བྱིས་པ་སྤོ་ལངས་རྒྱུ་མང་ཞིང་རང་གཤིས་གྱོང་པོ་ཡིན་པའི་རྒྱུ་མཚན་ཅི།

    མཚོ་སྔོན་བོད་ཡིག་གསར་འགྱུར།    2020-08-11

གཅེས་ལངས་སུ་བཏང་བ། བྱིས་པ་ནི་ཕ་མའི་ཡ་ཆུང་གི་སྙིང་ལྟ་བུ་ཡིན་པས། བྱིས་པར་གཅེས་པ་ནི་ནོར་འཁྲུལ་ཞིག་མིན་མོད། འོན་ཀྱང་གཅེས་རྒྱུ་ཚད་ལས་བརྒལ་ཏེ་གཅེས་ལངས་སུ་བཏང་ན། བྱིས་པར་འཚར་ལོངས་འབྱུང་བའི་གོ་རིམ་ཁྲོད་གོམས་གཤིས་ངན་པ་ཞིག་ཆགས་སྲིད། དེ་བས་ཁྱིམ་བདག་གིས་ཁྱིམ་དུ་བྱིས་པར་སྒྲིག་ལམ་ནན་མོ་འཛིན་དགོས། དེ་ལྟར་བྱས་ཚེ་ཁྱིམ་ཚང་སློབ་གསོའི་ཁྲོད་དུ་བྱིས་པའི་བརྩི་བཀུར་ཐོབ་པ་རེད། གལ་ཏེ་བྱིས་པར་གང་འདོད་བྱེད་དུ་བཅུག་ན་ངན་ལོབས་སུ་སོང་ནས་སྤོ་ལངས་རྒྱུ་དགའ་བར་འགྱུར་སྲིད།

སེམས་པར་ཕམ་ཉེས་འབྱུང་བ། བྱིས་པ་ཚོ་ལོ་ན་ཆུང་རུང་ཕམ་ཉེས་ཀྱི་ཚོར་བ་དང་རང་བཀུར་གྱི་བསམ་པ་ཡོད་པས། སེམས་སུ་ནམ་ཡང་སྒེར་ཚུགས་ཀྱི་རེ་འདུན་ཧ་ཅང་ཆེ། དེའི་ཕྱིར། རིམ་བཞིན་རང་གིས་སྒྲུབ་འདོད་པའི་བྱ་བར་རང་ཉིད་ཀྱི་འདོད་ཕྱོགས་ལྟར་བདག་པོ་བྱེད་རྒྱུར་དགའ་བ་རེད། ཡིན་ཡང་ཁྱིམ་བདག་མང་ཆེ་བས་བྱིས་པའི་བསམ་ཕྱོགས་ལ་འདང་མི་རྒྱག་པར་བྱིས་པར་སྐད་ཆ་བཤད་པའི་དབང་ཆ་མི་སྤྲོད་པས། བྱིས་པར་ཕམ་ཉེས་ཀྱི་སེམས་ཁམས་བྱུང་བ་རེད།

ཤུགས་རྐྱེན་ཐེབས་ནས་རིམ་བཞིན་འགྱུར་བ། ཁྱིམ་བདག་གིས་བྱིས་པར་སློབ་གསོ་གཏོང་བའི་སྐབས་སུ། རྒྱུན་པརབཟང་པོའི་ཕྱོགས་ལ་མི་བརྩོན་ངན་པའི་ཕྱོགས་ལ་འབདཅེས་བཤད་བཞིན་ཡོད། ཁྱིམ་ཚང་དང་སློབ་གྲྭ་ནི་བྱིས་པའི་འཚོ་བའི་ཁོར་ཡུག་ཡིན་པ་དང་། ལོ་ཆུང་བྱིས་པ་མང་ཆེ་བ་ཞིག་དགེ་རྒན་དང་ཕ་མའི་བྱ་སྤྱོད་ལ་ལད་མོ་བྱེད་རྒྱུར་དགའ་བས་སློབ་པ་མགྱོགས་ཤིང་ཐོབ་སླ་བ་ཞིག་རེད། དུས་ཚོད་རེ་རེའི་ནང་ཤུགས་རྐྱེན་ཐེབས་ནས་རིམ་བཞིན་འགྱུར་ལྡོག་འབྱུང་གིན་ཡོད།

ཐང་ཆད་པ། ཐང་ཆད་པའི་སྣང་ཚུལ་ལ་རྒྱུ་རྐྱེན་མང་པོ་ཡོད་དེ། ལུས་ཕུང་མི་བདེ་བའམ་གཉིད་ཀྱིས་མ་འདང་བ། སློབ་གཉེར་ལ་བྲེལ་བ་ཆེ་བ་སོགས་མང་པོ་ཡོད། བྱིས་པའི་སེམས་ཁམས་མི་སྐྱིད་པའི་སྐབས་སུ་ཁོང་ཁྲོ་ལངས་སླ་བ་རེད། ཁོང་ཁྲོ་ལངས་སླ་བའི་བྱིས་པ་དག་ལ་ཁྱིམ་བདག་གིས་གཅེས་ལངས་སུ་གཏོང་མི་རུང་ལ། དྲག་ཤུགས་ཀྱང་སྤྱོད་མི་རུང་། བྱིས་པས་ཁོང་ཁྲོ་ཕྱིར་བཏོན་ཚར་ནས་སེམས་ཁམས་ལྷོད་ལ་བབས་རྗེས། ཁྱིམ་བདག་གིས་ཞི་ཞིང་འཇམ་པོའི་སྒོ་ནས་བྱིས་པར་ཁ་བརྡ་བྱས་ཏེ། བྱ་སྤྱོད་འགྲིག་མིན་ཐད་ལ་བསམ་བློ་བརྗེ་རེས་བྱེད་དགོས།

སེམས་ཁམས་ཀྱི་གནོན་ཤུགས་ཆེ་བ། དཔེར་ན། བྱིས་སྐྱོང་ཁང་གི་དགེ་རྒན་བཙན་པོ་ཞིག་ཡིན་པས། བྱིས་སྐྱོང་ཁང་དུ་བྱིས་པ་རྩེད་མོར་གཡེང་མ་ཐུབ་པས། སེམས་ཁམས་སྐྱིད་པོ་མ་ཡོང་བར་ཕྱིར་ཁྱིམ་དུ་ལོག་དུས་ངུ་འབོད་བྱས་ནས་ཁོང་ཁྲོ་ལངས་པ་རེད། སྣང་ཚུལ་དེ་ལྟ་བུའི་འོག་ཏུ། བྱིས་པར་གཅར་རྡུང་བྱེད་མི་རུང་བར་མ་ཟད། ལྟ་སྐྱོང་བྱས་ནས་སེམས་ལྷོད་ལ་འབབ་ཏུ་བཅུག་སྟེ་བྱིས་པར་ཞབས་བྲོ་སློབ་ཏུ་འཇུག་པ་དང་། གླུ་དབྱངས་ལེན་དུ་འཇུག་དགོས། བྱིས་པ་གཞན་དག་དང་མཉམ་དུ་རྩེད་མོ་རྩེ་རུ་འགྲོ་བར་སྐུལ་མ་གཏོང་བ་སོགས་བྱས་ན་བྱིས་པའི་སེམས་ཁམས་སྙོམ་སྒྲིག་བྱེད་ཐུབ་པ་ལས་གཞན་སྤྱི་ཚོགས་དང་མཐུན་ཐབས་ཡོང་བ་རེད།།

  • ལེ་ཚན་སྔོན་མ།:གློ་གཅོང་ནད་ཀྱི་འབྱུང་རྐྱེན་དང་སྔོན་འགོག་བྱེད་ཐབས།
  • ལེ་ཚན་རྗེས་མ།:མི་རྣམས་ཅིའི་ཕྱིར་དར་མའི་སྐབས་སུ་ཤ་རྒྱགས་པ་ཆགས་སླ་བ་ཡིན་ནམ།