འཆི་བདག་གི་རུམ་ནས་སད་ཀྱང་།

འཇུ་རབ་གསལ།        2021-12-27

ཐལ་མདོག་ཉི་མ་ཡིས་ནུབ་རིའི་རལ་བ་བརྒྱན་ཞིང་།།

ཟླ་བ་སྐྱ་སྐྱ་ཡིས་ང་ལ་གཡས་སྐོར་བརྒྱབ་པས།།

དབུ་སྐྲའི་ཁ་དོག་གིས་ཉི་ཟླའི་རྡུལ་ལ་ཟློས་པ།།

ཡུན་རིང་མ་གྱེར་བའི་སྙན་ཚིག་རྙིང་པ་དེ་འོ།།

སྟོང་འཇགས་ལོ་ཟླ་ལ་ཁུ་སིམ་ཁངས་སྐྱ་བབས་འདུག།

འཁྱགས་རེངས་སྙིང་ཆུང་གི་འཕར་སྒྲ་ཁུང་དུ་སྤས་ཡོད།།

ལ་དང་ལུང་བརྒལ་གྱི་འདུ་བྱེད་རྩོམ་ཕོད་མིན་ཏེ།།

བྱམས་པའི་འཛུམ་ཞལ་དེ་ས་རྡོའི་གསེང་ནས་ངུས་ཡོང་།།

རྒས་གཉེར་གཅོང་རོང་གི་བ་གམ་ཐོད་ལ་བརྩེགས་པར།།

ཕྲ་ཕུང་རེ་རེ་དང་བ་སྤུའི་ཉག་མ་རེ་རེས།།

ཉིན་མཚན་དབྱེར་མེད་དུ་ངུ་ངག་སྒྲོག་མ་ཐོས་ཀྱི།།

དུས་ཚོད་ངེས་མེད་དུ་མཁུན་སྒྲ་འདོན་པ་ཚོར་གྱི།།

མར་མེ་ཆུང་ཆུང་གི་མེ་ལྕེའི་འོད་ལ་བལྟས་ནས།།

ཁོག་འདར་ངར་མོ་ཞིག་ཀླད་ནས་རྐང་བར་རྒྱུག་ཅིང་།།

འབྲི་འཕྲོ་མ་བསྐྱང་པའི་སྙན་ངག་རྐང་པ་དེ་ནི།།

ང་དང་འདྲ་འོ་ཞེས་རུ་སྡེས་བཤད་པར་མཚུངས་ཨང་།།

དུས་ཚོད་གློག་ཞགས་ཀྱི་སྟངས་སྟབས་ཅི་འདྲ་མ་འདྲི།།

མངར་སྐྱུར་འཚོ་བ་ལ་ཉིན་སྲིབ་འབྱེད་དུ་ཡོད་ཀྱང་།།

ཚེ་ཡི་འཕེན་པ་ལ་གོ་རིམ་འཇོག་ཏུ་མེད་ཀྱང་།།

མཚར་སྡུག་རྨི་ལམ་གྱི་རི་མོ་འབྲི་མཚམས་ཅིས་འཇོག།

འཇའ་ཡི་གཤོག་པ་ལ་གསོལ་བ་དྲག་ཏུ་བཏབས་ན།།

ཆུང་འདྲིས་འོད་དཀར་ཀྱི་འཛུམ་མདངས་འགྱུར་བར་དོགས་སོ།།

ཡུན་གྱིས་མུན་ནག་གི་བྲང་ལ་འབྱར་བར་དངངས་སོ།།

མུན་པའི་ཁ་དོགས་དང་འདྲིས་ནས་འཆི་བར་འཇིགས་སོ།།

  • ལེ་ཚན་སྔོན་མ།:མོ་ནད་གསར་པ།
  • ལེ་ཚན་རྗེས་མ།:ཆང་ཞིག་གསོལ།