ཁུལ་ཨུའི་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་ཐེངས་བཅུ་གསུམ་པ་འཚོགས།

བདེ་སྐྱིད་ཀྱིས་བསྒྱུར།        2021-12-22

སྤྱི་ཟླ12པའི་ཚེས17ཉིན་ལ། ཁུལ་ཨུའི་ཧྲུའུ་ཅི། ཁུལ་ཨུའི་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཧྲིན་དབྱང་གིས་གཙོ་སྐྱོང་གནང་ནས་ཁུལ་ཨུའི་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་གསུམ་པར་འཚོགས་པར་མ་ཟད། གསུང་བཤད་གནང་བ་རེད། ཁོང་གིས་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་སྙིང་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་སང་ལོའི་དཔལ་འབྱོར་ལས་དོན་སྐོར་གྱི་སྤྱིའི་བླང་བྱ་དང་། སྲིད་ཇུས་ཀྱི་ཁྲིད་སྟོན། གཙོ་གནད་ལས་འགན་བཅས་ནན་ཏན་གྱིས་ཞིབ་འཇུག་དང་དོན་འཁྱོལ་བྱེད་ཅིང་། འཕེལ་རྒྱས་ལ་ཡིད་ཆེས་བརྟན་པོ་དང་འཐབ་ཇུས་ཀྱི་ངེས་ཤུགས་སྲུང་འཛིན་བྱས་ནས་ནུས་ཤུགས་ཡོད་རྒུས་ལོ་ཧྲིལ་པོའི་དམིགས་འབེན་ལས་འགན་སྒྲུབ་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་སང་ལོའི་དཔལ་འབྱོར་ལས་དོན་གྱི་འཆར་འགོད་བཟོ་དགོས། དཔལ་འབྱོར་གྱི་སྤུས་ཚད་བརྟན་པོའི་ངང་མཐོ་རུ་འགྲོ་བ་དང་གྲངས་འབོར་ལུགས་མཐུན་ངང་འཕར་སྣོན་ཡོང་བར་སྐུལ་འདེད་གཏང་དགོས། གྲུབ་འབྲས་ཕུལ་བྱུང་གི་ཐོག་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་མ་ཞུ་དགོས་ཞེས་བླང་བྱ་བཏོན་པ་རེད།

ཚོགས་འདུའི་ཐོག་ནན་པོར་བསྟན་དོན། ལས་གཞི་འཛུགས་སྐྲུན་ལ་དམ་འཛིན་ཡག་པོ་བྱེད་པ་དང་སྔོན་བརྒལ་འོས་འཚམ་ལྟར་རྨང་གཞིའི་སྒྲིག་བཀོད་ལ་མ་དངུལ་འཇོག་པའི་བླང་བྱ་ལྟར། ལོ་ལྔའི་འཆར་འགོད་བཅུ་བཞི་པ་གཞིར་བཟུང་ནས་རྒྱལ་ཁབ་དང་ཞིང་ཆེན་གྱི་འཐབ་ཇུས་ཁ་ཕྱོགས་དང་འཕེལ་རྒྱས་ཀྱི་ཁ་ཕྱོགས། མ་དངུལ་འཇོག་པའི་ཁ་ཕྱོགས་བཅས་ལ་དམིགས་ཏེ། ལས་གཞིའི་དུས་མགོའི་ལས་དོན་ཏན་ཏིག་བསྒྲུབས་ནས་གྲུབ་རྐྱེན་གཙོ་བོ་འགན་ལེན་ཐུབ་པ་ཤུགས་སྣོན་པ་དང་། ཚན་རིག་དང་མཐུན་པའི་ལས་གཞི་གྲབས་གསོག་བྱེད་པ། ཁུལ་རིམ་པའི་མགོ་ཁྲིད་ཀྱིས་གཙོ་གནད་ལས་གཞིར་འབྲེལ་གཏུག་ལྟ་སྐུལ་མཛུབ་ཁྲིད་ཀྱི་འགན་འཁྲིའི་ལས་བགོས་ལམ་ལུགས་དོན་འཁྱོལ་བྱེད་པ། དར་མདོ་ནས་ར་རྔ་ཁ་བར་གྱི་མྱུར་བགྲོད་གཞུང་ལམ་དང་། ཁྲོན་བོད་ལྕགས་ལམ་གྱི་ལེ་ལག་ཚང་བའི་ཨར་ལས། གློག་དྲྭ་ཕྱིར་གཏོང་བགྲོད་ལམ་སོགས་ཀྱི་ལས་གཞི་འཛུགས་སྐྲུན་མགྱོགས་མྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱ་དགོས། ཐོན་ལས་གསོ་སྐྱོང་ལ་དམ་འཛིན་ཡག་པོ་བྱས་ནས་ནུས་ཤུགས་ཡོད་རྒུས་སི་ཁྲོན་ནུབ་བྱང་སྐྱེ་ཁམས་དཔེ་སྟོན་ཁུལ་འཛུགས་སྐྱོང་བྱ་རྒྱུར་སྐུལ་འདེད་གཏང་དགོས། ཐོན་ཁུངས་ཀྱི་ཁྱད་ཆོས་ལ་བརྟེན་ནས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་དང་ཁྱད་ལྡན་ཞིང་འབྲོག་ལས་སྐྱེད་སྲིང་། དྭངས་གཙང་ནུས་ཁུངས་གསར་སྤེལ་བཅས་ལ་སྐུལ་འདེད་བཏང་སྟེ། རྒྱལ་སྤྱིའི་སྐྱེ་ཁམས་རིག་གནས་ཡུལ་སྐོར་བྱ་ཡུལ་དང་། དེང་རབས་མཐོ་སྒང་གི་ཁྱད་ལྡན་ཞིང་འབྲོག་ལས་རྟེན་གཞི། རྒྱལ་ཁབ་རིམ་པའི་དྭངས་གཙང་ནུས་ཁུངས་རྟེན་གཞི་བཅས་མགྱོགས་མྱུར་བསྐྲུན་ནས་འབྱུང་འཕྲོད་ཐཱན་ཉུང་གི་དགེ་མཚན་ཡོད་པའི་ཐོན་ལས་འཕེལ་རྒྱས་ཀྱི་མ་ལག་མགྱོགས་མྱུར་བསྐྲུན་ནས་ཐཱན་ཚད་ལོན་དང་ཐཱན་སྙོམས་འགྱུར་གྱི་འཐབ་ཇུས་བཀོད་སྒྲིག་ལ་ཞབས་འདེགས་ཧུར་ཐག་ཞུ་དགོས། བཅོས་བསྒྱུར་གསར་གཏོད་ལ་དམ་འཛིན་ཡག་པོ་བྱེད་པ་དང་གསར་གཏོད་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། བཅོས་བསྒྱུར་གྱི་བྱ་ཐབས་སྤྱད་དེ་སྒོ་དབྱེ་དང་མཉམ་ལས་མུ་མཐུད་དེ་རྒྱ་ཆེ་རུ་གཏོང་བ། ཁྱོན་ཡོངས་ནས་ཚོང་འགུགས་མ་འདྲེན་བྱེད་པ་དང་གྲུབ་རྐྱེན་གཙོ་བོ་ཁྲོམ་ར་ཅན་གྱི་བཀོད་སྒྲིག་ཁྱབ་ཁོངས་རྒྱ་ཆེ་རུ་གཏོང་བ། གྲོང་སྡེའི་བཅོས་བསྒྱུར་ཁག་གཉིས་ཀྱི་རྗེས་མའི་ལས་དོན་ཏན་ཏིག་སྒྲུབ་པ་བཅས་བྱས་ནས་འཕེལ་རྒྱས་ཀྱི་མི་མངོན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱ་དགོས།།


  • ལེ་ཚན་སྔོན་མ།:ཧྲེན་དབྱང་གིས་ཁོར་སྲུང་དག་བཅོས་སྐུལ་འདེད་གཏོང་བའི་ཚོགས་འདུའི་ཐོག་ཏུ་གསུང་བཤད་གནང་།
  • ལེ་ཚན་རྗེས་མ།:ཧྥུང་ཧྥ་ཀུའེ་ཡིས་ཕྱག་ཕྲེང་དང་འདབ་པ། ལི་ཐང་བཅས་ཀྱི་རྫོང་ཁག་ཏུ་བརྟག་ཞིབ་དང་ཁྲིད་སྟོན་གནང་།
  • དོ་སྣང་ཆེ་བའི་རྩོམ།