ཞིང་ཆེན་འཚམས་འདྲི་ཚོགས་པ་རང་ཁུལ་དུ་ལོ་གསར་འཚམས་འདྲིར་ཕེབས།

བདེ་སྐྱིད་ཀྱིས་བསྒྱུར།        2022-01-18

ཞིང་ཆེན་འཚམས་འདྲི་ཚོགས་པ་རང་ཁུལ་དུ་ལོ་གསར་འཚམས་འདྲིར་ཕེབས།

   སྤྱི་ཟླ་དང་པོའི་ཚེས13ཉིན། ལུགས་རྙིང་ལོ་གསར་འཆར་ཉེ་ཡོད་པའི་སྐབས་སུ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་དཀར་མཛེས་བོད་འབྲེལ་ས་ཁུལ་གྱི་ལས་བྱེད་པ་དང་མང་ཚོགས་ལ་ཐུགས་ཁུར་དང་སྨོན་འདུན་བཅངས་ནས། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། ཞིང་ཆེན་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཏེང་ཡུང་གིས་འཚམས་འདྲི་ཚོགས་པ་ཁྲིད་ནས་རང་ཁུལ་གྱི་ལྕགས་ཟམ་རྫོང་དུ་ལུགས་རྙིང་ལོ་གསར་གྱི་འཚམས་འདྲི་གནང་བར་ཕེབས་ཤིང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཧྲི་ཀང་འཚམས་འདྲི་ཞུ་སར་ཞུགས་པ་རེད།

    འཚམས་འདྲི་གནང་རིང་ཏེང་ཡུང་དང་ཞིང་ཆེན་འཚམས་འདྲི་ཚོགས་པའི་ཁོངས་མིས་ཁུལ་དུ་བཅའ་སྡོད་བྱེད་མཁན་དྲག་ཆས་ཉེན་རྟོག་དམག་དཔུང་དང་སྲིད་ཁྲིམས་སྡེ་ཚན་གྱི་ལས་ཡུལ་དང་པོ་དང་གཞི་རིམ་གྱི་གཞིས་ཁུལ་བཅས་སུ་ཕེབས་ཏེ་སྔོན་རྗེས་སུ་ཨ་འགོག་ཁྲའོ་རོགས་ཀྱི་དམག་མི་རྒན་པ། རང་སྲུང་རྒོལ་ལན་དམག་འཐབ་ཀྱི་དམག་མི་རྒན་པ། ཀྲེ་ཅང་ཞིང་ཆེན་ཧང་ཀྲོའུ་གྲོང་ཁྱེར་ཀོང་ཧྲུའུ་ཆུས་ཀྱི་དཀར་མཛེས་ཁུལ་ལ་རོགས་སྐྱོར་བྱེད་མཁན་ལས་བྱེད་པའི་འཐུས་མི། དྲག་ཆས་ཉེན་རྟོག་དམག་སི་ཁྲོན་སྤྱི་ཁྱབ་རུ་ཁག་གི་འཚུབ་བསྟུན་ཉིང་ལག་རུ་ཁག་གཉིས་པའི་རུ་ཆེན་ཞིག་གི་དཔོན་དམག། རི་མཇུག་གྲོང་རྡལ་གྱི་ཁྲིམས་ཁང་དང་མངགས་གཏོང་ཁང་གི་སྲིད་ཁྲིམས་ཉེན་རྟོག་པ་བཅས་ལ་འཚམས་འདྲི་གནང་བ་རེད།

    འཚམས་འདྲི་གནང་རིང་ཏེང་ཡུང་དང་བཅས་པས་འཚམས་འདྲི་བྱེད་ས་དང་ངོ་དང་ངོ་ཐུག་ནས་ཁ་བརྡ་ལབ་རེས་དང་སྙིང་གཏམ་བཤད་རེས་བྱས་ནས་ལས་ཀ་དང་འཚོ་བའི་གནས་ཚུལ། དངོས་ཡོད་དཀའ་ངལ་བཅས་ལ་རྒྱུས་ལོན་གནང་བ་དང་། ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གི་ཐུགས་ཁུར་དང་འཚམས་འདྲི་གནང་བས་མ་ཚད། མཛེས་སྡུག་ལྡན་པའི་ལུགས་རྙིང་ལོ་གསར་ལ་སྨོན་འདུན་ཞུས་པ་རེད། དེ་དང་ཆབས་ཅིག་གཞི་རིམ་གྱིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་སྙིང་དོན་སློབ་སྦྱོང་དང་དྲིལ་བསྒྲགས། ལག་བསྟར་བྱས་ཚུལ། རྒྱུན་རྣམ་ཅན་གྱི་རིམས་ཚུལ་འགོག་ཟོན། དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོན་པོས་འཕེལ་རྒྱས་གཏང་རྒྱུར་སྤྱི་འདོམས་སྐུལ་འདེད་བྱས་ཚུལ། ལོ་མཇུག་དང་ལོ་མགོར་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་སོགས་ཀྱི་གཙོ་གནད་ལས་དོན་ལ་ཁྱོན་ཡོངས་ནས་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་གནང་ཞིང་། ཚང་མར་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་རབ་དང་རིམ་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་ལས་གནས་ཐོག་གཞི་ཚུགས་པ་དང་ལྷག་བསམ་རྣམ་དག་གིས་འགན་འཁུར་བ། རང་འགན་གཙང་སྒྲུབ་བཅས་བྱས་ཏེ། དུས་རབས་གསར་པའི་སི་ཁྲོན་དར་རྒྱས་གཏོང་རྒྱུ་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་བ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སི་ཁྲོན་གསར་པ་ཁྱོན་ཡོངས་ནས་འཛུགས་སྐྱོང་བྱ་རྒྱུར་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་ཞེས་སྐུལ་ལྕག་གནང་བ་རེད།

    ཞིང་ཆེན་འཚམས་འདྲི་ཚོགས་པའི་ཁོངས་མི་ཏའེ་ཏེ་ཅུན་གྱིས་དུས་ཡུན་རིང་པོའི་ནང་གངས་ལྗོངས་མཐོ་སྒང་གི་ལས་ཡུལ་དང་པོར་དམག་འཐབ་བྱེད་བཞིན་པའི་དྲག་ཆས་ཉེན་རྟོག་གི་དཔོན་དམག་ལ་ལུགས་རྙིང་ལོ་གསར་འཆར་ཉེ་ཡོད་པའི་སྐབས་སུ་འཚམས་འདྲི་གནང་བ་རེད། ཁོང་གིས་རང་ཁུལ་དུ་བཅའ་སྡོད་སྦྱོང་བརྡར་དཔུང་སྡེའི་དཔོན་དམག་ཡོངས་ཀྱིས་མུ་མཐུན་ནས་རང་དམག་གི་སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་བ་དང་། འགན་འཁྲི་ནན་ཏན་བསྒྲུབས་པ་དང་བཅའ་སྡོད་བྱ་ཡུལ་དང་ལྷན་དུ་དམག་དམངས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་ནུས་ཤུགས་ཡོད་རྒུས་དཀར་མཛེས་ཁུལ་བོད་འབྲེལ་ས་ཁུལ་དུས་ཡུན་རིང་པོ་བདེ་འཇགས་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་དགོས་ཞེས་བླང་བྱ་བཏོན་པ་རེད།།

  • ལེ་ཚན་སྔོན་མ།:དར་མདོའི་མཛའ་གཞས་ཞེས་པའི་གླུ་གཞས་ཟློས་གར་ཞིག་གསར་བཏོད་བྱས།
  • ལེ་ཚན་རྗེས་མ།:ཁུལ་ཡོངས་ཀྱི་ཉེན་མེད་ཐོན་སྐྱེད་ལས་ཀའི་ཚོགས་འདུ་འཚོགས།
  • དོ་སྣང་ཆེ་བའི་རྩོམ།