གནུབས་རྒྱལ་མཚན། 2022-01-19
ཆུང་བྱིས་པའི་དུས་ནས་ཁེར་རྐྱང་གི་ལམ་ཁར་ཞུགས་ཏེ། །
ཕྲག་ཁུར་བོ་མ་ཐེག་འཁྱར་ཞོར་དང་ལོག་ཞོར་སོང་ཞིང་། །
ཡུལ་མཐའ་བྲལ་རྒྱུས་མེད་ཀྱི་རི་གྲོང་གླིང་གར་ཕྱིན་ནས། །
གནས་ལྔ་རིག་སློབ་གྲྭའི་སྐྱེད་ཚལ་གྱི་སྒྲིག་གཞིའི་འོག་ཏུ། །
སྒོའི་ཐེམ་སྐས་མཐོན་པོ་རྐང་མཐིལ་གྱི་ཤུགས་ཀྱིས་གནོན་པར། །
ལས་དཀའ་ངལ་རྔུལ་ཆུས་མ་ལུས་པར་གདོང་ཡོངས་བརླན་ཡང་། །
བཙན་ཨུ་ཚུགས་སྒམ་པོས་མ་ཁ་རུ་སོ་མཆུ་བརྡབས་ཏེ། །
མིག་ཁྲ་ཆུང་གོང་བུར་ཆུ་ཐིགས་ཀྱིས་བཀང་བར་བྱེད་ཀྱང་། །
ནང་སློབ་གྲོགས་མང་བོའི་ལག་རྡང་གི་དཔང་བར་འཇུས་ཏེ། །
མགོན་དགེ་རྒན་དམ་པའི་ཞལ་གསུང་གི་དྲོན་ལ་བཅར་ཏེ། །
ནོར་རིན་ཆེན་ཤེས་བྱའི་ལྡིང་ཁང་གི་དབུས་སུ་འགྲེང་སྟེ། །
གནས་བཅུ་ཕྲག་རིག་པའི་དོ་ར་རུ་སྤོབས་ཀྱིས་འགྱིངས་ཏེ། །
ལོ་གསུམ་གཉིས་དྲུག་ལྷག་ཁེར་རྐྱང་གི་འཚོ་བས་བསྐྱལ་ནས། །
ལུས་ལང་ཚོའི་ཁམ་བུ་ལེགས་སྨིན་པ་འཁྲུངས་པར་བརྩམས་བྱུང་། །
ལུས་ན་ཚོད་རྒྱས་པའི་སྐྱེ་འབྲས་ཀྱི་མེ་ཏོག་འཛུམ་ཞིང་། །
བློ་རིག་པ་གློག་ཞགས་སྐྲ་རྩེ་ནས་ལམ་ལམ་འཁྱུག་དུས། །
ཡུལ་གྲོགས་མེད་ཁེར་རྐྱང་མི་ཡུལ་གྱི་ས་ཕྱོགས་ཤིག་ཏུ། །
གོས་ཧྲལ་ཧྲིལ་ཐེར་མས་ལུས་པོ་ལ་བརླན་གཅུ་བརྒྱབ་སྟེ། །
ཞག་ཉི་མའི་ལོ་ཟླ་བགྲངས་མེད་ཀྱི་ཕར་ངོགས་ཤིག་ནས། །
གནས་ལྔ་རིག་སྐྱེད་མོས་ཛ་དྲག་གི་ཚ་སྨུག་མྱང་ཞོར། །
ལོ་ཧྲིལ་བོ་གསུམ་གྱི་སྐྱོ་གདུང་གི་གྲང་རླུང་ཁྲོད་དུ། །
ཉམ་ཆུང་ངུའི་རྐང་སྣེ་སྟེགས་བུ་རུ་སྤོབས་པས་འཛེགས་ཏེ། །
བློས་ནུས་ཚོད་ཧུར་ཐག་སྦྱང་བརྩོན་ལ་འབད་འབུང་འཐབ་ཀྱིན། །
ཡིད་དགའ་སྐྱོའི་སེང་རས་སྨུག་སྐྱ་ཡིས་གཡོགས་ཞོར་ཕྱེ་ཞོར། །
ལས་བདེ་སྡུག་ངེས་མེད་རེས་འཁོར་གྱི་ཞགས་པས་བཀྱིགས་ཤིང་། །
ཡུལ་ཕ་ས་མ་མཐོང་ནང་སྟོང་གི་འཆར་ངོགས་གསལ་བོས། །
དྲིན་ཕ་མ་དྲན་པའི་ཟུག་རྔུ་ཡིས་སེམས་གཅོང་གནང་ཡང་། །
ལས་དམ་བཅས་བྱས་པའི་འདུན་མ་ལ་འཁང་ར་ཅི་བྱེད། །
གཞོན་དར་མའི་འདབ་ལག་རྩལ་ཤུགས་ཀྱི་དཔལ་སྟོབས་རྫོགས་ཤིང་། །
ཡུལ་རྒྱང་རིང་ས་མཐའི་མི་ཚོགས་ཀྱི་དབུས་ལ་བསྟབས་ཏེ། །
གནས་འཇིག་རྟེན་འཁོར་བའི་བྱེ་ཐང་གི་ལ་གཞོངས་བརྒལ་དུས། །
ལྟོགས་བཀྲེས་སྐོམ་གདུང་སེམས་རླབས་རྒྱུན་གྱིས་གློ་མཆིན་རྙིད་དུས། །
རྒྱབ་གོས་རྐྱང་ཐེད་རུལ་འཁྱགས་རླུང་གིས་ཟུག་རྔུ་འབྱིན་དུས། །
ལས་སྣ་ཚོགས་རི་མོ་གྱ་གྱུ་ཡིས་གདོང་རྡེག་རྒྱག་དུས། །
ཡིད་སྐྱོ་གདུང་མུན་པའི་ན་བུན་གྱིས་ཐོད་མདུད་རྒྱག་དུས། །
ལས་གྲོགས་མེད་འཁྱམས་པོ་མི་རྐྱང་གི་འཆང་བུར་ལྷུང་དུས། །
རྒྱབ་བརྟེན་མེད་རླབས་གཡོའི་སྒུལ་ཤུགས་ཀྱི་འབྱུང་བཞི་འཁྲིག་དུས། །
གནས་འཇིག་རྟེན་འཁོར་བའི་དཀའ་སྡུག་གི་མེ་ཆར་འབབ་དུས། །
དུས་སྙིགས་མའི་སྣོད་བཅུད་འབྱུང་བཞི་ཡིས་གོད་ཆག་ཐེབས་དུས། །
དུས་ངེས་མེད་འཇིགས་སྣང་རྒོད་རླུང་གིས་ལུས་སེམས་བརྡར་དུས། །
ངའི་འཆར་སྣང་དཀར་པོའི་མཁའ་ངོས་སུ་སྤྲིན་ནག་འཁོར་བས། །
ཚེ་ད་རེབ་འདི་ལ་གྱེས་བྲལ་གྱི་རྨ་ཁས་བཟས་བྱུང་། །
རྩོམ་གསར། 10