པས།  ཞག་འགའ་སོང་དུས་བལྟས་པས།ཁྱེའུ་ཅིག་བྱུང་འདུག དེའི་མིང་ཡང་འཇང་གི་བུ་རུ་ལས་སྐྱེས་ཞེས་གྲགས་སོ༎ཅིག་ཤོས་ནི་གྲི་གུམ་བཙན་པོ་བཀྲོངས་རྗེས་སྲས་གསུམ་ཀོང་ཡུལ་དུ་བྲོས་པའི་གནས་ཚུལ་ཡིན་ལ།“སྤུ་དེ་གོང་རྒྱལ་གྱིས་རྒྱལ་ས་བཟུང་སྟེ།  བློན་པོ་རུ་ལས་སྐྱེས་ཀྱིས་བྱས་སོ༎  སྲས་རྒྱལ་བུ་གསུམ་པོ་དེས་ཡབ་མེས་ཀྱི་དཀོར་མཛོད་ནས།  ཅེའུ་གླང་རུ་དཀར་ཞེས་བྱ་བའི་གླང་འཕུར་ཤེས་ལ་བཞོན་ནས་ཀོང་པོའི་ཡུལ་དུ་བྲོས།”ཞེས་སོ༎
རྒྱལ་བློན་བཙུན་མོ་རྣམས་ཀྱི་མཚན་ཟུར་དུ་གླང་གི་རིགས་ཀྱི་མིང་སྦྱར་བ་ཡང་མང་དུ་མཐོང་སྟེ།“རྒྱལ་པོ་གུང་རུ་ལེགས་དང་མཚོ་སྨན་འབྲོང་མའི་སྲས་འབྲོང་ཞེར་ལེགས། འདིའི་ཡན་གྱི་རྒྱལ་པོ་དེ་རྣམས་ཀྱིས་ལྷ་ཀླུའི་བུ་མོ་བཞེས་ཏེ།  བཙུན་མོའི་རྟེན་དོག་ལ་མ་འཚལ་ཟེར་ཏེ།  ས་ལ་རོ་མ་བྱུང་སྐད།”ཅེས་པ་ལས་མཚན་དུ་འབྲོང་མ་རུ་གསོལ་བའི་བཙུན་མོ་འདི་ཡང་ལྷའམ་ཀླུ་རུ་གཏོགས་ལ།  ད་དུང་རྒྱལ་པོ་ཁྲི་གཉན་གཟུངས་བཙན་དང་འབྲོང་བཟའ་མོ་དུར་ཡངས་གཉེར་གྱི་སྲས་འབྲོང་གཉན་ལྡེའུ་ལ་སོགས་པ་ཤིན་ཏུ་མང་ཡང་དེ་ཙམ་གྱིས་མཚོན་ནུས་པས་རེ་རེ་བཞིན་བགྲང་བའི་དགོས་པ་མི་མཆིས།
ལོ་རྒྱུས་ཀྱི་མི་སྣ་བརྗོད་བྱ་བྱས་པའི་འབྲོང་གཡག་ཐུའུ་ཐེང་ལ་དད་མོས་བྱེད་པའི་ལོ་རྒྱུས་ལྷ་སྒྲུང་དམངས་ཁྲོད་དུ་གྲགས་པ་དག་དེབ་ཐེར་དུ་བཀོད་པ་དང་།མེས་པོ་རྒྱལ་བློན་འདི་དག་དང་གླང་གི་དད་མོས་གཞི་གཅིག་ཏུ་སྦྱོར་བའི་དམིགས་ཡུལ་ནི་མི་རྣམས་ཀྱིས་ཐུའུ་ཐེང་སྲོག་ཆགས་ལ་དད་མོས་བྱེད་པ་ལས་མི་སྣའི་ལྷའི་རང་བཞིན་འབུར་དུ་ཐོན་ཆེད་ཡིན་ལ།འདི་ནི་མིའི་འབྱུང་ཁུངས་སྐོར་གྱི་ལྷ་སྒྲུང་གི་ཁྱད་ཆོས་ཀྱང་ངོ་༎
ཨ་མདོ་མགོ་ལོག་གི་མེས་པོའི་མཆེད་ཁུངས་བརྗོད་པའི་ལྷ་སྒྲུང་ཞིག་ལས།  མགོ་ལོག་གི་ཚོ་བ་ཁག་གསུམ་གྱི་མེས་པོ་ཡང་གླང་དཀར་པོ་ཞིག་ཡིན་པར་བརྗོད་ཅིང་།  《མགོ་ལོག་རུས་མཛོད》ལས་གླང་ནི་མགོ་ལོག་གི་མེས་པོའི་རུས་གཙོ་བོ་ཞིག་ཡིན་པར་བརྗོད་ལ།དཔའ་རིས་དང་གྲོ་ཚང་དུ་མི་རྣམས་ཀྱིས་རུས་སུ་གླང་སྦྱོར་བའི་སྲོལ་ད་དུང་མ་ཉམས་པར་གནས་ཤིང་།  དེ་མིན་ད་དུང་མེས་པོ་གླང་ལས་མཆེད་དེ་རུས་གླང་ཡིན་པར་འདོད་པའི་ཡུལ་ལུང་དུ་མ་ཡོད་ཀྱང་རེ་རེ་བཞིན་འདྲེན་པའི་དགོས་པ་མ་མཆིས་པས་འདི་ཙམ་གྱིས་འཐུས་པར་བྱ།
མིའི་རིགས་རིག་པ་ལྟར་ན།མི་རིགས་ཤིག་གི་འབྱུང་ཁུངས་མཚོན་པའི་ལྷ་སྒྲུང་ལ་འཇུག་དགོས་ན་ཐོག་མར་མི་རིགས་དེའི་གནའ་རབས་ཀྱི་ཐུའུ་ཐེང་ལམ་ལུགས་ནས་དཔྱད་དགོས་ཤིང་།  ཐུའུ་ཐེང་གི་རྟགས་མཚན་གཙོ་བོ་ཞིག་ནི་ཐུའུ་ཐེང་ལ་དད་མོས་བྱེད་མཁན་གྱི་རིགས་རྒྱུད་དེས་རང་གི་མེས་པོ་དང་དད་མོས་བྱ་ཡུལ་དུ་གྱུར་པའི་ཐུའུ་ཐེང་སྲོགས་ཆགས་བར་དུ་འབྲེལ་བ་དམ་ཟབ་ཅིག་ཡོད་པར་འདོད་པའམ།ཡང་ན་རིགས་རྒྱུད་དེ་མ་གཞི་ནས་ཐུའུ་ཐེང་སྲོག་ཆགས་ལས་འཕེལ་འགྱུར་བྱུང་བར་སྙམ་པའོ༎
བཞི།  གླང་ལ་དད་པོས་བྱེད་རྒྱུན།
ནང་བཅུད་ཀྱི་སེམས་ཅན་དུ་གྱུར་པའི་འགྲོབ་མིའི་རིགས་ཀྱིས་གླང་ལ་འཇིག་རྟེན་བྱེད་པོ་དང་། ལྷ།  མེས་པོ་རུ་བཀུར་བའི་ཤུགས་རྐྱེན་གྱིས་ཕྱི་སྣོད་ཀྱི་འཇིག་རྟེན་ཁྲོད་ཀྱི་རི་ཀླུང་དང་།  མཚོ་མཚེའུ།ཆུ་བོ་མང་པོར་ཡང་གླང་གི་མིང་བཏགས་འདུག་སྟེ།དེ་ལས་ཀྱང་མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རིམ་ཁྲོད་དུ་གླང་ལ་ཐུན་མིན་གྱི་གོ་བབ་ཅིག་ཡོད་པ་མཚོན།
དེང་གི་ཆར། རྒྱལ་རོང་ས་ཁུལ་དུ་ད་དུང་གླང་མགོ་མི་ལུས་ཅན་གྱི་ལྷ་ལ་མཆོད་པ་དང་།  གྱང་ངོས་སུ་གླང་མགོའི་རྒྱན་སྤྲས་ཤིང་།གླང་མགོའི་རུས་པའི་ངོས་སུ་ཉི་ཟླ་གཟའ་སྐར་དང་བོན་བསྟན་གྱི་ནང་དོན་བརྐོ་བ། ཁང་ཀླད་དུ་གླང་མགོ་འཇོག་པ་དང་། འབར་ཁམས་དང་བསྟན་པའི་ཡུལ་དུ་གླང་མགོ་མཆོད་ཁང་དུ་བཞག་ནས་མཆོད་པ་འབུལ་བ།  མཚོ་སྔོན་སྟོང་སྐོར་ཁུལ་གྱི་བོད་རིགས་ཚོ་ཁག་རྣམས་ཀྱི་ཡུལ་སྲོལ་ཉམས་ནའང་གླང་ལ་དད་མོས་བྱེད་པའི་སྲོལ་ད་དུང་མ་ཉམས་པར་སྔར་མུས་སུ་གནས་པ་སོགས་ལས་བོན་བསྟན་མ་ནུབ་པའི་ཡུལ་ལུང་ཁག་ཏུ་གླང་ནི་རང་གི་མེས་པོར་བཀུར་པའི་འདུ་ཤེས་ད་དུང་བརྟན་པོར་གནས་པ་མཚོན།
རི་ཆུ་ཡུལ་ལུང་མང་པོ་ཞིག་གི་མིང་ཡང་གླང་དང་འབྲེལ་བར་གནས་ཡོད་ལ། འབྲི་ཆུའི(金沙江)མིང་གཞན་ལ་འབྲོང་ཆུ་ཟེར་བ་དང་།  གསེར་རྟའི་རྩྭ་ཐང་དུ་གླང་རི་ཞེས་པའི་གནས་རི་ཞིག་ཡོད་ལ།ཡུལ་དེའི་འབྲོག་པ་རྣམས་ཀྱིས་དེ་ཉིད་རང་གི་མེས་པོ་རུ་བཀུར་ནས་མཆོད་སྲོལ་ཡོད་པ།  སི་ཁྲོན་ས་ཁུལ་གྱི་གཡག་རྔ་དང་།  གཡག་མགོ་དགོན། གཡག་འཁྲབ་དགོན། སྡེ་དགེ་གཡག་ཟེ་དགོན།  བསྟན་པའི་ཡུལ་ཁུངས་ཀྱི་གཡག་རི་དང་གཡག་ཆུ། གཡག་སྡེ་དང་། མདོ་སྨད་གཅན་ཚའི་ཁོངས་སུ་གཡག་སྡེ་བ་ཞེས་པ་དང་སྐྱེས་ལྷ་གཡག་རི་ལ་སོགས་ཡོད་པས་ཀྱང་མཚོན་ནོ༎
བོན་གྱི་བསྟན་པ་མ་ཉམས་པར་གནས་པའི་ཡུལ་མཐའ་དག་ཏུ་གླང་བླ་རུ་བཀུར་བའི་སྲོལ་རྒྱུན་མ་ཉམས་པར་གནས་པ་དང་།གླང་གི་མིང་སྦྱར་བའི་རི་ཆུ་ས་མིང་བོད་ཡུལ་དང་འདབས་འབྲེལ་བའི་ཡུལ་ལུང་ཀུན་ལ་ཁྱབ་ཅིང་།ཉེ་ཆར་གླང་གཟུགས་ཟངས་ཆས་དང་ཟངས་བརྐོས་རི་མོའི་ཤུལ་རྫས་རྩ་ཆེན་མང་པོ་ས་འོག་ནས་ཐོན་པས་ཀྱང་བོད་མི་རིགས་ཀྱིས་གནའ་ནས་བཟུང་གླང་ལ་དད་གུས་བྱེད་སྲོལ་ཡོད་པ་དང་ལོ་རྒྱུས་ཀྱི་དུས་སྐབས་ངེས་ཅན་ཁྲོད་ཀྱི་གླང་གི་གོ་བབ་མངོན་ཡོད།
བོད་ཀྱི་གནའ་པོའི་འཇིག་རྟེན་ཆགས་ཚུལ་ལས།ལྷ་ནི་འཇིག་རྟེན་བྱེད་པོ་ཡིན་པར་མ་ཟད། མིའི་རིགས་ཀྱི་མེས་པོའང་ཡིན་ལ། གླང་གིས་ལྷ་དང་འཇིག་རྟེན་བྱེད་པོ་གཅིག་ལྕོགས་སུ་བཞེས་ཡོད་པར་འདོད།
གཉིས་པ། ཐུབ་བསྟན་དར་བ་དང་བསྟུན་ནས་གླང་གི་གོ་བབ་ལ་འཕོ་འགྱུར་བྱུང་བ།
སངས་རྒྱས་ཆོས་ལུགས་ཀྱི་འགྲོ་བ་རིགས་དྲུག་གི་དབྱེ་སྒོ་ལྟར་ན་གླ་ངནི་ངན་སོང་དུད་འགྲོའི་རིགས་སུ་ཚུད་ཡོད་པ་མ་ཟད།  དེའི་ལོ་རྒྱུས་སུའང་གླང་ལ་དད་མོས་བྱེད་པའི་ཆོས་ལུགས་ཆེན་པོ་གཉིས་དང་རྩོད་པ་དྲག་པོ་བྱུང་།  ཐོག་མའི་རྩོད་ཟླ་ནི་བྲམ་ཟེའི་ཆོས་ལུགས་ཡིན།  དེ་ནི་རྒྱ་གར་གྱི་གཉུག་མར་གནས་པའི་ཆོས་ལུགས་སུ་གཏོགས་ཤིང་།  དེའི་ཁོངས་ཀྱི་ལྷ་མང་པོ་ཞིག་ཀྱང་གླང་དང་འབྲེལ་བས་གླང་ལ་མཆོག་ཏུ་བཀུར།  ཆོས་ལུགས་གཉིས་པོས་རང་ཕྱོགས་ཀྱི་ལྟ་གྲུབ་བདེན་པར་སྒྲུབ་པའི་ཆེད་དུ་རྩོད་པ་རྒྱུན་རིང་བྱས་ཏེ་སངས་རྒྱས་ཆོས་ལུགས་ལ་དགྲ་ལན་གསུམ་བྱུ་བར་གྲགས།  དེའི་རིང་ལ་སློབ་དཔོན་དཔའ་བོ་ལ་སོགས་ཕྱི་རོལ་པའི་མཁས་པ་མང་པོ་སངས་རྒྱས་ཆོས་ལུགས་པར་བསྒྱུར་ནས་རང་གི་འབྱུང་ཁུངས་རྒྱ་གར་ཡུལ་ནས་ཕྱིར་བསྐྲད།  སངས་རྒྱས་ཆོས་ལུགས་བོད་དུ་སྤེལ་བའི་བརྒྱུད་རིམ་ཁྲོད་དུའང་རྒྱ་གར་ནས་པཎྜྀ་ཏ་མང་པོ་སྔ་ཕྱིར་བོད་དུ་ཕེབས་ཏེ་བན་བོན་གཉིས་ཀྱི་འཐབ་རྩོད་ཁྲོད་ཞུགས་ཤིང་བོན་གྱི་ལྷ་འདྲེ་མང་པོ་དམ་ལ་བཏགས་ནས་བོད་ཡུལ་དུ་ཐུབ་བསྟན་གྱི་ལྟ་གྲུབ་རྒྱ་ཆེར་སྤེལ།  དེ་འདྲའི་བབ་དང་བསྟུན་ནས་བོན་གྱི་དད་མོས་སུ་གྱུར་པའི་གླང་གི་གནས་བབ་ལའང་འགྱུར་ལྡོག་ཆེན་པོ་བྱུང་བ་གཤམ་གསལ་ཕྱོགས་གསུམ་ནས་ཤེས་ཐུབ།
གཅིག  ལྷ་ནས་ངན་སོང་གི་དུད་འགྲོར་ལྷུང་བ།
བན་བོན་གཉིས་ཀྱི་གནས་བབ་ལ་འཕོ་འགྱུར་བྱུང་བ་དང་བསྟུན་ནས་གླང་གི་ལས་དབང་ལའང་འགྱུར་ལྡོག་བྱུང་སྟེ་དེ་སྔོན་ལྷ་རུ་བཀུར་ཏེ་མཆོད་པ་འབུལ་བ་ནས་དུད་འགྲོ་སྒོ་ཕྱུགས་སུ་གྱུར་པའོ༎  དེ་ལ་དུས་རབས་བཅུ་གསུམ་པའི་སྐབས་སུ་ས་སྐྱ་འགྲོ་མགོན་འཕགས་པས(1235-1280)བརྩམས་པའི《མགོན་གཡག་ལ་བསྔགས་པ》ཞེས་པའི་བསྟོད་པ་དེ་དྲངས་
ནས་དབྱེ་ཞིབ་བྱས་ན།  སྤྱིར་འདི་ནི་བསྟོད་པ་ཞིག་ཡིན་ཡང་།  སྔོན་གྱི་བོན་གྱི་དུས་སྐབས་དང་བསྡུར་ནས་དཔྱད་ན་གླང་གི་གོ་བབ་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད།  དེ་ལས།  “འདི་འདྲ་གངས་ཅན་གནས་པ་ཡི༎  རྐང་བཞི་པ་ཡི་ངོ་མཚར་ཏོ༎”ཞེས་པ་ལས།  ཐོག་མར་གླང་གི་ལྷ་དང་མེས་པོ།  འཇིག་རྟེན་བྱེད་པོར་མཆོད་པའི་བླ་མེད་མཆོག་གྱུར་གྱི་རང་བཞིན་དོར་ནས་དུད་འགྲོ་རྐང་བཞི་ཡི་ཁོངས་སུ་བསྡུས་ཤིང་།“འདི་ཡིད་སྒྲིན་པར་གནས་པ་ཡི༎ རྐང་གཉིས་པ་ལའང་རབ་ཏུ་དཀོན༎”ཞེས་པའི་རྐང་གཉིས་པའང་བསྒྲིན་དཀའ་ཞེས་པའི་རྒྱན་སྡུད་ཀྱི་ཕྲད་ལས་གཡག་དེ་མ་གཞི་ནས་རྐང་གཉིས་མི་ལས་དམན་པ་ཤུགས་སུ་བསྟན་ཡོད།  དེ་ནས་ཕྱི་ཚུལ་གྱི་རང་བཞིན་ལས་བསྔགས་པ་ལས།  “གང་ལུས་ཆར་སྤྲིན་ཕོང་པོ་ནི༎ མཁའ་ལ་དྲག་ཏུ་གཡོ་ལྟར་སྣང་༎  དེ་ཡི་སྣ་དང་ཁ་སྒོ་ནས༎  རླངས་པ་སྤྲིན་ནག་མཆེད་ལྟར་འཕྱུར༎  ལྕེ་ནི་གློག་ལྟར་འགྱུ་བ་སྟེ༎  ངུར་སྒྲ་འབྲིག་གི་སྒྲ་ལྟར་སྒྲོགས༎”ཞེས་པ་ལས།  བསྟོད་བྱར་གྱུར་བའི་གླང་གི་ལུས་དང་སྣ།  ཁ་རླངས་པ།  ལྕེ།  ངུར་སྒྲ།  རྨིག་པ་བཅས་ལ་སྐུ་དང་ཤངས་དང་ཞལ་དང་ཞལ་རླངས་དང་ལྗགས་ལ་སོགས་པའི་བླ་མེད་མཚོན་པའི་ཞེ་ཚིག་གང་ཡང་སྦྱར་མེད་ལ།  བོད་ཀྱི་རིག་གནས་ཁྱབ་ཁོངས་སུ་ལྷ་དང་མེས་པོའི་རིགས་ལ་བསྟོད་པའི་གནས་སྐབས་སུ་ཞེ་ཚིག་བསྐྱུར་ཏེ་ཐ་མལ་བའི་མིང་སྤྱོད་པ་ནི་སྲིད་མཐའ་ཙམ་དུ་ཟད།  དེ་ལས་དུས་སྐབས་དེར་གླང་ལ་གླང་དང་མེས་པོའི་བླ་མེད་མཆོག་གྱུར་རང་བཞིན་མེད་པ་མཚོན།  མཐར་རྩོམ་པ་པོ་སངས་རྒྱས་ཆོགས་ལུགས་པ་ཞིག་ཡིན་པའི་ཆ་ནས་མཇུག་ཏུ“དེ་འདྲ་བརྩེ་མེད་སྐྱེས་བུ་ཡི༎  མཚོན་ལས་རབ་ཏུ་རྒྱས་གྱུར་ཅིག །” “ཅེས་པའི་སྨོན་ཚིག་ཕུལ་ནས།  སྐྱེས་བུ་རྣམས་ཀྱིས་གླང་ལ་སྙིང་རྗེ་བསྒོམས་ནས་ཅི་འདོད་དུ་སྲིག་མི་གཅོད་པའི་རེ་བ་བཏོན་པལས་སྐབས་དེར་ལོངས་སྤྱོད་ཀྱི་ཆེད་དུ་གླང་གི་སྲོག་གཅོད་པ་རྒྱུན་ལྡན་དུ་གྱུར་པ་མཚོན་ལ།  འདི་དང“སྔ་དུས་སུ་གླང་སྲོག་གཅོད་པ་ལ་བོན་གཤིན་གྱི་བཀའ་འཁྲོལ་དགོས་པ་མ་ཟད་བོན་ཆོས་ཚུར་སུམ་བརྒྱད་ལྷག་འདོན་དགོས་པ” དང་བསྡུར་ན་གླང་གི་གོ་བབ་ལ་འགྱུར་ལྡོག་བྱུང་ཡོད་པ་ཤིན་ཏུ་གསལ།
སངས་རྒྱས་ཆོས་ལུགས་བོད་ཡུལ་དུ་རྐང་ཚུགས་པ་དང་བསྟུན་གླང་དང་འབྲེལ་བའི་ཡུལ་ལྷ་གཞི་བདག་མང་པོ་ཞིག་ཟིལ་གྱིས་མནན་ཞིང་དམ་ལ་བཏགས་ནས་བན་ཕྱོགས་ཀྱི་སྲུང་མར་མཐུན་སྦྱོར་བྱས་ཡོད་དེ།  《ལྷ་འདྲེ་བཀའ་ཐང》ལས།  “དེ་ནས་ཤན་པོ་ལུང་དུ་བྱོན་ཙ་ན༎ ཤམ་པོའི་གཡག་དཀར་རི་ལོགས་ཙམ་ཞིག་སྤྲུལ༎  ཁ་རླང་སྣ་རླང་ཁ་བ་བུ་ཡུག་འཚུབ༎  སློབ་དཔོན་ལྕགས་ཀྱུའི་ཕྱག་རྒྱས་སྣ་ནས་བཟུང་༎  ཞགས་པས་བཅིངས་ནས་ལྕགས་སྒྲོག་དམ་པར་བཅུག །  དྲིལ་བུའི་ཕྱག་རྒྱས་ལུས་སེམས་བཙོགས་པ་ཡིས༎ སྲོག་སྙིང་ཕུལ་ནས་དམ་བཏགས་གཏེར་ཀ་གཏད”ཅེས་པ་ལྟར།  གཞི་བདག་ཡར་ལྷ་ཤམ་པོ་དེ་དང་པོ་གླང་དཀར་པོ་ཞིག་ཡིན་པ་ནས་ཕྱིས་ཀྱི་མི་དཀར་པོ་ཞིག་ཏུ་བསྒྱུར་པའི་སྐོར་ལ་བསང་ཡིག་ལས“སྲིད་པའི་ལྷ་རབས་ཤམ་པོ་སྐུ་མདོག་ཤེལ་གྱི་རི་བོ་ཉི་མ་ཤར་པ་ལྟར་གསལ་ཞིང་དྭངས་པ་ཞག་གཅིག་ཕྱག་གཉིས་ཅན་གྱི་རྒན་པ་རལ་བ་ཅན”ཞིག་གི་རྣམ་པར་མངོན་ཡོད།
བོན་གྱི་དད་མོས་རྟགས་མཚན་དུ་གྱུར་པའི་གླང་གི་རིགས་རྣམས་སངས་རྒྱས་ཆོས་ལུགས་ཀྱི་དད་མོས་ཁྱབ་ཁོངས་སུ་བཀུར་བའི་སེང་གེ་ལ་སོགས་པའི་སྲོག་ཆགས་སུ་བསྒྱུར་བ་ལ།  རླུང་རྟ་ལྷ་བཞི་ལས་གཡག་གི་ཚབ་ཏུ་སེང་གེ་བཞག་པ་ནི།  “སྲོག་ཆགས་དེ་དག་ལས་ཐོག་མའི་བཞི་པོ་ནི་ཁྱུང་དང་།  འབྲུག  གཡག་དང་སྟག་བཅས་ཡིན་ལ།  དེ་རྣམས་ནི་དགྲ་ལྷར་ངོས་འཛིན་བྱེད་པ་ཡིན།  སྲོག་ཆགས་དེ་དག་ནི་རུས་རྒྱུད་ཀྱི་མཚོན་བྱེད་ཡིན་པ་མ་ཟད།  ལྡོང་དང་།  དབྲ།  འགྲུ(འབྲུ)སྒ་བཅས་ཀྱི་དགྲ་ལྷར་ཡང་བརྩི་ཞིང་།  དེ་རྣམས་ལ་གཉན་ཆེན་སྡེ་བཞི་དང་།  རླུང་རྟའི་ལྷ་བཞི་ཞེས་སུ་འབོད་སྲོལ་ཡོད།  དེང་དུས་ང་ཚོའི་མཐོང་ཆོས་སུ་གྱུར་པའི་རླུང་རྟའི་རི་མོའི་ཐོག་ཏུ།  དབུས་སུ་གྱི་ལིང་རྟ་ཕོ་དང་།  ཟུར་མཐའ་བཞི་ན་གོང་དུ་བརྗོད་པའི་སྲོག་ཆགས་བཞི་པོ་རྣམས་འབྲི་བཀོད་བྱ་བ་ཡིན།  སངས་རྒྱས་ཆོས་ལུགས་ཀྱི་རི་མོའི་ཐོག་ཏུ་གཡག་གི་ཚབ་ཏུ་གངས་སེང་ཞིག་འབྲི་བཀོད་བྱེད་སྲོལ་ཡོད”ཅིང་།  “འདས་པའི་དུས་གང་ཞིག་གི་ཚེ་སེང་གེས་བོད་ཀྱི་ཡུལ་ཁམས་ཀྱི་མཚོན་བྱེད་བྱེད་པའི་སྲོད་དར་བ་ནས་བཟུང་།  སེང་གེས་གཡག་གི་ཚབ་བྱས་ཡོད་པ་གསལ་པོར་རྟོགས་ཐུབ།”
བོད་ཡུལ་དུ་དར་བའི་མཆོད་རྟེན་བཞེངས་པའི་རྣམ་པ་ཡང་བོན་གྱི་མཆོད་རྟེན་ལ་འགྱུར་བ་བཏང་ནས་བྱུང་བར་མངོན་ཏེ།  མཁས་དབང་དགེ་འདུན་ཆོས་འཕེལ་གྱིས“རང་རེའི་མཆོད་རྟེན་ལ་ཡང་བོན་གྱི་དམུ་མཁར་བང་རིམ་ཅན་གྱི་རྩེ་མོ་ལ་གཡག་རྭ་གཉིས་དེའི་བར་དུ་མཁར་དཀར་གོང་བཞག་པ་དེའི་སྲོལ་མང་དུ་འབྲེལ་བར་སེམས།”ཞེས་གསུངས་ཤིང་།  གླིང་རྗེས་གེ་སར་རྒྱལ་པོའི་རུས་ཀྱང་དང་པོར“གླང།”ཡིན་པ་ནས་ཕྱིས་སུ“གླིང”དུ་བཅོས་པ་སོགས་བན་བོན་རིག་གནས་རྗེ་སྒྱུར་གྱི་ཁྲོད་དུ་བོན་གྱི་གླང་ལྷ་གཙང་དོར་བྱས་པའི་སྣང་ཚུལ་བགྲང་གིས་མི་ལང་ཡང་འདི་ཙམ་གྱིས་དཔྱད་བྱ་རྟོགས་ནུས་པས་ཆོག་པར་བྱ།
དེ་ལྟར་བོན་བསྟན་གྱི་ཁྱབ་རྒྱ་ཇེ་ཆུང་དང་སྟོབས་ཤུགས་ཇེ་ཞན་དུ་གྱུར་པ་དང་བསྟུན་ནས་སངས་རྒྱས་ཆོས་ལུགས་ཀྱིས་བོན་བསྟན་ཁྲོད་ཀྱི་དད་མོས་བྱ་ཡུལ་གླང་གི་བླ་མེད་རང་བཞིན་གྱི་ཆ་ལ་ཁྱོན་ཡོངས་ནས་གཙང་སེལ་དང་།  ཕྱིར་འབུད།  བསྒྱུར་བཅོས་བྱས་ཡོད།
གཉིས།  གཙུག་ཏུ་བཀུར་པའི་མེས་པོ་ནས་ནོར་དུ་གྱུར་པ།
གླང་དེ་དུད་འགྲོའི་ཁྱབ་ཁོངས་སུ་བཅུག་པ་ནས་བཟུང་སྟེ།མེས་པོ་རུ་འཛིན་པའི་སྔར་གྱི་འཇིག་རྟེན་ལྟ་ཚུལ་ལའང་འཕོ་འགྱུར་བྱུང་སྟེ།གླང་གི་བླ་མེད་རང་བཞིན་གྱི་ཆ་དག་ཡལ་བར་གྱུར་ནས་བཀོལ་སྤྱོད་རིན་ཐང་སྔར་ལས་ཆེས་ཆེར་འཕེལ་ཞིང་།དེ་ནི་ལྷ་དང་མེས་པོ་རུ་འཛིན་དུས་གོང་དུ་བཀུར་ནས་འཛེམ་བྱ་ངེས་ཅན་སྲུང་དགོས་པ་དང་།དུད་འགྲོའི་གནས་སུ་ལྷུང་རྗེས་མིའི་བྲན་གཡོག་ཏུ་གྱུར་ནས་ཀུན་གྱིས་ཅི་འདོད་གང་དགར་སྤྱོད་རུང་བ་ལ་རག་ལས་པ་བློ་ཡིས་དཔོག་ཐུབ་སྟེ།
བྱ་དངོས་ཤིག་མིང་གི་འཕེལ་རིམ་ལས་དེའི་བྱེད་ནུས་ཀྱི་འགྱུར་བ་མངོན་ཐུབ་ལ།  རིག་གནས་མི་འདྲ་བའི་ཁྲོད་དུ་གདགས་གཞི་གཅིག་ལ་མིང་མི་འདྲ་བ་ཡོད་པ་ལས་དེར་མཚོན་དོན་མི་འདྲ་བ་ཡོད་པ་ཤེས་ཐུབ།གླང་གི་མིང་གི་འཕོ་འགྱུར་ཡང་རིག་ལམ་འདི་དང་སྦྱར་ནས་དཔྱད་ནའང་ཤིན་ཏུ་འཕྲོད་དེ།  སྔ་དུས་ཀྱི་ཡིག་ཚང་དང་གཏམ་རྒྱུད་ལས་གླང་ལ་འབྲོང་དང་།  གཡག བ་གླང་སོགས་ཀྱི་ཐ་སྙད་སྤྱད་ཡོད་དེ། འཇིག་རྟེན་ཆགས་ཚུལ་གྱི་ལྷ་སྒྲུང་ལས་སྲིད་པའི་བ་ཆུང་ཟེར་བ་དང་།གནའ་བོའི་བོན་གཞུང་ལས་གངས་དཀར་ཏི་སེ་ཡི་ལྷ་གཡག་དཀར་པོ་དང་།སྤུ་རྒྱལ་ཡར་སྔོན་གྱི་བོད་ཡུལ་ལ་བོད་ཀ་གཡག་དྲུག་ཏུ་འབོད་པ་དང་།བོད་ཀྱི་སྲིད་པའི་ལྷ་ཆེན་ཡར་ལྷ་ཤམ་པོ་ནི་ལྷ་གཡག་ཡིན་པར་བཤད་ལ།  དུས་རབས་བརྒྱད་པར་བོད་ཡུག་ཏུ་བསྒྱུར་བའི《གནས་བརྟན་སྤྱན་དྲངས》ལས།  “གངས་ཅན་ཁྱད་ཆོས་སུ་ཐང་ཤིང་སྐྱེས་ཤིང་།  གཡག་གི་རྨིག་པས་རྡོ་བཅག”སོགས་བྱུང་ལ།  《རྒྱལ་རབས་གསལ་བའི་མེ་ལོང》དུ་མཛངས་མི་ཐོག་མ་རུ་ལས་སྐྱེས་གཡག་དཀར་པོ་ལས་སྐྱེས་པར་བཤད་ཅིང་།  སྤུ་རྒྱལ་དུས་ཀྱི་རྒྱལ་བློན་གྱི་མཚན་དུ་འབྲོང་ཞི་ལེགས་དང་འབྲོང་གཉན་ལྡེའུ་ཞེས་མཚན་དུ་འབྲོང་གི་ཐ་སྙད་སྦྱར་བ་དང་།  དུས་རབས་བདུན་པའི་སྲོང་བཙན་སྒམ་པོའི་དུས་ཀྱི་དཔོན་རིགས་ལས“ཕྲུ་དཔོན་ནི།  འབྲོག་གི་འབྲི་མཛོ་རྟ་ལུག་ཕྲུ་མའི་གཉེར་བྱེད་པའོ༎”ཞེས་པ་ལས་འབྲི་ཡི་མིང་བྱུང་བ་དང་།  དུས་རབ་སབཅུ་གཅིག་པར་གཏེར་ནས་བཏོན་པའི《བཀའ་ཆེམས་བཀའ་ཁོལ་མ》ལས།  “འབྲོང་ཕོ་མོ་གཡག་དང་འབྲི་རུ་བཏུལ”ཞེས་དང་།  དུས་རབས་བརྒྱད་པ་ནས་བཅུ་བའི་བར་དུ་བྲིས་པའི་འདོད་པའི་ཏུན་ཧོང་གཏེར་ཡིག་ལས་ཀྱང་གོང་གསལ་གཡག་དང་གླང་གི་ཐ་སྙད་བྱུང་ཡོད་པར་གཞིགས་ན།  གནའ་དུས་སུ་གླང་ལ་“ནོར”དང“ཟོག”ཅེས་པའི་ཐ་སྙད་སྦྱོར་བའི་སྲོལ་མེད་པ་དང་།  སྔ་དུས་ཀྱི་ལྷ་སྒྲུང་དང་བསྟན་བཅོས་སུ་མཐོང་བའི་གོང་གསལ་མིང་དེ་དག་ནི་དམིགས་བསལ་གྱི་མཚོན་དོན་ཅི་ཡང་མེད་པའི་འདོད་རྒྱལ་ཐོག་མའི་མིང་ཙམ་དང་།  མིང་དེ་དག་གི་ཆ་ཤས་སུ“ལྷ”དང“མགོན”ལ་སོགས་པའི་ཐ་སྙད་སྦྱར་ནས་ལྷ་གཡག་དང་མགོན་གཡག་ཏུ་འབོད་པ་ནི་གླང་དེ་ལྷ་དང་མེས་པོར་འདོད་ནས་གཙིགས་སུ་བཀུར་བ་ལས་བྱུང་བའི་མིང་ངོ་༎  ཕྱིས་སུ་རིམ་གྱིས“ནོར”དང“ཟོག”ཅེས་པའི་ཐ་སྙད་འདིས་འབྲི་གཡག་ཏུ་བསྟན་པའང་བྱུང་ལ།  ནོར་དང་ཟོག་ལ་གཞི་བྱས་པ་ལས་འཕེལ་བའི་བླ་དྭགས་ཀྱི་མིང་ཡིན་ལ།  དེ་དག་ནི་བྱེད་ནུས་ཀྱི་སྒོ་ནས་བཏགས་པ་སྟེ།གླང་ནི་བོད་པ་རྣམས་ཀྱི་ཟས་གོས་གནས་ཁྱིམ་སོགས་འཚོ་བའི་རྟེན་གཞིར་གྱུར་པའི་རྒྱུ་ནོར་དང་།ལོངས་སུ་སྤྱོད་བྱའི་དངོས་ཟོག་ལྟ་བུར་གྱུར་པ་མཚོན་པ་ཕྱོགས་མཐུན་པས།  ནོར་དང་ཟོག་ཅེས་པ་རྒྱུ་ནོར་གྱི་མིང་གི་རྣམ་གྲངས་སོ༎  དེ་བས།བན་བོན་རྗེ་སྒྱུར་གྱི་གནས་བབ་དང་བསྟུན་ནས་གླང་གི་མཚོན་དོན་ལ་འགྱུར་བ་བྱུང་སྟེ་ནོར་དང་ཟོག་ཅེས་པ་གླང་གི་བྱེད་ནུས་སྟོན་པའི་མིང་གི་རྣམ་གྲངས་སུ་འཕེལ་བའོ༎
གོང་གསལ་མིང་གི་འཕེལ་རིམ་ལས་གླང་གི་གོ་བབ་ལ་འགྱུར་ལྡོག་བྱུང་བ་དང་བསྟུན་ནས་གླང་གི་བྱེད་ནུས་ལའང་འགྱུར་ལྡོག་བྱུང་བ་དང་།གླང་གི་བྱེད་ནུས་ལ་འཕོ་འགྱུར་བྱུང་བ་དང་བསྟུན་ནས་གླང་གི་མིང་ལའང་འགྱུར་བ་བྱུང་བའི་ཆོས་ཉིད་མངོན་པར་མཚོན་ཡོད།
དུད་འགྲོར་གྱུར་བའི་གླང་གི་སྤྱོད་སྒོ་ཤིན་ཏུ་ནས་རྒྱ་ཆེ་སྟེ།“ནོར་ནག་གི་ཤ་དང་ཀོ་བ།  མར་དང་འོ་མ། རྩིད་པ་དང་ཁུ་ལུ། རུས་པ་དང་རྭ་ཅོ། ཚིལ་སོགས་འཆར་ཅན་གྱི་འཚོ་བར་མཁོ་བའི་བཟའ་བཏུང་གྱོན་ཆས་དང་།བཟོ་ལས་ལ་མཁོ་བའི་མ་བཅོས་རྒྱུ་ཆའི་འབྱུང་ཁུངས་ཡིན་པ་ལས་གཞན།  ཐ་ན་ཨོང་བ་ཡང་སྦར་སླ་ཞིང་མེ་ལྕེ་ཆེ་བའི་འབར་རྫས་ཡིན་ཕྱིར།  བུད་ཤིང་དང་རྡོ་སོལ་གྱི་ཚབ་བྱེད་ཆོག  ནོར་ཀོ་ནི་ཀོ་ལྷམ་དང་སྒྲོ་བ།  འབྲོག་པའི་ཁལ་འགེལ་གྱི་འབྲེང་ལེབ་དང་།  རོང་བའི་ཤོག་འགེལ་བྱེད་པའི་འབྲེང་རིལ་སོགས་ཀྱིས་མཚོན་པའི་རྒྱུན་ལྡན་འཚོ་བར་མཁོ་བའི་གྱོན་ཆས་དང་ཡོ་བྱད།  བཟོ་ལས་ལ་མཁོ་བའི་མ་བཅོས་རྒྱུ་ཆ་གལ་ཆེན་ཞིག་རེད།”འདི་ལས།  བླ་མེད་རང་བཞིན་དང་བྲལ་བའི་གླང་ནི་མིའི་རིགས་ཀྱིས་ངོམས་མེད་ལོངས་སུ་སྤྱོད་རུང་བའི་གོ་བརྒྱ་ཆོད་ཀྱི་ནོར་མཆོག་ཅིག་ཡིན་པ་གསལ་པོར་མཐོང་ཐུབ།
གླང་ལ་ནོར་དང་ཟོག་གི་རྗེས་སུ་ཐ་སྙད་སྦྱར་བ་ཡིས་བན་བོན་རིག་གནས་འཕོ་འགྱུར་ལས་གླང་གི་བྱེད་ནུས་དང་མཚོན་དོན་ལ་འགྱུར་བ་བྱུང་བས་སྔར་ཡོད་མིང་གི་མཚོན་སྟོབས་ཀྱིས་བྱེད་ནུས་གསར་བ་མཚོན་མ་ཐུབ་པར་མིང་གསར་བ་སྦྱར་བ་མཐོང་ཐུབ།
གསུམ།  འཇིག་རྟེན་བྱེད་པོ་ནས་མཐོ་སྒང་གི་གྲུ་གཟིངས་སུ་གྱུར་པ།
སངས་རྒྱས་ཆོས་ལུགས་ཀྱི་འཇིག་རྟེན་ཆགས་ཚུལ་གྱི་དགོངས་པ་ལས་འཇིག་རྟེན་བྱེད་པོ་གང་རུང་ཞིག་གིས་འཇིག་རྟེན་བསྐྲུན་པའི་ལྟ་ཚུལ་ཁས་མི་ལེན་པས།བོན་གྱི་རིག་གནས་ཁྲོད་དུ་གླང་ནི་འཇིག་རྟེན་བྱེད་པོ་ཡིན་པར་འདོད་པའི་བསམ་བློ་དང་འགལ་བ་ལྟག་སྤྲོད་དུ་སོང་ཞིང་།  “གནས་ཚུལ་དེའི་ཐད་འཇིག་རྟེན་བྱེད་པོ་ཞིག་ཡོད་པར་འདོད་པའི་ལྟ་བར་ཁས་མི་མཛད་པའི་སངས་རྒྱས་ཆོས་ལུགས་ཀྱི་མཁས་པ་ཚོས་སུན་འབྱིན་མཛད་མྱོང་ཡོད།”ཡིན་ཡང་གླང་ནི་ལྷན་སྐྱེས་སུ་རྩལ་སྟོབས་ལྡན་ལ་མཐོ་སྒང་གི་གནམ་གཤིས་ལ་གོམས་ཤིང་ས་མཐོ་རི་གཟར་གྱི་ཁོར་ཡུག་ལས་ཐར་ཡོད་པས།བོད་པ་རྣམས་ཀྱི་སྐྱེལ་འདྲེན་གྱི་ཡོ་བྱད་གལ་ཆེན་ཞིག་ཏུ་གྱུར་པའང་རིག་གནས་ཀྱི་འཕེལ་འགྱུར་དང་རང་བྱུང་གི་གདམ་ག་ཞིག་ལས་མ་འདས།
བོད་ཡུལ་གྱི་རང་བྱུང་ཆ་རྐྱེན་དང་ས་བབ་ཆགས་ཚུལ་གྱི་དབང་གིས་རྩལ་སྟོབས་ཆེ་བའི་གླང་རིགས་སྐྱེལ་འདྲེན་དུ་བཀོལ་དགོས་པ་ནི་སྨོས་མ་དགོས་མོད།གླང་ལ་འཇིག་རྟེན་བྱེད་པར་བཀུར་བའི་སྔ་དུས་སུ“ཁལ་མ”དང“མཐོ་སྒང་གི་གྲུ་གཟིངས” ལྟ་བུའི་བཀོལ་སྤྱོད་རིན་ཐང་ཤུགས་ཆེར་མཚོན་པའི་མིང་ཆེད་དུ་སྦྱར་བ་ཤིན་ཏུ་དཀོན།  ཕྱིས་སུ་གླང་གི་རྒྱུ་ནོར་གྱི་བྱེད་ནུས་ངོམས་མེད་སྤྱོད་པའི་དུས་མཚུངས་སུ་སྐྱེལ་འདྲེན་གྱི་རིན་ཐང་ཡང་གང་ལེགས་འདོན་སྤེལ་བྱས་ཡོད་དེ།  “འབྲོག་པའི་སྦྲ་ནགས་དང་འཚོ་བའི་མཁོ་ཆས།  ཟས་རིགས་སོགས་སྐྱེལ་འདྲེན་བྱེད་དགོས་ཚེ་ཕལ་ཆེར་ཚང་མ་ནོར་ལ་བརྟེན་བཞིན་ཡོད།  ནོར་ནག་གཅིག་གིས་ཅ་ལག་སྤྱི་རྒྱ་ལྔ་བཅུ་ནས་ཉིས་བརྒྱའི་བར་ཐེག་ཐུབ་ཅིང་།མཚོ་ངོས་ལས་མཐོ་ཚད་སྨི་ལྔ་སྟོང་ནས་དྲུག་སྟོང་ཙམ་གྱི་རི་ཁུལ་ནས་བག་ཡངས་སུ་རྒྱུ་ཐུབ།ནོར་ནག་ནི་འབྲོག་པ་མང་ཚོགས་ཀྱི་ཆེས་སྟབས་བདེ་བ་དང་མ་རྩ་ཆུང་བ།བློ་གཏོད་རུང་བའི་སྐྱེལ་འདྲེན་ཡོ་བྱད་ཡིན།”ཞེས་པ་དང་། གླང་གི་སྐྱེལ་འདྲེན་ནུས་པར་བསྔགས་བརྗོད་ཀྱི་ཚུལ་དུ“མཐོ་སྒང་གི་གྲུ་གཟིངས” ཞེས་པའི་ཐ་སྙད་སྦྱར་བ་ལས་ཀྱང་བན་བོན་རིག་གནས་རྗེ་སྒྱུར་ཁྲོད་ནས་གླང་གི་མཚོན་དོན་ལ་འགྱུར་བ་བྱུང་སྟེ་གླང་ནི་འཇིག་རྟེན་བྱེད་པོ་ནས་དངོས་ཟོག་སྐྱེལ་འདྲེན་གྱི་གཡོག་པོ་རུ་གྱུར་བ་བསྟན་ཡོད།
མཇུག་སྡུས་པའི་གཏམ།
གོང་ནས་དཔྱད་ཞིབ་བྱས་པ་ལྟར།ཐོག་མར་བོན་བསྟན་ལས་གླང་ནི་འཇིག་རྟེན་བྱེད་པོ་དང་ལྷ།  མེས་པོ་རུ་བཀུར་ཏེ་བོན་གྱི་རྟགས་མཚན་གཙོ་བོ་ཞིག་ཏུ་གྱུར་ཀྱང་། སངས་རྒྱས་ཆོས་ལུགས་ཀྱི་འཇིག་རྟེན་ལྟ་ཚུལ་ལས་འཇིག་རྟེན་བྱེད་པོའི་བསམ་བློ་ཁས་མི་ལེན་པར་མ་ཟད།གླང་ནི་འགྲོ་བ་རིགས་དྲུག་ལས་ངན་སོང་གསུམ་གྱི་དུད་འགྲོར་ཚུད་ཡོད་པ་ནི་ཆོས་ལུགས་གཉིས་ཀྱི་ལྟ་གྲུབ་ལས་བྱུང་བའི་འགལ་བ་དང་།འགལ་བ་དེ་བརྒྱུད་ནས་གླང་གི་མཚོན་དོན་ལ་འགྱུར་བ་ཆེན་པོ་བྱུང་སྟེ།གླང་ལ་དད་མོས་བྱེད་པའི་རིག་གནས་རྒུད་པའི་དུས་མཚམས་སུ་དེའི་བེད་སྤྱོད་ཀྱི་ཁྱབ་ཁོངས་ལ་འགྱུར་བ་བྱུང་སྟེ།གླང་ནི་བོད་རིགས་རྣམས་ཀྱི་བསམ་བློའི་རྟེན་གཞི་མེད་མི་རུང་བ་ཞིག་ནས་འཚོ་བའི་རྟེན་གཞི་བྲལ་ཐབས་མེད་པ་ཞིག་ཏུ་འཕོ་འགྱུར་བྱུང་ཡང་།  བོད་མི་རིགས་ཀྱིས་རྣམ་པ་ཀུན་ཏུ་གླང་ལ་བརྟེན་ནས་འཚོ་བའི་གནས་སྟངས་ལ་འགྱུར་བ་བྱུང་མེད།

  • ལེ་ཚན་སྔོན་མ།:མིའི་རིགས་ཀྱི་ཤེས་རིག་བྱུང་འཕེལ་རགས་བཤད།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།