ཆང་ཞིག་གསོལ།

འཇུ་རབ་གསལ།        2021-12-27

མཛའ་བོ་དྲན་པའི་གདུང་བ་མཚོ་ཡིན་ན།།

བཤད་པའི་སྙིང་གཏམ་མཚོ་ནང་རྡོ་ཡིན་ན།།

མཚོ་ཁ་དར་གྱིས་བསྒྲིབས་པའི་དུས་ཚིགས་སུ།།

ཡོད་ཚད་གཏིང་ནས་བརྗེད་པའི་ཆང་ཞིག་གསོལ།།

འགྲོགས་པའི་སྐལ་བཟང་གནའ་བོའི་སྒྲུང་ཡིན་ན།།

འདྲིས་པའི་བརྒྱུད་རིམ་སྒྲུང་གི་ཚིག་ཡིན་ན།།

སྒྲུང་དཔེ་མེ་རུ་གཤེགས་པའི་དུས་ཚིགས་སུ།།

ཡོད་ཚད་ཐལ་བར་འགྱུར་བའི་ཆང་ཞིག་གསོལ།།

ལྷན་འཛོམས་དུས་བཟང་རྨི་ལམ་ཞིང་ཡིན་ན།།

འཕྲད་པའི་གོ་སྐབས་འཆར་ཡན་ཙམ་ཡིན་ན།།

སྣང་བ་སྒྱུ་མར་ཤར་བའི་དུས་ཚིགས་སུ།།

ཡོད་ཚད་སྟོང་པར་འགྱུར་བའི་ཆང་ཞིག་གསོལ།།

བརྩེ་བའི་སེམས་པ་དྲི་མེད་གངས་ཡིན་ན།།

དུངས་བའི་གློ་བ་ཆབ་ཀྱི་རྒྱུན་ཡིན་ན།།

གངས་ཆབ་སྙོག་མས་ཟིན་པའི་དུས་ཚིགས་སུ།།

ཡོད་ཚད་ས་རུ་འཐིམ་པའི་ཆང་ཞིག་གསོལ།།

མཐུན་པའི་ཞེ་འདང་པདྨའི་དཔལ་ཡིན་ན།།

བཤད་པའི་ཁ་ཚིག་ཟེ་འབྲུའི་བཅུད་ཡིན་ན།།

སྟོན་རླུང་བཙན་གྱིས་ལྡང་བའི་དུས་ཚིགས་སུ།།

ཡོད་ཚད་མཁའ་རུ་ཡལ་བའི་ཆང་ཞིག་གསོལ།།

འདུན་པའི་རི་མོ་ཆར་རྗེས་འཇའ་ཡིན་ན།།

བཞག་པའི་དམ་བཅའ་མཁའ་མཐའི་སྤྲིན་ཡིན་ན།།

བར་སྣང་མུན་པས་བཟུང་བའི་དུས་ཚིགས་སུ།།

ཡོད་ཚད་དབྱིངས་སུ་ཞི་བའི་ཆང་ཞིག་གསོལ།།


  • ལེ་ཚན་སྔོན་མ།:འཆི་བདག་གི་རུམ་ནས་སད་ཀྱང་།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།