ལོ་གསར་པར་ཕུལ་བའི་མགུར་ཆུང་རྟེའུ་ཆུང་འཚེར་སྒྲ།

        2022-01-26

ལོ་གསར་པ་གཡུང་དྲུང་རི་མོ་ཡིན།།

ཚིག་ཞིམ་ཤ་ཅན་ཞིག་འགྲིག་ནས་ཡོད།།

ལོ་གསར་པ་བཀྲ་ཤིས་རྟགས་བརྒྱད་ཡིན།།

དབྱངས་སྡེབ་ཁ་ཅན་ཞིག་བསྒྲིགས་ནས་ཡོད།།

ལོ་གསར་པར་སྨོན་པ་དྭངས་མ་ཡིན།།

ལས་སྨོན་ལམ་སྟག་སེང་ཁ་སྤྲོད་ཡིན།།

ལོ་གསར་པ་མཐུན་སྒྲིལ་མགོ་མ་ཡིན།།

གཡང་མཐུན་པ་སྤུན་བཞི་འཁོར་ནས་ཡོད།།

ལོ་གསར་པ་ཆུ་ཆེན་ཆུ་ཆུང་ཡིན།།

ཆུ་དྭངས་མོའི་འབྱུང་བ་འཕྲོད་ནས་ཡོད།།

ལོ་གསར་པ་དགུང་གི་སྐར་ཚོགས་ཡིན།།

ཁྲ་ཆིལ་ལེ་དུང་ཟླ་བསྐོར་ནས་ཡོད།།

ལོ་གསར་པ་རྒན་པའི་ནང་སེམས་ཡིན།།

དཀར་སིང་ངེ་གཞོན་པ་གསོ་སྐྱོང་ཡག།

ལོ་གསར་པ་ཕོ་གཞོན་འཛུམ་མདངས་ཡིན།།

ཁ་དུང་སོ་སུམ་ཅུ་ཀྱུག་གེར་ཡོད།།

ལོ་གསར་པ་མོ་གཞོན་ལན་བུ་ཡིན།།

སྐྲ་ལན་ཆེན་ལན་ཆུང་ཤམ་སེ་ཡོད།།

ལོ་གསར་པ་བཀྲ་ཤིས་གཡང་ལོ་ཡིན།།

ནོར་གཡང་ར་སྒོ་བཞི་འཛོམས་ནས་ཡོད།།

ལོ་གསར་པ་སྐྱིད་ཀྱི་རུ་མ་ཡིན།།

ལས་བསོད་ནམས་མ་སྒྲིག་འགྲིག་ནས་ཡོད།།

ལོ་གསར་པར་ལྷན་རྒྱས་ཁ་དྲོ་ཤོག།

ལས་ཅི་བྱ་བར་ཆད་མེད་པར་སྨོན།།

ལོ་གསར་པར་འཛམ་གླིང་བདེ་ལེགས་ཤོག།

མགོན་གང་བཀུར་སྙིང་ནས་སྲུང་བར་སྨོན།།

 མགར་ཐང་དཀར། 


  • ལེ་ཚན་སྔོན་མ།:ཁྱོད་ཀྱི་ཞལ་རས་སྒོར་སྒོར།
  • ལེ་ཚན་རྗེས་མ།:ཆུ་ཕོ་སྟག་ལོ་བསུ་བ།