ཡེ་ཧན་པིང་གིས་རང་ཁུལ་དུ་གཞུང་ལམ་འགྲིམ་འགྲུལ་གྱི་ཉེན་མེད་ལས་ཀར་བརྟག་ཞིབ་གནང་།

བདེ་སྐྱིད་ཀྱིས་བསྒྱུར།        2022-01-17

སྤྱི་ཟླ་དང་པོའི་ཚེས10ཉིན་ནས་ཚེས11ཉིན་བར། ཞིང་ཆེན་སྲིད་གཞུང་གི་ཞིང་དཔོན་གཞོན་པ། སྤྱི་བདེ་ཐིང་གི་ཐིང་ཀྲང་ཡེ་ཧན་པིང་གིས་ལས་སྒྲུབ་ཚོ་ཆུང་སྣེ་ཁྲིད་བྱས་ནས་རང་ཁུལ་དུ་གཞུང་ལམ་འགྲིམ་འགྲུལ་གྱི་ཉེན་མེད་ལས་ཀར་བརྟག་ཞིབ་གནང་བར་མ་ཟད་བཞུགས་མོ་ཚོགས་འདུ་འཚོགས་པ་རེད། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་དབྱང་ཧུང་ཧྲོའུ་དང་ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ། ཁུལ་སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་ལི་ཆང་བརྟག་ཞིབ་ནང་ཞུགས་པ་རེད།

ཡེ་ཧན་པིང་དང་བཅས་པ་སྔོན་རྗེས་སུ་དར་མདོ་གྲོང་ཁྱེར་རྒྱུ་ལའི་ཉེན་རྟོག་ཞབས་ཞུའི་ས་ཚུགས་དང་ལྷ་སྒང་སོགས་ལ་ཕེབས་ནས་གཞུང་ལམ་འགྲིམ་འགྲུལ་གྱི་འཕྲལ་བསྟུན་དོ་དམ་དང་། གཞུང་ལམ་འགྲིམ་འགྲུལ་གྱི་ཉེན་མེད་དོ་དམ། གཞུང་ལམ་གྱི་ཉེན་ཁ་སྔོན་འགོག་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་སྙན་སེང་ཞུས་པ་གསན་འཇོག་གནང་བ་དང་། ཡུལ་དངོས་སུ་གནས་ཚུལ་རྒྱུས་ལོན་བྱས་པའི་དུས་མཚུངས་སུ་ལས་ཡུལ་དང་པོའི་ཉེན་རྟོག་པར་འཚམས་འདྲི་གནང་བ་རེད། བཞུགས་མོ་ཚོགས་འདུའི་ཐོག་རང་ཁུལ་གཞུང་ལམ་འགྲིམ་འགྲུལ་གྱི་ཉེན་མེད་ལས་ཀ་དང་གནད་དོན་བཅོས་སྒྲིག་བྱས་ཚུལ་གྱི་ཆེད་དོན་སྙན་ཞུ་ལ་གསན་པ་རེད།

ཡེ་ཧན་པིང་གིས་བསྟན་དོན། གཞུང་ལམ་འགྲིམ་འགྲུལ་ཉེན་མེད་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྐུལ་འདེད་གཏང་རྒྱུར་ནུས་པ་གལ་ཆེན་ཡོད་པར་བརྟེན། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ནས་ཐོག་མཐའ་བར་གསུམ་དུ་གཞུང་ལམ་ཉེན་མེད་ཀྱི་ལས་ཀར་དོ་དམ་ནན་པོ་བྱ་དགོས་པ་དང་།བག་གཡེང་གི་བསམ་བློ་མཐའ་གཅིག་ཏུ་ཁྱད་བསད་བྱས་ཏེ། ཉེན་ཁའི་མངོན་མེད་རྐྱེན་ངན་གྲལ་བཤེར་དང་མེད་པ་བཟོས་རྒྱུར་སྐུལ་འདེད་གཏང་དགོས། རྒྱུད་རིམ་ལྡན་པའི་བསམ་གཞིགས་ཞིབ་འཇགས་དང་ལག་བསྟར་བྱེད་ཆོག་པའི་ཇུས་གཞི་རྒྱུན་འཁྱོངས་བྱས་ནས་གཞུང་ལམ་འགྲིམ་འགྲུལ་གྱི་ཉེན་མེད་དེ་ཆབ་སྲིད་ཀྱི་འགན་འཁྲིར་བརྩིས་ནས་དམ་འཛིན་ནན་པོ་བྱས་ཏེ་ཕན་འབྲས་ཐོབ་པ་བྱ་དགོས། རླངས་འཁོར་གྱི་ཉེན་མེད་ལ་ཞིབ་བཤེར་བྱས་ནས་འགྲིམ་འགྲུལ་གྱི་ཉེན་མེད་དང་སྔོན་འགོག་བྱེད་པའི་སྒྲིག་བཀོད་འཛུགས་སྐྲུན་བརྟན་དུ་གཏོང་བ་དང་། ཉེན་མེད་དོ་དམ་ལས་ཀའི་གཞི་རིམ་གྱི་རྨང་གཞིར་སྔར་བས་ཤུགས་བརྒྱག་དགོས། ཟོག་འདྲེན་རླངས་འཁོར་གྱི་ཤོང་ཚད་ལས་བརྒལ་ནས་བཅོས་སྐྱོང་བྱ་རྒྱུར་སྔར་བས་ཤུགས་བརྒྱག་དགོས། ད་ཡོད་ཀྱི་གཏན་འཇགས་བཅོས་སྐྱོང་གི་ས་ཚུགས་བེད་སྤྱོད་ཡག་པོ་བྱ་དགོས་པར་མ་ཟད། གཙོ་གནད་ལ་ཐུག་དུས་གལ་ཆེའི་ལམ་དུམ་དུ་སྐོར་སྐྱོད་བཅོས་སྐྱོང་བྱས་ནས་རླངས་འཁོར་རིགས་ཚད་ལས་བརྒལ་བ་དང་ཤོང་ཚད་ལས་བརྒལ་བར་བཅོས་སྐྱོང་བྱེད་པར་དམ་འཛིན་བྱ་དགོས། དཔུང་སྡེ་དོ་དམ་ལ་ཤུགས་བརྒྱབ་ནས་གནད་དོན་མི་ཐོན་པར་འགན་ལེན་བྱས་ཏེ་ནང་ཁུལ་གྱི་དོ་དམ་ནས་མགོ་བཙུགས་ཏེ། ཉེན་རྟོག་པའི་ཉམས་འགྱུར་དང་ཁོར་ཡུལ་འཕྲོད་བསྟེན། གཞུང་ལས་སྒྲིག་ལམ་བཅས་ཀྱི་ཐད་རྒྱུན་ཆད་མེད་པར་ཤུགས་བརྒྱག་དགོས། གཙོ་གནད་ལས་གནས་ཉེན་ཁར་ལྟ་སྐུལ་དོ་དམ་གྱི་བྱེད་ཐབས་དོན་འཁྱོལ་བྱེད་པ་དང་དཔུང་སྡེ་དང་ཁྲིམས་འཛིན་དོ་དམ་ཐད་གནས་པའི་ཉེན་ཁའི་མངོན་མེད་རྐྱེན་ངན་ཉུང་དུ་བཏང་ནས། ཁྲིམས་འགལ་སྒྲིག་འགལ་གྱི་གནད་དོན་ཐོན་རྒྱུར་དོགས་ཟོན་མཐའ་གཅིག་ཏུ་བྱས་ཏེ་དཔུང་སྡེ་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་འགན་ལེན་བྱ་དགོས།།


  • ལེ་ཚན་སྔོན་མ།:དཀར་མཛེས་ཁུལ་གྱིས་ཁོངས་ཡོངས་ཡུལ་སྐོར་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།
  • ལེ་ཚན་རྗེས་མ།:རོང་བྲག་རྫོང་གིས་ནགས་ཚལ་དང་རྩྭ་སའི་མེ་འགོག་སྲ་བརྟན་བཏང་།
  • དོ་སྣང་ཆེ་བའི་རྩོམ།