ཨ་ཕ་དྲན་པ།

        2021-12-17

གློ་བུར་དུ། ཨ་ཕ་དྲན་བྱུང་།

གཤིས་བཟང་གི་མི་ཕོ་རུས་ཅན་དེ་དྲན་བྱུང་།

ས་ཆེན་གྱི་གཞོང་བ་ནས་བཞུད་ཟིན་པའི་ཨ་ཕ་དྲན་བྱུང་།

མེས་པོའི་ཕ་མཁར་བཙན་པོ་བརྩེགས་མཁན་གྱི་ཨ་ཕ་དྲན་བྱུང་།

བྲེལ་བྲེལ་འཚུབ་འཚུབ་ཀྱི་ཨ་ཕ་དྲན་བྱུང་།

ཁུ་སིམ་སིམ་གྱི་ཨ་ཕ་དྲན་བྱུང་།

གློ་བུར་དུ། ཨ་ཕ་དྲན་བྱུང་།

ཁང་པའི་ཀ་བ་ལྟ་བུའི་ཨ་ཕ་དྲན་བྱུང་།

ལྭ་བའི་སྣེ་ལ་ལོ་ཟླའི་ཚི་དྲེག་ཆགས་པའི་ཨ་ཕ་དྲན་བྱུང་།

འདུས་བྱས་མི་རྟག་པའི་ཆོས་ཉིད་སྒོམ་པའི་ཨ་ཕ་དྲན་བྱུང་།

མི་ཚེ་རྒྱ་ཕིབས་ཀྱི་བྱ་འདབས་ལ་བཏགས་པའི་ཨ་ཕ་དྲན་བྱུང་།

ཚེ་སྲོག་གི་མེ་ལྕེ་ནག་པོའི་དུ་དྲེག་གིས་ཁྱེར་བའི་ཨ་ཕ་དྲན་བྱུང་།

གློ་བུར་དུ། ཨ་ཕ་དྲན་བྱུང་།

ལོ་རྒྱུས་ཀྱི་གླེགས་བམ་རེ་རེ་ཐུལ་བའི་ཨ་ཕ་དྲན་བྱུང་།

དུས་ཀྱི་གཙང་པོ་རབ་ཁ་ནས་བརྒལ་བའི་ཨ་ཕ་དྲན་བྱུང་།

བློ་དང་སྤོབས་པ་ཆེ་བའི་ཨ་ཕ་དྲན་བྱུང་།

བྱམས་དང་སྙིང་རྗེ་ཅན་གྱི་ཨ་ཕ་དྲན་བྱུང་།

ཨ་ཕ་བཞུད་རྗེས། སྦྲ་ནག་ཀྱང་བཞུད་ཟིན།

རེ་སྨོན་མ་ལུས་རྩིད་སྐུད་ཀྱིས་བསྡམས་ཀྱང་།

ས་གཞི་ཆེན་མོའི་པང་ནས་ཧ་ལམ་རྒྱུན་ཆེ་ལ་ཁག །

དེ་བས། སྲིན་པོའི་རྫ་རྒན་ཞིག་དལ་གྱིས་ཞིག་སོང་།

ང་སླར་ཡང་ཁྱོད་ཀྱི་རྒྱབ་རོལ་དུ་དལ་གྱིས་ཆས་དགོས་བྱུང་།

༼ ཁམས་སྨྱོན་ཧེ་རུ་ཀ༽

  • ལེ་ཚན་སྔོན་མ།:མི་མངོན་པའི་འཆིང་ཐག།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།