ཨ་ཕར་དྲངས་པའི་ཞོགས་ཇ།

གཞི་ཚང་ཟླ་བ་གྲགས་པ།        2021-12-20

ཚེ་རབས་བསོད་ནམས་བཟོ་བའི་ལག་རྩལ་ལས།།

གཏན་བདེའི་དགའ་སྟོན་རོལ་བའི་སྐབས་མེད་ཀྱང་།།

ཕ་མའི་དྲོད་ཁོལ་སྒོ་གསུམ་ཁྱབ་པ་ཡིས།།

སྲིད་པར་འཁྱམས་ཀྱང་འགྱོད་གདུང་མི་འདུག་ཨང་།།

སེམས་ཀྱི་ཡུམ་ཆེན་ཕྱི་མར་འགྲིམ་གྱུར་པས།།

མི་སྡུག་དགའ་མཁན་ཡིད་ཅན་སུ་ཞིག་མཆིས།།

དཀའ་སྡུག་འབད་པས་བསྐྲུན་པའི་དགེ་བའི་ཆ།།

ཨ་མར་འབྱོར་ན་ཟུར་ཙམ་བདེ་བ་ལ།།

ལོ་ཟླ་ཞག་དུས་འགོག་ཐབས་མེད་པ་རུ།།

དབང་མེད་བཞུད་ཚེ་དགའ་བདེ་བྲལ་བ་སྟེ།།

དབུ་ལ་སྐྲ་དཀར་འཛིངས་པའི་དྲིན་ཆེན་ཕ།།

གཞན་ཡུལ་ཤོར་བར་བུ་ཆུང་སེམས་ཚེགས་ཆེ།།

དྲིན་གྱི་ཕ་མ་གནམ་གྱི་ཉི་ཟླ་བཞིན།།

འཇིག་རྟེན་དཀར་འོད་སྐྲུན་པའི་བླ་མ་ལགས།།

ཉི་འོད་མི་དྲོ་ཟླ་འོད་མི་གསལ་བའི།།

གནམ་སྟོང་མཚན་མོར་དྭ་ཕྲུག་ག་ཚོད་སྨྱོ།།

དམ་ཚིག་བུམ་ཆུ་འཁྱིལ་བའི་ཤེལ་བུམ་འདི།།

གས་ཆག་མི་ཤོར་གཅེས་སྐྱོང་བྱ་འདང་ཡོད།།

རྣམ་ཀུན་གྲང་འཁྱག་མེད་པའི་གོས་དམར་འདི།།

གཡུགས་ཏེ་སྐྱ་ནག་ཤམ་ལྭ་མི་གསོལ་ཨང་།།

ཐོག་མར་ཕ་མས་གནང་བའི་དལ་རྟེན་འདི།།

མཐའ་མར་ཕ་མའི་ཕྱོགས་ལ་འབུལ་སྙིང་འདོད།།

དཔག་མེད་དྲིན་ལན་ཁེབས་པའི་ལས་དཀའ་ཡང་།།

དགའ་ཞིང་མགུ་ཐབས་བྱེད་པར་བུ་ཆུང་སྤྲོ།།

ཨ་ཕའི་ཚེ་སྲོག་འགལ་རྐྱེན་མི་འབྱུང་བ།།

གཡུང་དྲུང་ཚེ་ཡི་ལྷ་ཡིས་སྲུང་བར་ཤོག།

ཨ་ཕའི་སྐུ་ལུས་ནད་ཀྱིས་མི་ཐེབས་པ།།

སངས་རྒྱས་སྨན་གྱི་ལྷ་ཡིས་སྐྱོབ་པར་ཤོག།

ཨ་ཕའི་གཏན་གྱི་འདུན་མའི་གཅེས་ནོར་ཀུན།།

བར་ཆད་ཇག་རྐུན་དབང་དུ་མི་ཤོར་བ།།

དགེ་ལེགས་ས་ཁྱི་རྒྱ་བོས་སྒོ་བསྲུངས་ནས།།

དུས་ཀུན་དགའ་བདེ་རྒྱས་པའི་བཀྲ་ཤིས་ཤོག།

  • ལེ་ཚན་སྔོན་མ།:ཨ་ཕ་དྲན་པ།
  • ལེ་ཚན་རྗེས་མ།:དྲང་སྲོང་རྒན་པོའི་སྐྱེས་རབས་མཚོ་བྱུང་ལྷ་ མོའི་དོ་ཤལ།