དུས་ཚིགས་ཤིག་གི་འཆར་སྣང་།

ཨ་ཁུ།        2021-12-22

ཡུན་རིང་ཐལ་རླུང་གིས་གཙབ་པའི་ངའི་དཔྲལ་བ།

དེ་རིང་གྲུ་ཆར་གྱིས་རློན་ཆག་ཆག་ཏུ་བཏང་།

ནམ་ཟླས་བརྩེགས་པའི་ས་གཞིའི་སྐོགས་ལྤགས་ཀྱང་།

གྲུ་ཆར་དེས་ཁྱེར་ཏེ་རྒྱང་རིང་ནས་རྒྱང་རིང་དུ་གྱེས་ཤིང་།

ར་མདར་སོང་བའི་སྔོ་ལྗང་གི་བུ་ཕྲུག་ཚོ།

ལམ་འཛོལ་གྱིས་རྐང་རྗེས་གང་སར་བཀྲམ།

གྲོང་ཁྱེར་གྱི་སྒོམ་ཆེན་ཚོས་ཆར་གྱི་དྲི་སྣོམ་པ་དང་།

སུན་སྣང་གིས་ཁང་གོག་དབུ་ནས་གཡུག།

རྩྭ་ཐང་གི་དཔེ་ཆ་ལྟ་བཞིན།

གླིང་ཀའི་སྐྱིད་ཀྱི་རྟོགས་པ་སད།

རྒྱུན་རིང་གཉིད་ལ་འཐིམ་པའི་གསེར་རྙེད་ཆུ།

ལམ་འགྲམ་གྱི་མྱག་དྲིར་གཡོལ་ཆེད།

ཆད་ལ་ཉེ་བའི་གཟུགས་པོ་གྱ་གྱུར་འགུལ།

ང་ནི་དེའི་སྐེད་ཚིགས་ཆག་པར་ཤིན་ཏུ་འཇིགས།

གྲུ་ཆར་གྱི་ཡོལ་བའི་ཕྱི་ནང་དུ།

གེ་སར་གྱི་རྣམ་ཤེས་བཞུགས་པའི་མི་བུ་ཡོད་ལ།

དེ་ཡི་ཕར་ལོགས་ཀྱི་ཕར་ལོགས་ན།

དཔུང་པ་ས་འོག་ཏུ་བཅུག་པའི་དཀའ་ཐུབ་པ་ཡང་ཡོད།

རྩོམ་སྒྲིག་པ། མགར་རྒྱལ་སྲས།


  • ལེ་ཚན་སྔོན་མ།:གཅིག་པུར་སྙན་ངག་ལ་རོལ་བ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།