ཨ་མ།

གངས་ཐིགས།        2021-12-22

ཨ་མ་ནི་ང་ཚོའི་ནང་སེམས་ཀྱི་ཞིང་ཁམས་སུ་ནམ་ཡང་ཡལ་བ་མེད་པའི་བསིལ་དྲོད་འཛོམས་པའི་ཉི་ཟླའི་འོད་སྣང་ལྟ་བུ་ཞིག་་ཡིན་ལ། ནང་སེམས་འཁྱག་གིས་བཟུང་བའི་ལོ་དང་ཟླ་བར་དྲོད་འཇམ་གྱིས་ནང་སེམས་བསྲོ་མཁན་དེ་ཨ་མ་ཡིན། ནང་སེམས་ཚ་བའི་གདུང་དུས་ལོ་དང་ཟླ་བར་ལུས་ཀྱི་རྔུལ་ཆུ་འབྱིལ་མཁན་དེ་ཨ་མ་ཡིན། ཨ་མ་ནི་ང་ཚོའི་ལུས་སེམས་ལ་བྱམས་ལ་བརྩེ་བའི་གསེར་གྱི་འོད་ཐིག་ཅིག་ཡིན་ལ། ཨ་མ་ནི་ང་ཚོར་དོན་གྱི་ཤ་ཚ་ཞིང་སྙིང་ཉེ་བའི་བྱམས་བརྩེའི་སེམས་དཔའ་ཞིག་ཡིན།

ཨ་མའི་ང་ཚོར་ཟླ་དགུ་ཞག་བཅུར་ལུས་ལ་ཁུར་ཅིང་ཤ་དང་རུས་པའི་ལྷུ་ལག་གཏོར་ནས་ང་ཚོ་བཙས་ཤིང་། དྲོད་ལྷུག་ལྷུག་བྱེད་བཞིན་པའི་བྲང་གཞུང་ལ་གླན་ཞིང་དཀར་བཅུད་ནུ་ཞོས་ལུས་ཟུངས་གསོས་ནས་ང་ཚོ་འཚར་ལོངས་བྱུང་དུ་བཅུག། ང་ཚོ་དང་ཐོག་མི་ཡུལ་དུ་སླེབས་དུས་ང་ཚོ་ཅི་ཡང་མེད་པར་གཅེར་བུར་སླེབས་ཀྱང་། ཨ་མའི་ང་ཚོར་བྱམས་བརྩེ་དྲོད་འཇམ་གྱི་བརྩེ་བ་སྦྱིན་ཅིང་། དཀའ་སྡུག་རྔུལ་ཆུ་ཡིས་ང་ཚོ་གཉོར་སྐྱོང་བྱས་ཤིང་འཚར་ལོངས་བྱུང་དུ་བཅུག། ང་ཚོ་ནི་གསར་དུ་འབུས་ཀྱིན་པའི་མེ་ཏོག་ཅིག་ཡིན་ལ། མེ་ཏོག་དེ་འབུས་པར་ཆུ་ལུད་དྲོད་གསུམ་གྱི་རྫས་སྣ་ཁ་ཚང་ཞིག་འཛོམས་དགོས་པས། ཨ་མ་ནི་མེ་ཏོག་དེ་གསོ་མཁན་ཡིན་ལ་མེ་ཏོག་དེའི་སྐྱེ་སྟོབས་ལ་དཔལ་སྩོལ་མཁན་གྱི་ཚེ་སྲོག་གི་བདག་མོ་དེ་ཉིད་ཡིན།

ང་ཚོས་ཨ་མའི་ལོ་སྣེ་ལོ་མཐུད་ཀྱང་ཟླ་སྣེ་ཟླ་མཐུད་ནས་ལས་ཀྱི་དཀའ་ཚེགས་དང་སེམས་ཀྱི་ངལ་བ་ལ་མ་འཛེམ་པར་ང་ཚོ་གཉོམ་ལག་རྒྱས་སུ་བཅུག་ཀྱང་། ཤ་ཚ་ཚ་དང་སྙིང་ཉེ་ཉེ་བྱས་ནས་ང་ཚོ་བསྐྱངས། ཨ་མའི་ང་ཚོར་བཅངས་བའི་བརྩེ་བ་ནི་དཔལ་འབྱོར་དང་ངོ་ཐང་གིས་མི་ཁུགས་ལ། གོ་གནས་དང་རྒྱུ་ནོར་གྱིས་བསླུ་མི་སྲིད། ཨ་མའི་བུ་ཕྲུག་ལ་བཅངས་བའི་བརྩེ་བ་ནི་གནམ་འོག་གི་ཆེས་དྭངས་གཙང་གི་བརྩེ་བ་ངོ་མ་དེ་ཡིན་ལ། སུ་དང་གང་གིས་ཀྱང་བསྒྱུར་བར་མི་ནུས་པའི་ཤ་རུས་་ཟུངས་ཁྲག་ཏུ་འཐིམ་པའི་བརྩེ་བ་ལྷད་མེད་དེ་ཡིན།

ང་ཚོའི་ཨ་མའི་ཐོད་པའི་རྒས་གཉེར་ནང་དུ་དཀའ་སྡུག་གི་རྔུལ་ཆུ་བཞུར་ཅིང་། འཁོར་བའི་ལས་ཚེགས་ཀྱིས་འདུར་རྒྱུགས་ལ་ད་རུང་ཆད་རྒྱུ་མེད། དགུན་གྱི་ཙག་དང་དབྱར་གྱི་ཆར་ཆུ་ལ་གདོང་གཏད་བཏང་ནས་ཁྱིམ་ཚང་གི་འཚོ་བ་ལ་བདེ་སྐྱིད་ཕྲན་ཙམ་རེ་འཚོལ་ཨེ་ཐུབ་བལྟས་ནས། ལག་མགོར་སེན་ཁ་གས་ཀྱང་དབུ་སྐྲ་དཀར་ཐིག་ལྷུང་ཡང་ད་དུང་ཁྱིམ་ཚང་དང་བུ་ཕྲུག་གི་ཆེད་དུ་ནངས་སྔ་ལངས་དང་དགོང་འཕྱི་ཉལ་བྱས་ནས་དཀའ་སྡུག་གི་ཁྱིམ་ལས་དེར་འབད་ཅི་ཐུབ་བྱས། དེ་དག་ཡོད་ཚད་ནི་ཁྱིམ་ཚང་དང་བུ་ཕྲུག་གིས་དོན་དུ་ཡིན་པ་ལས་ཨ་མ་རང་ཉིད་ཀྱི་དོན་དུ་ག་ལ་ཡིན། ཨ་མའི་བྱམས་བརྩེ་དང་དྲིན་ལན་ནི་ཚེ་ཐོག་འདིར་འཇལ་བར་མི་ཐེག་པའི་བརྗིད་ཆགས་ཀྱི་རི་བོ་ལྟ་བུ་ཡིན།

ཨ་མས་ང་ཚོ་འདི་ལྟར་མིག་གིས་འཚོས་ཤིང་སེམས་ཀྱིས་བསྐྱངས་ནས། མཛེས་སྡུག་དང་དྲོད་འཇམ་གྱིས་ཁེངས་པའི་འཚོ་བ་ཞིག་དང་རེ་བ་དང་འོད་སྣང་གིས་བཏེགས་པའི་མདུན་ལམ་ཞིག་གནང་། ང་ཚོའི་ཨ་མས་ཟས་ཞིམ་པོ་ཞིག་ཡོད་ན་བུ་ཕྲུག་ལ་སྟེར་ཅིང་གོས་ཡག་པོ་ཞིག་ཡོད་ན་བུ་ཕྲུག་ལ་བསྐོན། སྡུག་གི་སྙི་ས་དང་སྐྱིད་ཀྱི་ཆེ་ས་སྟེར་མཁན་དེའང་ཨ་མ་ཡིན། ཨ་མའི་རང་གི་མི་ཚེ་ཧྲིལ་བོར་བུ་ཕྲུག་བསམ་ཞིང་བུ་ཕྲུག་འཚོས་ནས་ཡོང་བས། བུ་ཕྲུག་རང་གི་དཔྲལ་བའི་མིག་བཞིན་གཅེས་ཤིང་ཁོག་གི་སྲོག་ལྟར་སྲུང་། དེ་དག་ཡོད་ཚད་ནི་ཨ་མའི་དཀའ་སྡུག་གི་རྔུལ་ཆུས་བསྩལ་བ་ཡིན་ལ། ཨ་མའི་བྱམས་སེམས་ཀྱི་བརྩེ་བས་གཉོར་བ་ཡིན། ཨ་མའི་བྱམས་སེམས་དང་བརྩེ་བ་ནི་གླེང་ན་གླེང་ནས་རྫོགས་པ་ཞིག་མ་ཡིན་ཏེ། བྲིས་ན་བྲིས་ནས་ཚར་འགྲོ་བ་ཞིག་ཀྱང་ག་ལ་ཡིན།

ལོ་ཟླ་དང་དུས་ཚོད་ནི་སྐད་ཅིག་གིས་བཞུད་འགྲོ་ལ། ང་ཚོའི་ཨ་མའི་ལུས་ཀྱི་འབྱུང་བཞི་ལའང་ལོ་ཟླ་དང་དུས་ཚོད་ཀྱིས་དེད་ནས་རྒས་རྟགས་མངོན། ཐོད་པར་རྒས་གཉེར་གྱི་རི་མོ་བབས་ཤིང་། དབུ་སྐྲར་ཁ་བ་བཞིན་དཀར་ཐིག་ལྷུང་། དེ་དུས། ཡིད་དུ་སྐྱོ་གདུང་གིས་ཆུ་བོ་བྲུགས་ཤིང་། ལུས་སུ་ཟུག་གཟེར་གྱི་རྨ་ཁ་གད། ངའི་མི་ཚེ་འདིར་ཨ་མར་དྲིན་ལན་ཞིག་འཇལ་ག་ལ་ཐུབ་ཀྱང་། ད་དུང་བསྙེན་བཀུར་ཡག་པོ་ཞིག་ཀྱང་མ་འཁྱོངས་བའི་ནང་སེམས་སུ་སྐྱོ་གདུང་གི་ན་ཟུག་ཅིག་ནམ་རྒྱུན་ངང་ངམ་ཤུགས་ཀྱིས་འབྱུང་གིན་འདུག། ཨ་མ་ལགས། ངའི་མི་ཚེ་འདིར་ཁྱེད་ལ་མང་པོ་ཞིག་ཆད་ངེས།།

རྩོམ་སྒྲིག་པ། མགར་རྒྱལ་སྲས།


  • ལེ་ཚན་སྔོན་མ།:ཤ་བ་རི་རྫོང་ལ་མཇལ་སྐོར་དུ་བསྐྱོད་པའི་རེག་ཟིག།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།