2022-01-26
ཤེས་རབ་སྨྲ་བའི་ལྷ་ལ་ཕྱག་འཚལ་ལོ།།
བདག་སོགས་རིག་པ་རྟུལ་པོ་གྱུར་རྣམས་ལ།།
ཁྱེད་ཀྱིས་ཤེས་རབ་རལ་གྲི་ཕྱར་བ་ཡིས།།
མ་རིག་རྨོངས་པ་རྩ་ནས་གཅད་པར་མཛོད།།
རལ་གྲིའི་མེ་ལྕེ་རབ་ཏུ་རྣོ་ངར་བས།།
བདག་སོགས་རིག་པར་མེ་ཆེན་སྤར་བར་མཛོད།།
ཕྱྭ་རྗེ་ཡབ་ལྷ་རྣམས་ལ་ཕྱག་འཚལ་ལོ།།
བདག་སོགས་དབུལ་ཞིང་ཕོངས་པའི་སེམས་ཅན་ལ།།
ཕྱྭ་དང་གཡང་གི་འདོད་འཇོའི་དངོས་གྲུབ་སྩོལ།།
རྒྱུ་ནོར་ཕུན་སུམ་ཚོགས་པའི་བཀྲ་ཤིས་ཀྱིས།།
ལོངས་སྤྱོད་ལྷ་ལ་འགྲན་པའི་དཔལ་ཡོན་ཞིག །
ད་ནས་རྟག་ཏུ་བདག་སོགས་སྐལ་གནང་མཛོད།།
ཡི་དམ་ལྷ་ཚོགས་རྣམས་ལ་ཕྱག་འཚལ་ལོ།།
བདག་སོགས་ཉམ་ཆུང་དམན་པའི་བྱ་གཞག་ལ།།
སྐྱབས་དང་སྡོང་གྲོགས་ཡང་ཡང་མཛོད་ཅིག་ཀྱེ།།
རྩེ་གཅིག་སྙིང་ནས་ཁྱེད་ལ་གསོལ་བ་འདེབས།།
ལོ་འདིའི་རྐྱེན་ངན་བར་ཆད་བགེགས་རིགས་ཀུན།།
མཐའ་ཡས་མུན་པ་ཆེན་པོར་སྤྱུག་ཏུ་གསོལ།།
འོད་ཟེར་དགུ་བ།
རྩོམ་གསར། 10