མི་རྣམས་ཅིའི་ཕྱིར་དར་མའི་སྐབས་སུ་ཤ་རྒྱགས་པ་ཆགས་སླ་བ་ཡིན་ནམ།

    ཀྲུང་གོའི་བོད་ལྗོངས་དྲ་བ།    2020-12-17

   གཅིག  མི་ལུས་ཀྱི་བརྗེ་ཚབ་དལ་འགྱུར།

         རྨང་གཞིའི་བརྗེ་ཚབ་བྱེད་ཚད་ནི་མིའི་ལུས་པོའི་ནུས་ཚད་རྙིང་ཚབ་གསར་བྱེད་ཀྱི་ཆུ་ཚད་ལ་གདེང་འཇོག་བྱེད་པའི་དམིགས་ཚད་གལ་ཆེན་ཞིག་ཡིན་ལ། དེས་མིའི་ལུས་ཁམས་ཀྱི་རྨང་གཞིའི་གནས་ཚུལ་འོག་གི་ནུས་ཚད་རྙིང་ཚབ་གསར་བྱེད་ཀྱི་མྱུར་ཚད་མཚོན་ཐུབ།

ཟས་རིགས་གཅིག་འདྲ་ཟས་ན་རྨང་གཞིའི་བརྗེ་ཚབ་བྱེད་ཚད་མཐོ་བའི་མི་རྒྱགས་པ་ཆགས་མི་སླ་བ་དང་ཚིལ་ལྷག་གསོག་ཉར་བྱེད་མི་སྲིད།

         མི་རྣམས་དར་མའི་དུས་སུ་ལུས་ཡོངས་ཀྱི་དབང་པོ་ཚང་མ་བལྟོས་བཅས་ཀྱིས་ཇེ་དལ་དུ་འགྲོ་བའི་དུས་སྐབས་ཤིག་ཏུ་སླེབས་པ་དང་། ནུས་ཚད་རྙིང་ཚབ་གསར་བྱེད་ཀྱི་ཐད་དུའང་དེ་ལྟར་ཡིན་ཞིང་། ལོ་ན་ཇི་ཙམ་ཆེ་ན་རྨང་གཞིའི་བརྗེ་ཚབ་བྱེད་ཚད་དེ་ཙམ་གྱིས་དམའ་བ་རེད། དེར་བརྟེན་གལ་ཏེ་བཟའ་བཏུང་ཐད་ད་དུང་ཚོད་འཛིན་མ་བྱས་ཚེ་ལུས་པོའི་ནང་འཚོ་བཅུད་འབོར་ཆེན་བསགས་ནས་རྒྱགས་པ་ཆགས་པ་ཡིན།

         གཉིས། ནང་གི་ཟགས་ཐོན་དངོས་པོའི་འགྱུར་ལྡོག 

         གནས་ཚུལ་འདི་རིགས་ནི་བུད་མེད་ཚོའི་ཁྲོད་ན་ལྷག་ཏུ་མང་། མོ་སྐུལ་རྩི་ཡིས་མིའི་ལུས་ཕུང་ལ་སྲུང་སྐྱོབ་བྱེད་པའི་ནུས་པ་ལྡན་ཞིང་མཆིན་པའི་ནང་གི་སྤྲི་དཀར་རྫས་མང་པོ་དང་མཁྲིས་རྒྱུ་གཤེར་རྩི་རྙིང་ཚབ་གསར་བརྗེ་མའེ་ཡི་འདྲེས་སྦྱོར་ལ་སྐུལ་འདེད་བྱེད་ཐུབ། ཁྲག་ཁུའི་ཁྲོད་སྟུག་ཚད་དམའ་བའི་སྤྲི་དཀར་ཚིལ་གྱི་མཁྲིས་རྒྱུ་གཤེར་རྩི(མཁྲིས་རྒྱུ་གཤེར་རྩི་ངན་པ)ཇེ་དམའ་རུ་གཏོང་བ་དང་སྟུག་ཚད་མཐོ་བའི་སྤྲི་དཀར་ཚིལ་གྱི་མཁྲིས་རྒྱུ་གཤེར་རྩི(མཁྲིས་རྒྱུ་གཤེར་རྩི་བཟང་བ)ཇེ་མཐོར་གཏོང་ཐུབ།

         བུད་མེད་རྣམས་དར་མའི་དུས་སུ་སླེབས་རྗེས་རིམ་བཞིན་ཟླ་མཚན་ཆད་པའི་གནས་ཚུལ་འབྱུང་སྲིད་པ་དང་། མོ་སྐུལ་རྩི་ཡི་ཆུ་ཚད་མར་ཆག་པ་དང་བསྟུན་ནས་ཚིལ་གྱི་རྙིང་ཚབ་གསར་བྱེད་ཀྱི་ནུས་པ་ཇེ་ཞན་དུ་འགྲོ་བ་དང་ལུས་ཕུང་ལ་ཚིལ་གསོག་སླ།

         གསུམ། འགུལ་སྐྱོད་མི་འདང་བ།

         མི་དར་མ་རྣམས་ལ་རྒྱུན་དུ་འགུལ་སྐྱོད་ཀྱིས་མི་འདང་བ་དང་ལྷག་པར་དུ་ཡུན་རིང་བོར་བསྡད་ཚེ་ཚིལ་མང་པོ་གསོག་སླ། དབྱིན་ཇིའི་ལེ་སི་ཐི་ཕྱོགས་བསྡུས་སྨན་ཁང་གི་ཞིབ་འཇུག་པས་སྤེལ་བའི་རྒྱལ་སྤྱིའི་ཐོག་ཡུན་རིང་ལ་བསྡད་ན་བདེ་ཐང་ལ་གནོད་ཅེས་ནན་བཤད་བྱས་པའི་ཞིབ་འཇུག་ལས་ཤེས་གསལ་ལྟར་ན། ཡུན་རིང་ལ་སྡོད་པའི་མི་ཚོགས་ལ་ཤ་རྒྱགས་པ་དང་། རིགས2ཅན་གྱི་གཅིན་པ་མངར་འགྱུར་གྱི་ནད། སྙིང་ནད་དང་དེ་བཞིན་སྔ་ས་ནས་ཤི་བའི་ཉེན་ཁ་བཅས་རྒྱུན་དུ་འགུལ་སྐྱོད་བྱས་པའི་མི་ཚོགས་ཀྱི་ལྡབ2ཡིན།

         བཞི། རྫ་མདོག་ཚིལ་གྱི་གྲུབ་ཆ་ཉུང་དུ་ཕྱིན་པ།

         ལོ་ན་ཇེ་མཐོར་སོང་བ་དང་བསྟུན་ནས་མིའི་ལུས་ཕུང་གི་གྲུབ་ཚུལ་ལའང་འགྱུར་ལྡོག་འབྱུང་བ་ཡིན།

         མི་སྐྱེས་པའི་སྐབས་སུ་ལུས་པོའི་ནང་དུ་རྫ་མདོག་ཚིལ་གྱི་གྲུབ་ཆ(“ཚིལ་ཡག་པོ”)མང་པོ་འདུས་པ་དང་དེ་ནི་ཚ་ཚད་འབྱུང་བར་ཕན་པ་ཡོད། བྱིས་དུས་ནས་བཟུང་རྫ་མདོག་ཚིལ་རིམ་བཞིན་ཇེ་ཉུང་དུ་འགྲོ་བ་ཡིན་ལ་དར་མའི་དུས་སུ་ཕལ་ཆེར་ཚིལ་དཀར་པོས(“ཚིལ་ངན་པ”)ཚབ་བྱས་པ་རེད། སྐབས་དེར་ལུས་སྟེང་གི་ཤ་གནད་ཇེ་ཉུང་དུ་སོང་བ་དང་ཚིལ་ཇེ་མང་དུ་འགྲོ་བ་ཡིན་པས་དགོས་ངེས་ཀྱི་ཚ་ཚད་ཀྱང་ཇེ་ཉུང་དུ་འགྲོ་སྲིད། གལ་ཏེ་ད་དུང་ལོ་ན་གཞོན་དུས་ཀྱི་བཟའ་བཏུང་ཆུ་ཚད་ལྟར་རྒྱུན་འཁྱོངས་བྱས་ནས་འགུལ་སྐྱོད་མ་བྱས་ཚེ་རྒྱགས་པ་ཆགས་ངེས་ཡིན།

         དར་མ་རྒྱགས་པ་ཆགས་ན་དོན་དངོས་སུ་ཉེན་ཁ་ཅི་ཙམ་ཡོད་དམ།

         ཧ་ཧྥོ་སློབ་ཆེན་གྱི་ཞིབ་འཇུག་ཅིག་ལས་ཤེས་གསལ་ལྟར་ན། ནར་སོན་པའི་མི་མང་ཆེ་བའི་ལུས་པོའི་ལྗིད་ཚད་ནི་ལོ་ན་ཇེ་མཐོར་སོང་བ་དང་བསྟུན་ནས་ཇེ་མཐོར་འགྲོ་བ་དང་། ལོ18(བུད་མེད)དམ་ཡང་ན་ལོ21(སྐྱེས་པ)སྐབས་ཀྱི་ལྗིད་ཚད་དང་ལོ55སྐབས་ཀྱི་བསྡུར་ཚད་ནི་བུད་མེད་རྣམས་ཆ་སྙོམས་ཀྱིས་སྤྱི་རྒྱ10འཕར་བ་དང་སྐྱེས་པ་རྣམས་ཕལ་ཆེར་སྤྱི་རྒྱ8.6འཕར་བ་རེད།

         ཡིན་ནའང་དར་མ“རྒྱགས་པ་ཆགས་པ”ནི“རྒྱགས་པ”ངོ་མ་མ་ཡིན་པར་བདེ་ཐང་གི་མངོན་མེད་རྐྱེན་ངན་ཆེན་པོ་ཞིག་རེད།

         ཞིབ་འཇུག་ལས་ཤེས་གསལ་ལྟར་ན། ནར་སོན་པའི་དུས་རིམ་གྱི་ལུས་པོའི་ལྗིད་ཚད་ཅུང་ཇེ་ལྗིད་དུ་གྱུར་བ་དེའང་དལ་ཡུན་ནད་བྱུང་ཚད་ཇེ་མཐོར་འགྲོ་བ་དང་འབྲེལ་བ་དམ་པོ་ཡོད།

         དཔེར་ན། གཞོན་དར་གྱི་ལུས་པོའི་ལྗིད་ཚད་རྒྱ་མ10རེ་འཕར་ཚེ་དེའི་ནང་རྒན་དར་དུས་སུ་གཅིན་པ་མངར་འགྱུར་གྱི་ནད་ཕོག་པའི་ཉེན་ཁ30%འཕར་བ་དང་། ཁྲག་ཤེད་མཐོ་བའི་ནད་ཀྱི་ཉེན་ཁ14%འཕར་བ། སྙིང་ཁམས་ཁྲག་རྩའི་ནད་ཀྱི་ཉེན་ཁ8%འཕར་བ། ཚོན་པོར་ཆགས་པ་དང་འབྲེལ་བ་ཡོད་པའི་འབྲས་སྐྲན་གྱི་ཉེན་ཁ6%འཕར་བ་བཅས་རེད།


  • ལེ་ཚན་སྔོན་མ།:བྱིས་པ་སྤོ་ལངས་རྒྱུ་མང་ཞིང་རང་གཤིས་གྱོང་པོ་ཡིན་པའི་རྒྱུ་མཚན་ཅི།
  • ལེ་ཚན་རྗེས་མ།:འཛམ་གླིང་དུ་བཏུང་ཆུའི་རིན་གོང་མཐོ་བའི་ས་ཆ་གང་ཡིན།