དཀར་མཛེས་ཁུལ་བོད་རིག་པ་ཞིབ་འཇུག་ཁང་གིས་ཇ་སྟོན་ཚོགས་འདུ་འཚོགས།

    དཀར་མཛེས་ཁུལ་བོད་རིག་པ་ཞིབ་འཇུག་ཁང་།    2022-01-19

     སྤྱི་ཟླ་དང་པོའི་ཚེས18ཉིན་གྱི་ཕྱི་དྲོར། དཀར་མཛེས་ཁུལ་བོད་རིག་པའི་ཞིབ་འཇུག་ཁང་གི2022ལོའི་བོད་རིག་པའི་ཆེད་མཁས་ཀྱི་དཔྱིད་གསར་དུས་ཆེན་གྱི་ཇ་སྟོན་ཚོགས་འདུ་དེ་དར་མདོ་རུ་འཚོགས་པ་རེད། དཀར་མཛེས་ཁུལ་བོད་རིག་པ་ཞིབ་འཇུག་ཁང་དང་ཁུལ་རྩོམ་སྒྱུར་ལྟེ་གནས་ཀྱི་མགོ་ཁྲིད་འཇིགས་མེད་རྡོ་རྗེས་གཙོ་སྐྱོང་འོག་དཀར་མཛེས་ཁུལ་གྱི་བོད་རིག་པའི་མཁས་དབང་འགའ་དང་བོད་རིག་པ་ཞིབ་འཇུག་ཁང་གི་ལས་མི་ཡོངས་ཚོགས་འདུར་ཞུགས།

     འཇིགས་མེད་རྡོ་རྗེས་བོད་རིག་པ་ཞིབ་འཇུག་ཁང་གི་ཚབ་བྱས་ཏེ་ཚོགས་འདུའི་ཐོག་ཤིས་ཚིག་ཕུལ་བ་དང་། དཀར་མཛེས་ཁུལ་གྱི་བོད་རིག་པ་ཞིབ་འཇུག་གི་བྱ་གཞག་འཕེལ་རྒྱས་ལ་ཐོག་མཐའ་བར་གསུམ་དུ་ཐུགས་ཁུར་དང་རྒྱབ་སྐྱོར་བྱེད་མཁན་གྱི་མཁས་དབང་རྣམས་ལ་གནམ་ལོ་གསར་པར་འཚམས་འདྲི་དང་བཀྲ་ཤིས་བདེ་ལེགས་ཞུས།  ད་དུང2021ལོར་དཀར་མཛེས་ཁུལ་བོད་རིག་པ་ཞིབ་འཇུག་ཁང་གི་ལས་དོན་ཁག་ལ་ཐོབ་པའི་གྲུབ་འབྲས་ཕྱོགས་བསྡོམས་བྱས་པ་དང་འབྲེལ་ལོ་གསར་པའི་ནང་དུ་དཀར་མཛེས་ཁུལ་བོད་རིག་པ་ཞིབ་འཇུག་ཁང་གིས་མུ་མཐུད་དུ་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག་དང་དཀར་མཛེས་ཁུལ་གྱི་བོད་རིག་པའི་མཁས་དབང་ཚོས་རྒྱབ་སྐྱོར་ཤུགས་ཆེན་འོག་རང་འགན་གཙང་སྒྲུབ་དང་སྤྱི་ཚོགས་ལས་རིགས་ཁག་གི་བོད་རིག་པའི་ཆེད་མཁས་རྣམས་དང་མཐུན་སྒྲིལ་བྱས་ཏེ་དཀར་མཛེས་ཁུལ་གྱི་བོད་རིག་པའི་ཞིབ་འཇུག་བྱ་གཞག་དེ་དར་རྒྱས་གོང་འཕེལ་འགྲོ་བར་ང་ཚོས་མཉམ་དུ་མཛད་རྗེས་གསར་པ་འཇོག་དགོས་ཞེས་བཤད།

དཀར་མཛེས་ཁུལ་བོད་རིག་པ་ཞིབ་འཇུག་ཁང་གིས་ཇ་སྟོན་ཚོགས་འདུ་འཚོགས།

     ཇ་སྟོན་ཚོགས་འདུའི་ཐོག་དེ་སྔའི་སི་ཁྲོན་མི་རིགས་སློབ་གླིང་གི་དགེ་རྒན་ཆེན་མོ་ཀརྨ་རྒྱལ་མཚན་དང་། ཁུལ་ཨུའི་ཏང་གི་སློབ་གྲྭའི་དགེ་རྒན་ཐའོ་ཡུང་། དཀར་མཛེས་ཉིན་རེའི་ཚགས་པར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་བཀྲ་ཤིས་བཅས་ཀྱིས་རང་ངོས་ཀྱི་བྱ་གཞག་དང་ཟུང་འབྲེལ་བྱས་ཏེ་དཀར་མཛེས་ཁུལ་གྱི་བོད་རིག་པ་ཞིབ་འཇུག་ཁག་གི་སྐོར་ལ་གསུང་བཤད་གལ་ཆེན་གནང་།

    མཇུག་ཏུ་སྤྲོ་སྣང་ལྡན་པའི་རིག་གཞུང་སྐོར་གྱི་བསམ་བློ་སྤེལ་རེས་ཁྲོད་དཔྱིད་གསར་དུས་ཆེན་གྱི་ཇ་སྟོན་ཚོགས་འདུ་ཕུན་སུམ་ཚོགས་པའི་ངང་མཇུག་འགྲིལ་བ་རེད།


  • ལེ་ཚན་སྔོན་མ།:ཁུལ་ཡོངས་ཀྱི་ཉེན་མེད་ཐོན་སྐྱེད་ལས་ཀའི་ཚོགས་འདུ་འཚོགས།
  • ལེ་ཚན་རྗེས་མ།:ཁ་བ་བབས་རྗེས་ཀྱི་ལི་ཐང་བྱིས་སྒྲུང་གི་འཇིག་རྟེན་ལྟར་སྣང་།
  • དོ་སྣང་ཆེ་བའི་རྩོམ།