བོད་ལུགས་གསོ་རིག་དང་མ་བུ་བདེ་སྲུང་གི་ཤེས་བྱ།

པདྨ་ནོར་བུས་བྲིས།        2022-01-25

བོད་ལུགས་གསོ་རིག་དང་མ་བུ་བདེ་སྲུང་གི་ཤེས་བྱ།

  དང་པོ།  སྦྲུམ་ལྡན་བུད་མེད་ཀྱི་འཕྲོད་བསྟེན།

    མ་བུ་བདེ་སྲུང་གི་འདུ་ཤེས་ཟེར་བ་ནི་སྦྲུམ་ལྡན་གྱི་བུད་མེད་དང་བྱིས་པ་བཙས་རྗེས་སུ་མ་བུ་གཉིས་ཀར་འཕྲོད་པར་བསྟེན་ཐབས་ཤིག་ལ་ཟེར། སྦྲུམ་མ་ཟེར་བ་ནི་བྱིས་པ་ཁོག་ཏུ་ཆགས་པའི་བུད་མེད་སྤྱི་ལ་ཟེར་བ་ཡིན། སྦྲུམ་ལྡན་བུད་མེད་ནི་བུད་མེད་གཞན་དང་མི་འདྲ་བར་ཚེ་སྲོག་གཉིས་ལྡན་གྱི་བུད་མེད་ཅིག་ཡིན་སྟབས་ལུས་ཟུངས་ཞན་པ་དང་། ཉེན་ཁ་ཆེ་བ།  འཛེམ་བྱ་མང་བ།  གང་ཅིའི་ཐད་ལ་དོ་སྣང་བྱེད་དགོས་པ་མ་ཚད། ཟས་བཙོག་དང་གོས་བཙོག དམར་ཟས་བཙོག་པ་དང་། གླ་རྩི། ཞི་དྲུག་སོགས་བསྟེན་མང་ཚེ་མ་བུའི་ཚེ་སྲོག་ལ་ཉེན་ཁ་ཆེ་བ་དང་། བྱིས་པ་མངལ་ནས་ཤོར་བའི་གནས་ཚུལ་དང་འཕྲད་སྲིད་པས་དེ་དག་ལ་དོ་སྣང་བྱེད་པ་གལ་ཆེ།  ཤིང་ཏོག་དང་འོ་ཞོ། རྩམ་པ་དང་མར་དཀར། སྔོ་ཚལ་རིགས། ཁྱིམ་བྱའི་སྒོ་ང་། ཤ་ཁུའི་རིགས་སོགས་ལུས་ཟུངས་གསོ་བ་དང་མ་བུའི་བདེ་ཐང་ལ་ཕན་པའི་ཟས་རིགས།  ཁམ་བུ་དང་ཀུ་ཤུ། རྒུན་འབྲུམ་སོགས་སྐྲ་དང་པགས་པ། མིག་སོགས་ལ་ཕན་པའི་འཚོ་བཅུད་ཟས་རིགས་མང་ཙམ་བསྟེན་པས་ཕན། བཙས་ཁར་ཉ་ཤའི་ཁུ་བ་འཐུང་ཚེ་བྱིས་པ་སྐྱེ་སླ་བ་སོགས་ཀྱི་ཕན་ཐོགས་ཡོད་པས་དེ་ལུགས་རོང་འབྲོག་གི་འཚོ་བ་ལ་ལྟོས་ནས་བསྟེན་དགོས་པ་མ་ཚད། དུག་ཤས་ཡོད་པ་དང་།  བཟི་ཁ་ཆེ་བའི་སྨན། ནུས་པ་རྩུབ་པ་ལ་རྣོ་བའི་ཟས་སྨན་རིགས་ལ་འཛེམ་དགོས། ཆུ་འཁྱགས་སོགས་གྲང་མོའི་རིགས་དང་བཏུང་ཆུ་གྲངས་མོའི་རིགས་ལ་འཛེམ་དགོས། གང་བྱུང་དུ་ལུས་འབྲེལ་སོགས་ཚུལ་མིན་གྱི་བྱ་བ་སྤངས་ནས།  རྒྱུན་པར་མི་རྔུལ་ཙམ་རྩོལ་བ་བྱེད་ཚེ་བྱིས་པ་བཙས་སླ་བའི་ཕན་ཐོགས་ཡོད་པ་ཞིག་ཡིན། ལྟེ་རོགས་མ་རྒྱུགས་པ་དང་བྱིས་པ་བཙས་དཀའ་བའི་རིགས་ཀྱི་བུད་མེད་རྣམས་ཀྱིས་ཞི་དྲུག་དང་ཉ་ཤའི་ཁུ་བ་འཐུང་ན་བྱིས་པ་བཙས་སླ།

གཉིས་པ། མངལ་གནས་ཀྱི་བྱིས་པ་ལ་རྟགས་ཐབས། 

     མངལ་གནས་ཀྱི་བྱིས་པ་ཟེར་བ་ནི་སྦྲུམ་མའི་མངལ་དུ་གནས་ཡོད་པའི་བྱིས་པ་བདེ་ཐང་ཡིན་མིན་དང་།  བུ་དང་བུ་མོ་གང་ཡིན་རྟགས་པའི་ཐབས་ལམ་ལ་ཟེར་བ་ཡིན་ཏེ།  མངལ་གནས་ཀྱི་བྱིས་པ་མ་སྐྱེས་པའི་སྔོན་ལ་རྨི་ལམ་དང་ནུ་ཞོ། བྱིས་པའི་གནས་སྟངས་སོགས་ལས་བྱིས་པ་བུ་དང་བུ་མོ་གང་ཡིན་ཕལ་ཆེར་ཤེས་ཀྱིན་ཡོད་པ་རེད། 

     ༡༽ རྨི་ལམ་ལས་བྱིས་པ་ཕོ་མོ་བརྟག་ཐབས།

    རྨི་ལམ་ལས་བྱིས་པ་ཕོ་མོ་རྟགས་པའི་ཐབས་ཟེར་བ་ནི་སྦྲུམ་ལྡན་བུད་མེད་རང་ཉིད་དམ། བྱིས་པའི་ཕ་མ་དང་། ཁྱིམ་མི་སོགས་ཀྱི་རྨི་ལམ་ལ་བརྟགས་ནས་མངལ་གནས་ཀྱི་བྱིས་པ་དེ་ཕོ་མོ་གང་ཡིན་བརྟག་པའི་ཐབས་ལམ་ཞིག་ལ་ཟེར་བ་ཡིན།  གསོ་རིག་རྒྱུད་བཞི་ལས། “ལུས་ཡང་རྨི་ལམ་དག་ན་སྐྱེས་པ་མཐོང”ཞེས་དང་། སྐྱེས་པ་ཕྲད་འདོད་གླུ་གར་རྒྱན་ལ་དགའ།། གོང་ལས་ལྡོག་པ་བུ་མོ་སྐྱེ་པའི་རྟགས།། དེ་དག་འདྲེས་ལས་མ་ནིང་འབྱུང་བ་སྟེ་གསུངས་པ་བཞིན་དུ་བུད་མེད་ཚོས་དངོས་སུ་རྨི་ལམ་ལ་བརྟག་ཏུ་ཡོད་པར་བཤད་ལ།  བྱིས་པ་བུ་ཡིན་ཚེ་རྨི་ལམ་ལས་མཚོན་ཆ་དང་གཡུལ་འཐབ། དུག་སྦྲུལ་སོགས་རང་ཉིད་དང་ཁྱིམ་མིའི་རྨི་ལམ་དུ་རྨི་མང་བ་དང་། བུ་མོ་ཡིན་ཚེ་སྐེ་རྒྱན་དང་མེ་ཏོག སྲིན་འབུ།  སྦལ་བ་སོགས་རྨི་རྒྱུ་ཡོད་ཟེར།  

    ༢༽ ནུ་ཞོ་ལས་བྱིས་པ་ཕོ་མོ་བརྟག་ཐབས།  

    ནུ་ཞོ་ལས་བྱིས་པ་ཕོ་མོ་བརྟག་ཐབས་ཟེར་བ་ནི་བྱིས་པ་མ་སྐྱེས་སྔོན་ནས་སྦྲུམ་ལྡན་བུད་མེད་རང་ཉིད་ཀྱི་ནུ་མ་གཡས་གཡོན་གང་ནས་འོ་མ་བྱུང་སྔ་ཕྱི་ལ་བལྟས་ཏེ། མངལ་གནས་ཀྱི་བྱིས་པ་དེ་བུ་དང་བུ་མོ་བརྟག་པའམ། ཡང་ན་སྦྲུམ་ལྡན་བུད་མེད་རང་ཉིད་ཀྱི་ནུ་མགོའི་ཁ་དོག་ལ་བལྟས་ནས་མངལ་གནས་ཀྱི་བྱིས་པ་དེ་ཕོ་མོ་གང་ཡིན་བརྟག་པའི་ཐབས་ལམ་གཉིས་ཙམ་འདུག 

   དང་པོ་ནུ་ཞོ་ལ་བརྟག་པ་ཟེར་བ་ནི། རྒྱུད་ལས། ནུ་ཞོ་གཡས་པ་སྔར་བྱུང་ཁྱེའུ་སྐྱེ།། ཅེས་གསུངས་པ་བཞིན་དུ་སྦྲུམ་ལྡན་བུད་མེད་དེར་བྱིས་པ་མ་སྐྱེས་སྔོན་ལ་ནུ་ཞོའི་འོ་ཆུ་སླ་མོ་དེ་གཡས་པ་ནས་སྔོན་མར་བྱུང་ན་བུ་ཡིན་པའི་རྟགས་དང་། གཡོན་པ་ནས་སྔོན་མར་བྱུང་ན་བུ་མོ་ཡིན་པའི་མངོན་རྟགས་སྟོན་པ་ཡིན།

   གཉིས་པ་ནུ་མགོའི་ཁ་དོག་ལ་བལྟས་ནས་མངལ་གནས་ཀྱི་བྱིས་པར་ཕོ་མོ་བརྟག་ཐབས་ཟེར་བ་ནི། སྦྲུམ་ལྡན་བུད་མེད་དེའི་ནུ་མགོའི་རྩེ་ཏོག་འདྲ་བ་དེའི་ཁ་དོག་ནག་ཤས་ཆེ་ན་བུ་དང་། དམར་ཤས་ཆེ་ན་བུ་མོ་སྐྱེས་པའི་རྟགས་ལ་ངོས་འཛིན་བྱེད་ཀྱིན་ཡོད་པ་ནི་དམངས་ཁྲོད་ཀྱི་བུད་མེད་ཚོས་རྒྱུན་མཐོང་ལག་ལེན་ཞིག་ཏུ་ཆགས་འདུག 

   ༡༽  བྱིས་པ་འདུག་སྟངས་དང་འཚོ་བའི་གོམས་གཤིས།

     བྱིས་པའི་གནས་སྟངས་དང་འཚོ་བའི་གོམས་གཤིས་ཟེར་བ་ནི་བྱིས་པ་མ་སྐྱེས་སྔོན་ལ་སྦྲུམ་མའི་གསུས་ཁོག་དམ་བུ་སྣོད་ནང་གི་བྱིས་པའི་གནས་སྟངས་དང་།  ཟས་སྤྱོད་སོགས་འཚོ་བའི་དངོས་པོ་གང་ཞིག་འདོད་སྙམ་བྱེད་པ་སོགས་ལས་མངལ་གནས་ཀྱི་བྱིས་པ་དེ་བུ་དང་བུ་མོ་བརྟག་པའི་ཐབས་ལམ་ཞིག་ལ་ཟེར་བ་ཡིན། རྒྱུད་བཞི་ལས། “དེ་ཡང་གཡས་ལོགས་ལ་བརྟེན་དཀུ་གཡས་མཐོ”ཞེས་གསུངས་པ་བཞིན་དུ་སྦྲུམ་ལྡན་བུད་མེད་དེའི་གཞོགས་གཡས་ཕྱོགས་ཀྱི་རྩིབ་མའི་ལོགས་སུ་མགོ་བོ་ཡོད་སྙམ་དང་། དགྱེ་དགུ་དོགས་བདེ་མོ་ཡོད་པ། ཁ་ཟས་སྐྱུར་ལ་དགའ་བ་ནི་མངལ་གནས་ཀྱི་བྱིས་པ་དེ་བུ་ཡིན་པའི་རྟགས་དང་། “གོང་ལས་ལྡོག་པ་བུ་མོ་སྐྱེ་པའི་རྟགས”གསུངས་པ་བཞིན་གཞོགས་གཡོན་ཕྱོགས་ཀྱི་རྩིས་ངོས་མཐོ་ལ། མངལ་གནས་བྱིས་པའི་མགོ་བོས་ལྷན་སྣེའི་འོག་ནས་གྱེན་དུ་ཀར་ནས་ཡོད་སྙམ་གྱིས་དགྱེ་དགུ་དོགས་མི་བདེ་བ། སྔུན་ཐུ་ཕྱི་མའི་འདབ་ཁ་ཐུར་དུ་ཤོར་བ། ཁ་ཟས་ཁ་ཚའི་རིགས་ལ་སྲེད་པ་ནི་བུ་མོ་སྐྱེ་བའི་མངོན་རྟགས་སྟོན་པ་ཡིན།གསུམ་པ།  བྱིས་པ་བཙས་པའི་རྒྱུན་ཤེས།

    བྱིས་པ་བཙས་པའི་རྒྱུན་ཤེས་ཟེར་བ་ནི་བྱིས་པའི་གནས་སྟངས་རྒྱུན་ལྡན་ཡིན་མིན་དང་། སྔོན་མར་བྱིས་པ་བཙས་མྱོང་བའི་བུད་མེད་ཀྱིས་ལག་རོགས་དགོས་མིན། ཡང་ན་ཆ་རྐྱེན་བཟང་བའི་སྨན་ཁང་ལ་བསྟེན་ནས་མ་བུའི་བདེ་ཐང་ལ་བརྟག་དཔྱད་བྱེད་པ།  བཙས་ཐབས་དང་འདུག་སྟངས། ལག་རོགས་ཀྱིས་གྲ་སྒྲིག་གང་དག་བྱེད་དགོས་པ་དེ་ལུགས་ཀྱི་སྔོན་འགྲོའི་མཐུན་རྐྱེན་སྒྲུབ་པ་ལ་བྱིས་པ་བཙས་པའི་རྒྱུན་ཤེས་ཟེར་བ་ཡིན། 

  ༡༽ བྱིས་པའི་གནས་སྟངས་ཚུལ་མཐུན་ཡིན་མིན་ལ་བརྟག་པ།

   བྱིས་པའི་གནས་སྟངས་ཚུལ་མཐུན་ཡིན་མིན་ཟེན་བ་ནི་བྱིས་པ་བཙས་ཁར་བྱིས་པའི་གནས་སྟངས་ཚད་ལྡན་ཡིན་མིན་དང་།  བྱིས་པ་བཙའ་བར་དཀའ་ཁག་ཆེ་ཆུང་བརྟག་པ་ལ་ཟེར་བ་ཡིན།  བྱིས་པ་ཟླ་དགུ་ལོན་ནས་སྐྱེས་པའི་དུས་ལ་སླེབས་སྐབས་བྱིས་པའི་མགོ་བོ་ཚང་རའི་ནང་དུ་སོང་སྟེ་ཐུར་དུ་གཏད་ནས་བྱིས་པ་བཙས་རན་པའི་དུས་ལ་སླེབས་པ་རེད། སྐབས་དེར་བྱིས་པའི་གནས་སྟངས་དང་མགོ་བོ།  རྐང་ལག་འདུག་སྟངས་འགྲིག་མིན་གྱིས་བྱིས་པ་བཙའ་བར་དཀའ་ཁག་ཡོད་མིན་ཅི་རིགས་ཤིག་ཤེས་ཐུབ། ཚུལ་མཐུན་བྱིས་པ་ཟེར་བ་ནི་སྐྱེ་ཁར་བྱིས་པའི་མགོ་བོ་ཐུར་དུ་གཏད་ནས་སྐྱེ་སླ་བའི་རིགས་ལ་ཟེར་གྱིན་ཡོད་པ་རེད། མགོ་བོ་ཐུར་དུ་གཏད་པའི་བྱིས་པ་ནི་གནས་སྟངས་གཞན་དག་ལས་བཙས་སླ་མོ་ཡོད་ཀྱང་། རྐང་པ་ཐུར་དུ་གཏད་ནས་མགོ་བོ་གྱེན་ལ་གཏད་པའི་བྱིས་པ་ནི་དེ་ལས་བཙས་དཀའ་བ་ཡོད་པ་དང་།  མགོ་རྐང་འཕྲེད་དུ་བཞག་ནས་ལག་པ་ཐོག་མར་བཙས་པའི་བྱིས་པ་ནི་བཙས་བར་དཀའ་བའི་བྱིས་པའི་གྲས་སུ་བགྲངས་ཡོད་པས་ཧ་ཅང་ཚུལ་མཐུན་མིན་པའི་གནས་སྟངས་ཞེས་ཟེར་གྱིན་ཡོད་པ་རེད། 

༢༽ གྲ་སྒྲིག་གཞན་པ།

   གྲ་སྒྲིག་གཞན་པ་ཟེར་བ་ནི་བྱིས་པ་བཙས་ཁའི་གྲ་སྒྲིག་དང་། བཙས་རྗེས་ཀྱི་རྒྱུན་ཤེས་ལ་ཟེར་བ་ཡིན། དེ་དག་མང་ཆེ་བར་སྨན་པ་དང་བུད་མེད་རྒན་པའི་ངག་རྒྱུན་ལ་ཉན་དགོས།

༣༽ བྱིས་པ་ལ་ནུ་མ་སྣུན་པའི་རྒྱུན་ཤེས། 

   བྱིས་པར་ནུ་མ་སྣུན་པའི་རྒྱུན་ཤེས་ཟེར་བ་ནི་བྱིས་པར་ནུ་མ་སྣུན་པའི་སྐབས་སུ་བྱིས་པ་བཞག་སྟངས་དང་། ནུ་མ་སྣུན་སྐབས་སུ་དོ་སྣང་བྱེད་དགོས་པའི་ཤེས་བྱ་ལ་ཟེར་བ་ཡིན། བྱིས་པར་ནུ་མ་སྣུན་སྐབས་ཨ་མས་སྐད་ཆ་བཤད་པ་དང་། ཡར་མར་ལྟ་བ། བྱིས་པ་བཞག་སྟངས་དོགས་མི་བདེ་བ་སོགས་ཀྱིས་འོ་མ་གློ་བར་ཤོར་ནས་བྱིས་པ་ལ་གློ་ཚད་ཕོག་སླ།  བྱིས་པ་ཆུང་དུས་གཞོག་གཡས་གཡོན་གང་རུང་བསྐོར་ནས་བཞག་པ་ལས།  ཁ་སྦུབ་དང་གནམ་སྟོན་དུ་བསྙལ་ན་མི་འགྲིག གཡས་གཡོན་བརྗེ་རེས་བྱས་ནས་བསྙལ་དགོས། གལ་ཏེ་རྒྱུན་པར་གཞོགས་གཅིག་གཏད་ནས་འཇོག་ཚེ་བྱིས་པའི་གཞོགས་གཅིག་ཡོ་བོར་ཆགས་པའམ་གུག་པོར་ཆགས་པའང་ཡོད།  སྔས་མགོ་མཐོན་པོ་བཞག་ནས་བསྙལ་ཚེ་བྱིས་པའི་མགོ་བོ་སྒུར་བོར་ཆགས་ངེས། བྱིས་པ་ཁ་སྦུབ་ནས་བསྙལ་ཚེ་བྱིས་པ་དབུགས་འཚུབ་པ་དང་། གནམ་སྟོན་དུ་བསྙལ་ཚེ་ནུ་ཞོ་སྐྱུག་ནས་དབུགས་གཏོང་ལེན་དཀའ་བས་ཚེ་སྲོག་ལ་ཉེན་ཁ་འཕྲད་པས་གཟབ་དགོས།  རྒྱུན་པར་བྱིས་པར་ནུ་མ་ཡ་གཅིག་བསྣུན་ན་མ་ཡི་ནུ་མར་ཆེ་ཆུང་འགྲོ་ངེས་པས་དེ་ལུགས་གཟབ་པར་འཚལ།


  • ལེ་ཚན་སྔོན་མ།:གཟེར་འཇོམས་སྨན་རྒྱུན་དུ་འཐུང་ན་སྨན་སྲེད་འབྱུང་ངམ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།