སྨུག་པོ་གདོང་གི་རུས་རྒྱུད་དང་མདོ་ཁམས་གླིང་ཡུལ་ཁྲ་མོ།

པདྨ་ནོར་བུ།        2022-01-13

      

སྨུག་པོ་གདོང་གི་རུས་རྒྱུད་དང་མདོ་ཁམས་གླིང་ཡུལ་ཁྲ་མོ། 

སྨུག་པོ་གདོང་གི་རུས་རྒྱུད་དང་མདོ་ཁམས་གླིང་ཡུལ་ཁྲ་མོ།
སྨུག་པོ་གདོང་གི་རུས་རྒྱུད་དང་མདོ་ཁམས་གླིང་ཡུལ་ཁྲ་མོ།
ཨ་མྱེའི་མཁར་ཆེན་མཁར་ཆུང་དུ་གྲགས་པའི་གདོང་ཚང་གི་གནའ་ཤུལ།

     རྫ་ཆུའི་ཉེ་རྒྱུད་དུ་གླིང་དང་འབྲེལ་བའི་ལོ་རྒྱུས་མང་པོ་ཡོད། གླིང་གི་ཁྱིམ་རྒྱུད་ནི་སྨུག་པོ་གདོང་གི་རུས་རྒྱུད་ནས་མཆེད་དེ་བོད་མདོ་དབུས་ཁམས་གསུམ་ལས་ཁམས་ཁུལ་དུ་གནས་སྡོད་ཡུན་རིང་བྱས་རྗེས་དེང་གི་ཨ་མདོའི་ཁོངས་གཏོགས་མཚོ་སྔོན་མགོ་ལོག་དང་རྨ་སྟོད་སོགས་སུ་གནས་སྤོས་བྱས་ཚུལ་སོགས་ནི་འཁྲུངས་གླིང་མེ་ཏོག་ར་བ་དང་།  རྨ་ས་བཟུང་དར་དཀར་མདུད་པ།  རྟ་རྒྱུགས་ནོར་བུ་ཆ་བདུན་སོགས་སུ་གསལ་བོར་འཁོད་ཡོང་པར་ངས་མ་བཤད་ཀྱང་ཚང་མས་ཤེས་གསལ་ལྟར་ཡིན་པས་བསྐྱར་བཤད་དང་བསྐྱར་ཟློས་བྱེད་པའི་དགོས་པ་ཆུང་།   སྨུག་པོ་གདོང་ཞེས་པ་ནི་གདོང་གི་རུས་རྒྱུད་གང་ཞིག་ཡིན་པར་ཁོ་བོས་ཁ་ཚོན་ཆོད་པོས་བཤད་མ་ཐུབ་ཀྱང་།  ཁ་ཤས་ཀྱིས་སྒ་འདྲུ་གདུང་ཞེས་མིའུ་གདུང་དྲུག་ཏུ་གཏོགས་ཚུལ་དང་།  ལ་ལས་གདུང་གི་རུས་རིགས་གང་ཞིག་གི་ཁོངས་སུ་གཏོགས་ཚུལ་ཁ་གསལ་མེད་ཚུལ་སོགས་དཔྱད་པ་མི་འདྲ་བའི་གླེང་གཞི་ཁ་ཤས་ཡོད་ཀྱང་།   རེ་ཞིག་དེ་གར་བཞག་པ་ཙམ་ལས་ཁོ་བོས་ལོ་རྒྱུས་ཀྱི་བདེན་དོན་གསར་ཁ་དོད་པ་ཞིག་མ་མཐོང་།  ང་ཚོས་སྒྲུང་ཡིག་གང་ཞིག་བཀླགས་ཀྱང་སྨུག་པོ་གདོང་གི་མ་ཡིག་ཟེར་བ་དང་།  རུས་སྨུག་པོ་གདོང་རྒྱུད་དཔའ་བོ་ཟེར་བ་དང་། བུ་ཇོ་རུ་གདོང་གི་རུས་རྒྱུད་ལ་ཟེར་བ་དང་། སྨུག་པོ་གདོང་གི་རྒྱུད་པ་ཟེར་བ་སོགས་གླིང་གི་དཔའ་ཐུལ་མང་ཆེ་བ་གདོང་གི་རུས་རྒྱུད་ཡིན་པ་ཁ་གསལ་ཡིག་ཚོགས་སུ་འཁོད་ཡོད་ཀྱང་མིག་སྔར་གདོང་གི་རུས་རྒྱུད་བྱུང་ཚུལ་ཐད་ལ་གསལ་བཤད་ཞིག་ཡོད་པ་མ་མཐོང་། 

 དེང་གི་སྡེ་དགེ་རྫོང་གི་མངའ་ཁོངས་དབོན་ཐོག་ཤང་དུ་ཨ་མྱེའི་མཁར་ཆེན་མཁར་ཆུང་ཞེས་པའི་རི་དེའི་གཉིས་འབྲེལ་གྱི་ཐོག་ཏུ་དགྲ་མཁར་ལྟ་བུའི་མཁར་ཤུལ་གྱི་རྩིག་རྨང་ཞིག་ཡོད་པ་ནི། སྨུག་པོ་གདོང་གི་རྒྱལ་བརྒྱུད་གདོང་ཆོས་འཕན་ནག་པོའི་མཁར་ཤུལ་ཡིན་ཟེར་བ་དང་། རི་དེའུ་དེའི་ཐད་ངོས་སུ་སེང་བློན་གྱི་མཁར་ཤུལ་དང་།  རྒྱ་ཚའི་རྩེད་ར་སོགས་ཡོད་ལུགས་ལ་བལྟས་ན་གདོང་ཚང་གི་ཁྱིམ་རྒྱུད་དེ་རྫ་ཆུའི་ཆུ་རྒྱུད་དུ་གནས་པའི་ཁྱིམ་ཚང་ཞིག་ཡིན་པ་གསལ་པོར་ཤེས་ཐུབ།  དེ་བཞིན་གླིང་ཚང་ནས་གདོང་གི་རུས་རྒྱུད་མཆེད་ཚུལ་དང་།  གདོང་ནས་གླིང་ཚང་མཆེད་ཚུལ། འདན་ནས་གླིང་ཚང་མཆེད་ཚུལ་སོགས་ལ་རྩོད་གཞི་ཕྲན་བུ་འདུག་ཀྱང་རེ་ཞིག་དེ་གར་བཞག་པ་ལས་ཐབས་ཅི།  དེང་གི་མཁར་ཤུལ་དང་གླིང་སྒྲུང་གང་ལ་བལྟས་ཀྱང་འདན་མ་དང་གླིང་ཚང་ནི་འབྲི་ཆུའི་ཆུ་རྒྱུད་གཙོ་བོར་གནས་བཅས་པ་དང་།  གདོང་ཚང་ནི་རྫ་ཆུའི་ཆུ་རྒྱུད་དུ་མཁར་རྫོང་བརྩིགས་ནས་ས་གནས་དེ་གར་བཙན་ས་བཟུང་ནས་འདུག་མཁན་ཞིག་ཡིན་པ་གཏན་ཁེལ་ཤེས་ཐུབ།  གླིང་སྒྲུང་ནང་གདོང་འབུམ་པའི་རྒྱ་ཚ་ཞལ་དཀར་དང་།  སྟག་རོང་དཔོན་པོ་ཁྲོ་ཐུང་ཟེར་བ་སོགས་གདོང་དང་།  འབུམ་པ། སྟག་རོང་། གླིང་ཚང་།  འདན་མ་སོགས་རུས་རྒྱུད་བྱེ་བྲག་པ་ཁ་ཤས་ཀྱང་རིམ་པར་མཆེད་དེ་སོ་སོའི་མི་རྒྱུད་དེ་དག་གིས་རུས་རྒྱུད་རྒྱུད་འཛིན་བྱས་ཏེ་ས་གནས་ཁག་གཅིག་ཏུ་དབང་བསྒྱུར་བྱས་མཐར་མི་མིང་ས་ལ་ཐོགས་ཏེ་འདན་མའི་འདུག་ཡུལ་ལ་འདན་ཁོག་དང་།རིགས་རྒྱུད་ལ་འདན་མ།  ཁྲོ་ཐུང་འདུག་ཡུལ་ལ་ཁྲོ་ཐུང་མདའ་དང་།  རིགས་རྒྱུད་ལ་སྟག་རོང་།  དེ་བཞིན་གླིང་ཚང་དང་གླིང་ཚང་གི་རིགས་རྒྱུད་ལ་གླིང་ཚང་གི་རྒྱུད་པ་སོགས་རིགས་རུས་དང་ལོ་རྒྱུས་མ་ཉམས་པར་ད་དུང་མཇལ་དུ་ཡོད་པ་འདི་ནི་བསྲུབས་ཀྱང་སྣོག་ཏུ་མེད་པའི་ལོ་རྒྱུས་ཀྱི་རྡོ་རིང་བརྟན་པོ་ཞིག་ཀྱང་ཅི་ལ་མིན།

སྨུག་པོ་གདོང་གི་རུས་རྒྱུད་དང་མདོ་ཁམས་གླིང་ཡུལ་ཁྲ་མོ།
རྒྱབ་རི་རྒོད་པོ་ལྷ་རྩེའམ་སྒོམ་ཆེན་མཉམ་བཞག

     གླིང་གེ་སར་རྒྱལ་པོ་ནི་སྟག་ལོའི་ཟླ་བརྒྱད་པའི་ཚེས་བཅོ་ལྔ་ཉིན་སྤྱི་ལོ1038ལོར་ལྕི་སོས་ཡག་གི་ཁ་མདོ་ཞེས་པ་དེང་དུས་བྱང་པ་ཁག་གསུམ་མམ་ཁམས་སྡེ་དགེའི་ཨ་ཕྱུག་རྩྭ་ཐང་དུ་མ་འགོག་མོ་ལ་ན་ཟུག་གང་ཡང་མེད་པར་ཁྱེའུ་ལོ་གསུམ་ཙམ་ཞིག་ངོ་མཚར་བའི་ལྟས་དང་བཅས་སྐུ་བལྟམས་ནས། སྤྱི་ལོ1119ལོར་སྐུ་གཤེས་ཞེས་ཁོང་དགུང་ལོ་81ལ་བཞུགས་ཡོད་པའི་བཤད་སྲོལ་ཞིག་དང་།  ཡི་ཚོགས་ཁ་ཤས་ནང་སྤྱི་ལོ1038ནས1125བར་དགུང་ལོ88ལ་བཞུགས་ཡོད་བཅས་བཤད་སྲོལ་མི་འདྲ་བ་ཁག་གཉིས་འདུག

     ཁོང་ལ་ཆུང་དུས་སུ་ཇོ་རུ་ཞེས་འབོད་ཀྱིན་ཡོད་ལ།  ནར་སོན་རྗེས་གེ་སར་རྒྱལ་པོ་ཞེས་འབོད་སྲོལ་ཆགས། ཇོ་རུ་ཞེས་པའི་མིང་ནི་ཕུ་བོ་རྒྱ་ཚ་ཞལ་དཀར་གྱིས་རང་ལ་ནུ་བོ་ཞིག་སྐྱེས་ཡོད་པ་མཐོང་ནས་ཤིན་ཏུ་དགའ་བའི་ངང་ངའི་བསམ་པ་གྲུབ་སོང་ཞེས་གསུངས་ཏེ།  ཁྱེའུ་ལ་དབུ་ཐོད་གཏུག་སྟེ་བཞག་པས། རྒྱ་ཚ་ལ་དགའ་བའི་རྣམ་འགྱུར་ཚད་མེད་མཛད་དེ་ཇོ་རུ་སེ་བཞུགས་པས།  ཕུ་བོས་ནུ་བོ་ལ་རེ་ཞིག་བར་ཇོ་རུ་བཏགས་པས་ཆོག་བཅས་གསུངས་པ་བཞིན་ཇོ་རུ་ཞེས་མིང་ཐོགས་པ་དང་།གེ་སར་ཞེས་པ་ནི་ཁོང་དགུང་ལོ་བཅུ་གཉིས་ཐོག  ཁྲོ་ཐུང་གིས་ངའི་ཚ་བོ་ལ་དེ་རིང་གེ་འདི་འདྲ་སར་འདུག་ཞེས་ཞུས་པས། ཇོ་རུས་ང་རང་གི་མིང་རང་གིས་མ་ཐོགས་པར་དེ་རིང་ཨ་ཁུས་ང་ལ་གེ་སར་བཏགས་པ་རྟེན་འབྲེལ་ལེགས། གེ་སར་སར་སྡང་བའི་དགྲ་ལ་སར།།  དོན་འགྲུབ་འགྲུབ་ཁྲ་མོ་གླིང་ལ་འགྲུབ་ཅེས་གསུངས་ནས་གེ་སར་ཞེས་པའི་མིང་ཐོགས་པ་རེད་འདུག 

སྨུག་པོ་གདོང་གི་རུས་རྒྱུད་དང་མདོ་ཁམས་གླིང་ཡུལ་ཁྲ་མོ།
    
ཇོ་རུ་ཁོང་ཡང་གླིང་པ་རྣམས་དང་འདྲ་བར་སྨུག་པོ་གདོང་གི་རྒྱུད་པ་ཆོས་འཕེན་ནག་པོའི་གདུང་རྒྱུད་ལས་རིམ་པར་མཆེད་དེ། གླིང་ཆེ་རྒྱུད་ཆུང་རྒྱུད་འབྲིང་རྒྱུད་གསུམ་ཡོད་པའི་ཆུང་རྒྱུད་ཀྱི་རིགས་སུ་གཏོགས་ལ། སྐབས་དེའི་གླིང་པ་རྣམས་ནི་མདོ་ཁམས་ཆུ་བཞི་སྒང་དྲུག་ལས།  འབྲི་རྫ་ཟབ་མོ་སྒང་གི་རྒྱུད་དུ་གཙོ་བོ་གཞིས་ཆགས་འཚོ་གནས་བྱས་ཡོད་པ་སྒྲུང་ཡིག་ཁག་ལ་བལྟས་ན་ཤེས་སླ།   གླིང་པ་རྣམས་འདུག་སྡོད་བྱེད་པའི་དུས་དང་།  གེ་སར་འཁྲུངས་སྐབས་ཨ་ཕྱུག་ས་གནས་འདི་ལ་སྐྱིད་སོས་ཡག་གི་མདོ་དང་།  སྐྱིད་སོས་ཡག་གི་ཁ་མདོ་ཞེས་སྐྱིད་ཁོག་དང་སོས་ཁོག ཡག་ཁོག་ཟེ་བ་ལས་དེང་དུས་ལྟར་བྱང་པ་ཁག་གསུམ་དང་ཨ་ཕྱུག་རྩྭ་ཐང་དང་།  མདོ་ཁམས་ཨ་ཕྱུག་སོགས་འབོད་སྲོལ་མེད་པ་འདྲ། 

སྨུག་པོ་གདོང་གི་རུས་རྒྱུད་དང་མདོ་ཁམས་གླིང་ཡུལ་ཁྲ་མོ།
ཨ་ཕྱུག་གེ་སར་མདུན་ཐང་།

    སྐབས་དེར་གླིང་པ་རྣམས་འཚོ་གནས་བྱེད་སའི་ས་ནི་གནས་འདི་ཡིན་པ་འགོག་བཟས་ས་བཤད་ལས། སྨད་ན་མདོ་ཁམས་སྒང་དྲུག་ཆགས།། སྒང་དྲུག་ལ་འཁོར་བའི་ཆུ་བཞི་ཡོད།། རྫ་འབྲི་ཆུ་ཡི་བར་ཁམས་སུ།། མདོ་ཁམས་ས་ཡི་ལྟེ་བ་ན།། རྒྱབ་རི་རྒོད་པོ་ལྷ་རྩེ་ཡོད།། མདུན་རི་རི་བཞི་རྟ་ནག་ཡོད།། གཡས་རི་བྲག་སྔོན་གཡུ་རྩེ་ཡོད།།  གཡོན་རི་རྫ་གདོང་ངུར་བ་ཡོད།། བཅས་པ་ལྟར་རྫ་འབྲི་ནི་འབྲི་ཆུ་དང་རྫ་ཆུའི་བསྡུས་མིང་ཡིན་པས། ལོ་རྒྱུས་ཡིག་ཚང་ནང་འཁོད་པ་ལྟར་མདོ་ཁམས་ཆུ་བཞི་སྒང་དྲུག་ལས་འབྲི་རྫ་ཟབ་མོ་སྒང་གི་ཆར་གཏོགས་པའི་དེང་གི་བྱང་པ་ཁག་གསུམ་ཞེས་པ་ཨ་ཕྱུག་དང་། ཡ་དེང་། སྟག་དགོན་གསུམ་དང་། ལྕི་སྟོད་ཅེས་ཝ་ཤུལ་ཤང་གི་ས་གནས་སོགས་སུ་འདུག་སྡོད་བྱས་ཡོད་པ་འཁྲུངས་གླིང་དང་རྨ་ས་བཟུང་དར་དཀར་མདུད་པ་སོགས་སུ་གསལ་བོར་འཁོད་ཡོད་པ་མ་ཚད། དེང་གི་འདན་ཁོག་དང་གླིང་ཚང་།  སྡེ་དགེའི་ལྕང་ར། དཔེ་ཝར་ཤང་དང་ཡིད་ལྷུང་སོགས་སུ་གླིང་པ་དང་། དཔའ་ཐུལ། སྟག་རོང་དང་གླིང་གི་ལོ་རྒྱུས་བར་འབྲེལ་བའི་རིག་དངོས་དང་མཁར་ཤུལ་སོགས་མང་པོ་མཇལ་རྒྱུ་ཡོད་པ་རེད། འདི་ནི་འཁྲུངས་གླིང་མེ་ཏོག་རྭ་བ་དང་རྨ་ས་བཟུང་དར་དཀར་མདུད་་པ། འཁྲུངས་གླིང་པདྨའི་དགའ་ཚལ་སོགས་གཞི་བཞག་བྱས་ཏེ་འབྲི་རྫ་ཟལ་མོའི་སྒང་གི་རྒྱུད་དུ་ཡོད་པའི་གླིང་གི་མཁར་ཤུལ་དང་། ངག་སྒྲུང་། རིག་དངོས། ས་མིང་སོགས་ལ་དཔྱད་པ་བྱས་ནས་བྲིས་པ་ཞིག་ཡིན་པ་ལས།  འོལ་ཚོད་དང་ཕྱོགས་རིས་ཀྱི་སྐད་ཆ་ཞིག་ནི་རྩ་བ་ནས་མིན་ཀྱང་བདེན་དོན་ལོ་རྒྱུས་དང་གླིང་སྒྲུང་བར་དུ་དཔྱད་པ་བྱེད་པ་ནི་རྩོམ་འདི་འབྲི་བའི་དགོས་པ་ཡིན་པས་དེ་དག་རེ་རེ་བཞིན་གླིང་སྒྲུང་དང་ལོ་རྒྱུས་ས་མིང་སོགས་ཐོད་གཏུག་ནས་བྲིས་པ་ཞིག་ཡིན།  

སྨུག་པོ་གདོང་གི་རུས་རྒྱུད་དང་མདོ་ཁམས་གླིང་ཡུལ་ཁྲ་མོ།
མདུན་རི་རི་བཞི་རྟ་ནག

    དེ་བཞིན་འཁྲུངས་གླིང་སོགས་སུ་ཁ་གསལ་འཁོད་ཡོད་པའི་གླིང་གི་ཟོ་དོར་གེ་མཛོ་གཉན་པོ་དང་།  ལྕི་རྒྱལ་སྟག་རི་སོགས་ཀྱང་དེང་གི་ཡ་དེང་ཤང་དང་། ཨ་ཕྱུག་གེ་སར་འཁྲུངས་སའི་ལྕི་ཁོག་ལུང་པ་སོགས་སུ་ཡོད་པ་མ་ཚད།  ཡུལ་མི་ཚོས་མཆོད་བསྟོད་ཀྱི་ཟོ་དོར་དང་། གླིང་ལྷ་ཞེས་གཞི་བདག་གི་མིང་བཏགས་སྲོལ་མ་ཉམས་པར་ངག་རྒྱུན་དུ་ལུས་ཡོད་པ་རེད།  

    ངས་འདི་ནས་བྲིས་པ་ནི་གླིང་སྒྲུང་དང་གླིང་གི་གནའ་བོའི་མཁར་ཤུལ་དང་འབྲེལ་བའི་སྐོར་དེ་ཡིན།  རྩོམ་འདི་འབྲི་བའི་དམིགས་ཡུལ་གཙོ་བོ་ནི་ང་ཚོས་སྒྲུང་ཡིག་ལ་རྒྱུས་ལོན་བྱེད་པ་དེ་མ་ཡིན་ལ།  གེ་སར་འཁྲུངས་ཡུལ་ལ་རྩོད་གཞི་ཞིག་སློང་བ་ནི་དེ་ལས་ཀྱང་ག་ལ་ཡིན།  སྡེ་དགེའི་རི་ཆུ་ཡུལ་ལུང་གང་སར་གེ་སར་དང་གླིང་སྒྲུང་།  གླིང་ཚང་གི་རིག་གནས་དང་འབྲེལ་བའི་ལོ་རྒྱུས་ཡ་མཚན་ཅན་དེ་དག་གལ་ཆེན་དུ་བརྩིས་ནས་འདི་ལྟར་བྲིས་པ་ཡིན།།

སྨུག་པོ་གདོང་གི་རུས་རྒྱུད་དང་མདོ་ཁམས་གླིང་ཡུལ་ཁྲ་མོ།
གཡས་རི་བྲག་སྔོན་གཡུ་རྩེའམ་བྲག་སྔོན་གདོང་།

     ལོ་ངོ་བརྒྱད་ཙམ་གྱི་ཡར་སྔོན་ཞིག་ལ་ཁོ་བོ་ཡུན་ནན་ཏཱ་ལི大理ལ་འགྲོ་དུས་ཚོར་སྣང་ཞིག་ལ།大理古城ཟེར་བ་དེ་ནི་ཇ་རྟའི་ཚོང་ལམ་སྐབས་ཀྱི་ཇ་ཚོང་བྱེད་ས་དེ་རེད་འདུག་ལ།  ཚོང་ལམ་དེ་གནའ་བོའི་བཟོ་བཀོད་རྣམ་ལ་ཞིག་ཏུ་བསྒྱུར་ནས་གནའ་གྲོང་ཞེས་པའི་མིང་བཏགས་པ་དང་།  མཆོད་རྟེན་གསུམ་གྱི་སྤྱི་གླིང三塔公园ཟེར་བའི་སྤྱི་གླིང་སོགས་ནི་གཙོ་བོ་དགོན་པའི་ནང་རྟེན་དང་གནའ་བོའི་དགོན་པའི་བཟོ་བཀོད་སོགས་མཇལ་སའི་སྤྱི་གླིང་ཞིག་ཀྱང་རེད་འདུག  དེ་བཞིན་རྒྱལ་ནང་གི་ས་གནས་གང་སར་གནའ་བོའི་དགོན་པའི་བཟོ་བཀོད་ཀྱི་རྣམ་པ་དང་།  དམ་པ་གོང་མའི་གདན་ས། ཡི་གཟུགས་རིག་གནས་དང་འབྲེལ་བའི་རིག་དངོས་མང་པོ་ཡོད།  དེ་བཞིན་བོད་ཀྱི་དགོན་སྡེ་ཁག་གིས་ཀྱང་ལྷ་བྲིས་དང་ཞལ་འབག  ཞལ་ཐང་།  གེ་སར་གར་འཆམ་དང་འབག་འཆམ་སོགས་རིག་དངོས་གལ་ཆེན་མང་པོ་ཉར་ཚགས་བྱས་ཡོད། དཔེར་ན་རྫོགས་ཆེན་དགོན་པས་གེ་སར་རིག་དངོས་རྒྱུད་འཛིན་དང་དར་སྤེལ་ཤུགས་ཆེན་བྱས་ཡོད་པ་མ་ཚད། འཆམ་གོས་དང་འཆམ་ཆས། འཆམ་དཔོན་དང་འཆམ་མི། ཞལ་འབག་དང་གྱོན་ཆས་སོགས་འཆམ་གྱི་ཡོ་བྱད་དང་འཆམ་རྩལ་སོགས་ཧ་ཅང་ཕུན་སུམ་ཚོགས་པ་ཞིག་ཡོད་པ་འདི་ནི་མི་ལོ་བརྒྱ་ཕྲག་ཁ་ཤས་ལ་འཆམ་དང་འབག་གི་ལས་ལ་ཧུར་བརྩོན་བྱས་པའི་འབྲས་བུ་དམིགས་བསལ་བ་ཞིག་ཅི་ལ་མིན།  དེ་བཞིན་དཔལ་སྤུངས་ཀརྨ་སྒར་བྲིས་སོགས་ཀྱང་དགོན་པའི་མི་སྣས་རྒྱུད་འཛིན་བྱས་པའི་ལག་ཤེས་དང་རིག་དངོས་གལ་ཆེན་དག་ཡིན་སྟབས།  རིག་དངོས་རྒྱུད་འཛིན་བྱེད་སའི་ལྟེ་བ་དགོན་སྡེ་གཉིས་པོའི་ལག་ཤེས་དང་ཤེས་འཇོན་མི་སྣ་གསོ་སྐྱོང་བྱས་ནས། གླིང་གི་མཁར་རྙིང་དང་། དགོན་སྡེའི་ལག་ཤེས་དེ་དག་ཏཱ་ལི་གནའ་གྲོང་དང་མཆོད་རྟེན་གསུམ་གྱི་སྤྱི་གླིང་ལྟ་བུ་ཐུན་མོང་མིག་གི་ལོངས་སྤྱོད་ཅིག་ཏུ་འགྱུར་བའི་ཡིད་སྨོན་ཞིག་གི་ཚུལ་དུ་དཔེ་མཚོན་ཞིག་བཀོད་པ་ཡིན།   གེ་སར་ལྷ་ཁང་ནི་ཇོ་རུ་སྐུ་འཁྲུངས་སའི་ས་གནས་དེ་རུ་བཞེངས་པའི་གེ་སར་གཙོ་བོ་བྱས་ནས།  གླིང་ལྷ་ཝེར་མ་དང་། མ་སྲུ་མོ་སྨན།  གླིང་གི་དཔའ་ཐུལ་རྣམས་འདྲ་བཟོ་བྱས་ནས་བཅས་ཡོད་པའི་ལྷ་ཁང་ཞིག་ཡིན། ལྷ་ཁང་དེའི་ཉེ་འགྲམ་ཡར་མར་གླིང་དང་གེ་སར་འབྲེལ་ཡོད་ཀྱི་ས་མིང་དང་རྡོ་མིང་།  རི་ཆུ་ཡུལ་ལུང་གི་རིག་གནས་མང་པོ་ཞིག་འདུག  དཔེར་ན་འགོག་བཟའ་མ་བུའི་འདུག་ཤུལ་དང་། རྒྱ་བཟའ་ལྷ་དཀར་སྒྲོལ་མའི་འབྲོག་ས་དང་སྦྲ་ཤུལ། རྒྱ་བཟས་བེའུ་འཚོ་ས། རྒྱ་བཟས་ཕྲག་དོག་བྱས་ནས་ཇོ་རུ་རྫ་ཆུའི་འགྲམ་གྱི་རྡོ་ལ་བཤར་བའི་རྗེས་ཤུལ། གླིང་སྒྲུང་ལས་ཞག་གཅིག་ཞག་ངོ་མ་ལོན་གོང་།  གནམ་གྱི་བྱ་ནག་སྤུན་གསུམ་ཐུལ་ཞེས་གསུངས་པ་བཞིན་ཇོ་རུ་སྐུ་གཅེར་བུར་བྲག་ཐོག་ཏུ་བཞུགས་ནས་མདའ་འཕངས་པས།  གནམ་གྱི་བྱ་ནག་སྤུན་གསུམ་ས་ལ་ལྷུང་སྟེ་སྨོན་ལམ་བྲག་དཀར་གྱི་འོག་ཏུ་མནན་པ་བྱས་ཚུལ་དང་།  ལྕི་མདའི་བྲག་རྒྱབ་ན་རྡོ་ལེབ་ཅིག་གི་ངོས་སུ་རྟ་རྐྱང་ལུའི་རྨིག་པ་འདྲེད་ཤུལ་སོགས་མཇལ་རྒྱུ་ཡོད།

སྨུག་པོ་གདོང་གི་རུས་རྒྱུད་དང་མདོ་ཁམས་གླིང་ཡུལ་ཁྲ་མོ།
གཡོན་རུ་རྫ་གདོང་ངུར་བའམ་མདུང་རྩེ་སྣ།

    གེ་སར་མདུན་ཐང་ནི་གེ་སར་ལྷ་ཁང་གི་མདུན་དུ་ཡོད་པའི་རྩི་ཤིང་དང་མེ་ཏོག་གི་ལྡུམ་ར་ཞིག་ཡིན།  སྨན་ལྡུམ་དང་། རྩྭ་སྔོན་། ཤིང་རིགས་འདྲ་མིན། མེ་ཏོག་སྣ་ཚོགས་བཞད་པའི་གླིང་ཁ་ན།  བྱ་བྱེའུ་ཅོ་ག་དང་། འཇོལ་མོ། ཁུ་བྱུག་སོགས་ལྡེམ་ལྡེམ་དུ་གཡོ་བའི་ནེའུ་གསེང་གི་སྤང་ཐང་ཡངས་པོ་དེ་རུ།  གནའ་དུས་ལྗོན་ཤིང་གི་བསིལ་གྲིབ་འོག་ཏུ་གླིང་གི་དཔའ་ཐུལ་ཕུ་ནུའི་འཁོར་ཚོགས་དང་།  དེང་དུས་ཕྱི་ནང་གི་མི་རིགས་སོ་སོས་རྩེད་འབྱོར་དང་དབྱར་སྐྱིད། དགའ་སྟོན་བྱེད་སའི་སྐྱེད་མོས་ཚལ་ཞིག་ཡིན་ནོ།།


  • ལེ་ཚན་སྔོན་མ།:མདོ་ཁམས་ལི་ཐང་པའི་ཡུལ་འབྲོག་གི་སྐད་གདངས་དང་ཞེ་སའི་སྐོར་རགས་བསྡུས།
  • ལེ་ཚན་རྗེས་མ།:ཇོ་རུ་མ་བུ་རྫ་ཆུའི་ཆུ་རྒྱུད་དུ་ཡུན་རིང་བཞུགས་པའི་ལོ་རྒྱུས།
  • དོ་སྣང་ཆེ་བའི་རྩོམ།