ང་རང་སློབ་གྲྭའི་ཁོར་ཡུག་གི་སློབ་གཉེར་བ་རྐྱང་རྐྱང་ཡིན།

ཙ་སུར་སྦྱིན་པ།        2022-02-17

——རང་དང་ལས་དབང་གཅིག་པའི་རིགས་མཐུན་ཚོར་ཕུལ་བ།

ང་རང་སློབ་གྲྭའི་ཁོར་ཡུག་ན་ཡོད། དགེ་རྒན་གྱི་ཀུན་སྤྱོད་བཟང་པོ་ནི་སློབ་བུ་ཚོར་སློབ་ཁྲིད་ཀྱི་མིག་དཔེ་ཆེས་ཡག་ཤོས་དང་། དགེ་རྒན་གྱི་ཁ་མིག་ལག་གསུམ་ནི་སློབ་བུ་ཚོའི་ཚེ་བླ་སྲོག་གསུམ་དུ་འགྱུར་ལ། དེ་བས་དགེ་རྒན་གྱི་གློ་སྙིང་མཆིན་གསུམ་ནི་སློབ་བུ་ཚོའི་དོན་ལྔ་སྣོད་དྲུག་ཏུ་འགྱུར་ངེས།

ང་རང་སློབ་གྲྭའི་ཁོར་ཡུག་ན་ཡོད། སློབ་གྲྭའི་སློབ་མར་བལྟ་བའི་མིའི་རྫི་དཀྱུས་མ་ཞིག་ཡིན། སློབ་གྲྭའི་ཁོར་ཡུག་ནི་སྐབས་འགར་རིགས་ཀྱི་ལས་དབང་གླེང་སའི་གཡུལ་འགྱེད་ཆེན་མོའི་འཐབ་ར་ཞིག་ཏུ་འགྱུར་གྱིན་ཡོད་ལ། སྐབས་ལར་དགའ་ཞིང་སྤྲོ་བཞིན་ཤེས་རབ་ཀྱི་བློ་མིག་ཁོ་ན་འཚོལ་སའི་སྡིངས་ཆ་སྐྱིད་པོ་ཞིག་ཏུ་འགྱུར་གྱིན་ཡོད། འདི་ནི་ཤེས་རབ་ཀྱི་འཕོ་འགྱུར་ཡིན། འདི་ནི་སློབ་གསོ་འགྲིག་མིན་གྱི་ཁ་ཕྱོགས་ཡིན།

ནམ་རྒྱུན་རེ་བའི་འོད་སྣང་ལྟ་བུའི་ཞོགས་པའི་དུས་ཀྱི་དཔེ་ཀློག་དང་སྐྱོར་སྦྱོང་། བློ་འཛིན། འགུལ་སྐྱོད་གང་ལེགས་བྱེད་པ་ནི། དགེ་སློབ་ཡོངས་ཀྱི་ཉིན་གཅིག་གི་སེམས་ལུས་རླུང་གསུམ་གྱི་རླུང་གི་སྦྱོང་བ་ཐོག་མ་དང་། ཞོགས་པར་དབུགས་ཀྱི་འབྱིན་རྔུབ་ཤེད་ཀྱིས་བཏོན་པ་ཡིན་ཚེ། མཁའ་དབུགས་གསར་པས་རྣམ་རིག་གསལ་ཞིང་ལུས་སྟོབས་རྒྱས་པ། ཕོ་བའི་མེ་དྲོད་གསོ་ཞིང་འབྱུང་ཁམས་སྙོམས་སྒྲིག་བྱེད་ཐུབ་པ་སོགས། མདོར་ན་ཞོགས་པའི་བློ་འཛིན་ནི་ལུས་སེམས་གསོ་བའི་བདུད་རྩི་ཆིག་ཐུབ་ལྟ་བུ་ཡིན་ཞེས་བཤད་ཆོག།

དེ་བས་བདག་གི་ཐོང་འོག་དམར་པོའི་བྲང་ནས་འཕྱུར་བའི་སེམས་གཏམ་འདི་མཐོང་མ་ཐག་དགའ་སྐྱོ་ཆགས་སྡང་གི་ཚོར་བར་འཐབ་པའི་མངར་སྐྱུར་ཁ་གསུམ་འདྲེས་མའི་རོལ་མྱོང་ཞིག་ཡོད་རུང་། འདི་ནི་སོར་སྐྱེས་ཕལ་བ་ཞིག་གི་སེམས་གཏམ་དྲོན་མོ་རུམ་ཁ་ནས་བྱོ་བ་ཡིན་པས། འཚོལ་སྙེག་ངོ་མ་དེ་ནི་ཚང་མ་ཆེས་མཁོ་ཞིང་འདོད་པའི་སེམས་སྐྱིད་ཅིང་ལུས་བདེ་དགོས་པ་དེ་ཡིན་སྟབས། ག་ལེར་སེམས་ཁམས་སྙོམ་སྒྲིག་གི་གོམས་གཤིས་ཡག་པོ་ཞིག་ཆགས་སུ་བཅུག་ནས་ལུས་སེམས་གཉིས་པོ་ཞི་བར་འཇགས་ཅི་ཐུབ་བྱས་ནས་ལྷོད་ལྷོད་ངང་འདང་རེ་རྒྱག་རྒྱུ་དེ་ཡིན་པ་ལས། ཆགས་སྡང་གི་ཚིག་འཛེར་རབ་ཏུ་འཕེལ་ཞིང་རྒྱས་ནས་རང་ཚུགས་ཀྱང་མི་ཐུབ་པ་ཞིག་མི་གནང་བར་ཡང་ཡང་ཞུ།

དམིགས་ཀྱིས་སྤྱི་ཚོགས་ཡར་རྒྱས་སུ་སྐྱོད་བཞིན་པའི་སྒང་འདིར། བོད་མི་རིགས་ཀྱང་དེ་དེ་བཞིན་འཕེལ་རྒྱས་ཀྱི་ཕྱོགས་སུ་མདུན་སྐྱོད་བྱེད་པ་ནི་དགའ་འོས་ལ། ཞོར་ནས་རང་མི་རིགས་ལ་ཆེས་ཐག་ཉེ་ཞིང་ཆེས་མཁོ་གལ་ཆེ་བའི་བཟའ་བཏུང་བཅའ་གསུམ་སོགས་ཀྱང་འཇིག་ཉེན་ཡོད་པའི་དེང་སྐབས། གཡང་ཉི་མའི་འབྲོག་སྡེ་གྲོང་ལ་ཡོང་། ལོ་སྙེ་མའི་ཞིང་པ་སྲང་ལ་ཐོན་དུས། གང་ཡིན་ཅི་ཡིན་མེད་པར་གཞན་གྱི་ལག་གཡོག་རྐང་གཡོག་ཏུ་འདུར་དགོས་པའི་ཕུ་ནུ་མིང་སྲིང་མང་པོ་ཞིག། རུས་བོད་ཡིན་རུང་ཤ་གཞན་ལ་འགྱུར། སེམས་བོད་ཡིན་རུང་ལུས་རང་ལ་མི་དབང་བའི་ལས་རིགས་ལ་འཚང་ཁ་མི་རྒྱག་པར། རང་ཁ་རང་རང་གིས་གསོ་བའི་འདས་པའི་ལོ་རྒྱུས་ལ་ཕྱི་མིག་ཅིག་ལྟོས་དང་། ཕ་ས་སྨུག་པོའི་ཕ་ཤུལ་ན་རྣམ་ཤེས་མང་པོའི་འབོད་སྐུལ་ཡོད་ལ། ཞིང་ས་ནས་འབྲུ་སྔོན་མོའི་རོང་ས་ན་ཕུ་ནུ་སྟོང་གི་འཚོ་བ་ཡོད། ཕྱིར་ལ་ཤོག་དང་། སེམས་ཀྱི་དྲོད་མལ་འཁྱིལ་སའི་ཕ་ཡུལ་ན། རི་ཆུ་ནགས་གསུམ་དང་རྟ་ནོར་ལུག་གསུམ་གྱིས་ཕུན་ཚོགས་ཀྱི་ཕྱྭ་གཡང་སྒྲོག་གིན། ཕུ་ནུ་མིང་སྲིང་ཚོར་ཁ་མིན་སེམས་ཀྱིས་སྙིང་གཏམ་བཤད་ཀྱིན་འདུག།

འདི་ལྟར་བསྐྱོད་ཅིང་སྙེག་པའི་རེ་བ་ནི། སློབ་མ་སུ་ཞིག་འུར་ཆེ་བ་དང་གང་ལ་ཤེད་ཆེ་བ། གཟུགས་རིང་ཐུང་དང་གོན་པ་བཟང་མིན། ལུས་མཛེས་མིན་དང་ཕྱིའི་ངོ་གདོང་ཡག་མིན་ཞིག་གཞི་ནས་མིན་པར། ཉིན་གཅིག་ལ་དགེ་རྒན་ཞེས་པའི་མིང་བྱང་ཙམ་གཉོར་ཐུབ་པ་དང་འཛིན་ཤེས་པ་ཞིག་ཡིན་ན། སློབ་མ་ཚོར་སེམས་ཁམས་ལྷོད་པོ་ངང་བདེ་ཞིང་ཐང་བར་སྦྱར་རྒྱུ་དང་། སྐབས་ལར་འགུལ་སྐྱོད་གང་རུང་གིས་ཕོ་མོ་ལ་དབྱེ་འབྱེད་མེད་པར་ཁོ་ཚོའི་དགའ་ཁ་འཁྱེར་ཕྱོགས་ལྟར་རིག་ཚན་དང་ལུས་རྩལ་གང་རུང་རེ་དགོད་སྒྲ་སློང་ཕྱིར་རྩེད་མོ་རེ་རྩེ་རུ་འཇུག་རྒྱུ། སྐབས་གང་ཞིག་དང་ལྷག་པར་དུ་སློབ་ཐུན་སོ་སོའི་སྐབས་སློབ་བུ་ཚོའི་ངོ་གདོང་ནས་བཅོས་མིན་གྱི་སྤྲོ་སེམས་དང་ཟོལ་མེད་ཀྱི་དགའ་འཛུམ་རྒྱས་སུ་འཇུག་ཅི་ཐུབ་བྱ་དགོས་པ་དེ་རེད། འདི་ནི་སློབ་གསོའི་ཐབས་ལམ་འགྲིག་མིན་དང་ཁ་ཕྱོགས་བཟང་ནི་ཁ་མཁས་ཤིང་ལྕེ་བདེ་མིན་ཁོ་ན་མིན་པར། སྣེ་ཁྲིད་པར་ཧུར་བརྩོན་གྱིས་ཉམས་མྱོང་གསོག་འཇོག་དང་། ལྷག་བསམ་དག་པའི་སྙིང་སྟོབས་ལྡན་མིན་ལ་རག་དགོས་པ་ལས་ཁ་བཤད་ཙམ་གྱིས་ཡོང་དཀའ།

གཉོམ་དུང་དུང་གིས་ཅི་ཞིག་ལེན་འདོད་པ་དང་གང་ཞིག་ཐོབ་འདོད་པའི་ངང་། མིག་མདུན་ན་མིག་ཅེར་ཅེར་དང་རྣ་ཀེར་ཀེར་གྱིས་ཉན་ཡོད་པ་ནི་མ་འོངས་པའི་ལས་དབང་འཁེན་ས་དང་། བདེ་སྡུག་བཅོལ་སའི་ད་ཆའི་མི་རབས་དང་ཤེས་རིག་གི་ཞིང་སར་འགྲིམ་བཞིན་པའི་སློབ་བུ་འདི་ཚོ་ལས་གཞན་ཅི། དེ་བས་ང་ཚོས་ཆེན་པོ་ཞིག་སྦྱིན་མི་ཐུབ་རུང་ཁོང་ཚོའི་འབྱུང་ཁམས་ཀྱི་འཕྲོད་བསྟེན་ལ་གཟབ་ནན་དང་གཟུགས་གཞི་བདེ་ཐང་ལ་བསམ་གཞིགས་རྣལ་མ་རེ་བྱས་ཏེ། མ་མཐའ་ཡང་རང་གི་ཁ་མིག་ལག་གསུམ་གྱིས་རིགས་མཐུན་ཚོར་ཀུན་སྤྱོད་བཟང་བོ་རེ་དང་། མིག་དཔེ་ཡག་པོ་རེ་ཁ་མིན་སེམས་ཀྱིས་འབད་འབད་དུང་དུང་བྱེད་དགོས་པ་རེད།

བདག་ལ་མཚོན་ན་ད་སྔ་རང་གི་སྐད་ཡིག་དང་ལས་རིགས་འདིར་ཤི་འཐབ་རོ་འཐབ་ཀྱིས་རང་ཁ་གསོ་ཐུབ་པའི་མི་བུ་དཀྱུས་མ་ཞིག་ཡིན་སྟབས། ཕྱི་མིག་གི་འཁྲེང་སེམས་མོད་པོ་ཞིག་གིས་བཞུད་ལམ་ནས་རང་ལ་དབང་བའི་ཁ་ལག་གཉིས་བདག་ཡག་པོ་ཞིག་རྒྱག་ཐུབ་པ་ཡིན་ན། གཞི་ནས་ཕ་ས་གོར་མོའི་ཕ་སྐད་མ་ཡིག་དང་རང་སྐད་རང་ཡིག་ལ་རྒྱུད་འཛིན་ཐུབ་པ་ཤེས་དགོས། དེ་བཞིན་དགེ་རྒན་ཞིག་ཡིན་པའི་ཆ་ནས་རྟབ་རྟབ་པོར་དང་བློ་བློང་པོར་ངང་ཉི་མ་འཁྱོལ་ཐབས་དང་ཐང་མ་བརྡལ་ཐབས་ཀྱིས་གླ་ཕོག་ཁོ་ནར་དམིགས་ཏེ་ཉི་ཚེ་བའི་འཚོ་སྟངས་བྱེད་པ་ནི། དེ་ནི་གཞི་ནས་དགེ་རྒན་གྱི་མིང་དོན་ཕར་བཞག་མིའི་དོན་གོ་ཙམ་ཞིག་མི་ཡོང་བས། དེ་འདྲའི་རིགས་ནི་བློ་ཕམ་ཞིང་ངོ་གནོང་དགོས་པའི་རིགས་ཡིན་པར་མ་ཟད། མི་རབས་འདིའི་ཡ་ང་བའི་ལོ་རྒྱུས་ཀྱི་ནག་ཉེས་ཅན་དུ་བརྩི་རིགས།

སུ་དང་གང་ཞིག་བྱིས་པའི་ཕ་མ་རུ་གྱུར་དང་འགྱུར་བཞིན་པའི་ཕུ་ནུ་བྱེ་བའི་མིང་སྲིང་ཞིག་ཡིན་པའི་ཆ་དང་། རང་གི་ཤ་ཁྲག་ལས་ཆད་པའི་བུ་ཕྲུག་གམ་བུ་རབས་ཚ་རྒྱུད་ཀྱི་མདུན་ལམ་དེ་གང་དྲན་དྲན་ངང་རང་སོར་མི་འཇོག་པར། མ་རིག་ན་སྒང་ལ་བུད།།མ་ཤེས་ན་རྒན་ལ་ཕྲིས།།ཞེས་གསུངས་པ་ལྟར་ཡང་དག་པའི་འགྲོ་འདུག་དང་ལབ་གླེང་གི་ཁ་བརྡའི་སློབ་གསོ་སོགས། དུས་རབས་དང་མི་རབས་ཀྱི་དགོས་མཁོ་ཀུན་དང་མཐུན་པ་ཞིག་ལྡན་དགོས་པར་མ་ཟད། རང་རིགས་ཀྱི་འོད་མ་ཡལ་ཞིང་རིག་གནས་ཀྱི་མདངས་མ་ཤོར་པའི་ཤེས་རིག་གི་ལྡིང་ཁང་ཡང་དག་ཅིག་ལ་བསྐྱལ་རྒྱུ་མ་བརྗེད་རོགས། འདི་ནི་བདག་གི་དོན་དངོས་ཀྱི་སེམས་གཏམ་ཞིག་ལས་གང་དྲན་གྱི་ཆིག་ལབ་མིན།

༡༠

ངེད་ཅག་ཚོ་ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་མ་ཐོབ་པར། སློབ་དཔོན་ཞེས་པའི་མཚན་ཙམ་ལ་དད་ཅིང་གུས་པའི་སློབ་གཉེར་བ་རྐྱང་རྐྱང་ཡིན་པའི་སྟབས་ཀྱིས། ཆེས་མ་མཐའ་ཡང་རང་གི་ལྟོ་རྒྱབ་ལ་བསྲིངས་པའི་ཟླ་ཕོགས་སམ་དཀོར་གྱི་གླ་ཆ་དེར་ཨུ་ཚུགས་བརྒྱབ་ནས་རང་གར་མ་བསྡད་པར། དེ་བས་ཀྱང་ཡར་ལོག་ནས་དཀོར་རྫས་ཟ་བ་ལས་མར་ལོག་ནས་འཇིག་རྟེན་སྐྱོངས། ཞེས་པའི་དཔེ་ལས་མ་འདས་པར། ཆོས་ཉམས་སུ་བླངས་ཏེ་དབེན་པར་འགྲོ་མི་ཐུབ་རུང་། ཁ་ནང་འཁོར་གྱིས་ནང་མིའི་རིགས་ལ་ཅིས་ཀྱང་རང་གི་མདུན་ན་མིག་ཆུང་གཉིས་ཁྲ་ཆིལ་ལེར་རང་གི་གདོང་ལ་ཅེར་བའི་སློབ་བུ་ཚོའི་བསམ་བློའི་འཁྱེར་ཕྱོགས་དེ་ཡང་དག་ཡིན་མིན་ལ་སེམས་ཀྱིས་འཚོ་དགོས་ཤིང་མིག་གིས་ནམ་ཡང་འབོར་མི་ཉན། འདི་ནི་དགེ་རྒན་བཀའ་དྲིན་ཅན་ཚོས་གནང་བའི་བྱིན་མཐུ་ཁོ་ནས། རང་ཉིད་ཟོག་གི་གོང་མ་དང་མིའི་ཞོལ་མར་འདུག་ཏུ་མ་བཅུག་པར་མིའི་དོན་གོ་བར་ལམ་སྟོན་མཛད་པའི་ནོར་བུ་དང་ཤེས་རབ་ཀྱི་བྱམས་བརྩེ་ཡིན།

༡༡

མིར་སྐྱེས་པ་ནས་བཟུང་རང་གི་བློ་གྲོས་ལ་བསྟེན་ཏེ། འབྱུང་འགྱུར་གྱི་ལས་དབང་ལ་གཞིགས་ཤེས་པའི་མི་ཞིག་ཡིན་པའི་ཆ་ནས། འཚོ་བའི་བདེ་སྡུག་གི་ཁ་ཕྱོགས་ནི། རང་ལས་ལྷག་པའི་བོད་མི་ཚད་ལྡན་ཞིག་དང་རང་ལས་སྟོབས་ཆེ་ཞིང་སྙིང་རུས་ཡོད་པའི་བོད་ཕྲུག་རྣལ་མ་ཞིག་ཡོང་བར་འབད་པ་ལྷོད་མེད་བྱ་ན། བྱིས་པའི་གདོང་ལ་བལྟས་ནས་ངའི་གཅེས་ཕྲུག་ངའི་ཕ་བཟང་བུ་ཟེར་ནས་མི་བསྐྱུར་པར། གཞན་གྱི་རྗེས་འབྲངས་ཁོ་ན་མི་བྱེད་པར་ཕྱིར་འཁོར་ནས་རང་རིགས་ཀྱི་སྲིད་འབྱོར་རིག་གསུམ་ཐད། སྙིང་རུས་བསྐྱེད་ཅིང་བློ་སྤོབས་ཀྱིས་ཁེངས་ནས་རང་གི་ཕ་སྐད་གཙང་ཞིང་མ་ཡིག་དག་པའི་ཁོར་ཡུག་ཅིག་ཅིས་ཀྱང་མཁོ་སྤྲོད་བྱ་དགོས། འདི་ནི་འཚོ་བའི་སྙིང་བཅུད་དང་འབྱུང་འགྱུར་མ་འོངས་པའི་འོད་ཀྱི་ལམ་ཆེན་ཡིན།

༡༢

ང་རང་བཅོས་མིན་གྱི་ཐུགས་སེམས་དཀར་ཞིང་ཟོལ་མེད་ཀྱི་ལྷག་བསམ་ཡོད་པར་སྨོན་པ་འཆོར་བའི་བོད་པ་ཞིག་ཡིན་པའི་སྟབས་ཀྱིས། སློབ་བུ་ཚོའི་སྣེ་ཁྲིད་པའམ་མདུན་ནས་ཡར་ལངས་དགོས་པའི་འགན་འཁྲི་ལྕི་མོ་ཞིག་ཡོད་པའི་རྐྱེན་གྱིས། རང་གི་ཐོབ་ཐང་རྡོག་བརྫིས་སུ་མི་བཏང་བར་དོན་གོ་ཡོད་པའི་ལམ་ཁ་ཞིག་ལས། ལས་ཆོད་མ་ལྡན་ན་མིང་སྟོང་ཙམ་ལས་ཅི་ཡང་མིན་པས། རང་འགན་རང་གིས་འཁུར་ཞིང་རང་ལམ་རང་གིས་འཚོལ་ཞིང་སྙེག་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་གི་ལས་ལ་ཅིས་ཀྱང་འབད་འབུངས་བྱ་དགོས་པ་ནི། ངའི་ལས་སུ་བྱ་བ་གཙོ་བོ་དང་། ངའི་ཕུགས་བསམ་གྱི་རེ་སྙེག་ངོ་མ་ཡིན།

༡༣

ང་རང་ཚོ་རླབས་ཆེ་བའི་བྱམས་བརྩེ་བདག་མོ་ལྟ་བུའི་ཨ་མ་ཞིག་ཡིན་པའི་དབང་དུ་བཏང་ན། ཁྱེད་རང་ལས་ལྷག་པའི་བྱམས་བརྩེ་ལས་བསྐྱེད་པའི་མི་བྱང་སེམས་ཆེ་ཞིང་འཇོན་ནུས་ཅན་གྱི་བྱིས་པ་རེ་གསོ་སྐྱོང་བྱ་བར་འདོད་ན། སྤྱི་ཚོགས་གང་དུ་སོང་ཡང་ཀུན་གྱིས་མིག་དཔེ་བལྟ་སའི་ལས་རིགས་ཤིག་འདོན་སྤེལ་བྱ་དགོས་པ་ལས། ཤ་ཚ་བའི་གཅེས་ཕྲུག། སྙིང་ཉེ་བའི་གཅེས་བུ་ངས་ཁྱོད་དྲན་གྱིན་ཟེར་ནས། སྟབས་བདེ་ཞིང་ཐག་ཉེ་བའི་སློབ་གྲྭ་ཞིག་དང་། ཆེས་ལེགས་པའི་ཁ་པར་ཞིག་ཁོ་ལ་བྱིན་ནས་བཟུང་། གཅེས་མ་ཤེས་གཅེས་ཕྲུག་གཅེར་བུ་ཕུད། འགྲོ་མ་ཤེས་གོམ་སྣེ་རྡོ་ལ་ཐོགས་པའི་དཔེ་ལས་མ་འདས་པས། དེ་ནི་བྱིས་པའི་མདུན་ལམ་དང་མི་ཚེ་བརླག་པར་ཆེས་བཟང་བའི་མ་རིག་པའི་རྨོངས་པ་ཁོ་ན་ཡིན།

༡༤

ང་རང་མི་ཚེ་གང་པོར་སློབ་མའི་མིང་ཙམ་གཉོར་བའི་ལས་འཛིན་པ་ཞིག་ཡིན་པའི་སྟབས་ཀྱིས། རང་གི་ཁེ་དབང་སྲུང་བའམ་འོས་འགན་ཡོད་སའི་ལས་རིགས་སྤྱིར་བཏང་བ་ཞིག་མིན་སྟབས། བཟང་ན་རླབས་ཆེ་ཞིང་ངན་ན་ཆེས་ནག་ཉེས་ཆེ་བར་བརྩི་བས། ངས་ཀྱང་རང་གི་འཇོན་ཚོད་ཀྱིས་རིས་པ་མེད་པར་མ་མཐའ་ཡང་དཔེ་ཀློག་ཐན་ཐུན་ལ་དགའ་བའི་ཤེས་བྱའི་བུམ་ཆུ་རེ་བྱོ་བ་སློབ་བུ་ཚོས་ལོངས་སུ་སྤྱོད་ཐུབ་སོང་བ་ཡིན་ན། དེ་ནི་བདག་གི་མི་ཚེ་འདིའི་ཆེས་མཛེས་སྡུག་དང་དགའ་བ། སློབ་གྲྭའི་ཁོར་ཡུག་གི་གཏན་གྱི་བདེ་བར་བསྲིངས་པའི་མི་ཚེའི་འཚོ་རོགས་ཡིན།

༡༥

འུ་ཚང་ཤེས་ལྡན་མི་སྣའི་ཁ་ཕྱོགས་གཙོར་འཛིན་དགོས་ས་ནི། བྱིས་པའི་ཁྱིམ་བདག་དང་སློབ་གྲྭ་དགེ་རྒན་གསུམ་ལ་ཅིས་ཀྱང་འབྲེལ་ཐོགས་ཡོད་པས། འདི་རིགས་གསུམ་གྱི་རང་གི་ཁ་ལག་གཉིས་པོ་བདག་ཡག་པོ་རེར་བརྒྱབ་སྟེ། ཆེས་མ་མཐའ་ཡང་བྱིས་པ་ཚོར་བོད་སྐད་མི་འདོར་ཞིང་བོད་ལྭ་མི་གཡུགས་བའི་ཤེས་རྟོགས་འགྲན་རྩོད་ཀྱི་རིག་པ་འབར་སའི་སློབ་གླིང་ཞིག་གི་ཐེམ་སྐས་ལ་བརྫངས་དགོས་པ་ནི། ཁྱེད་ཀྱི་མ་འོངས་པ་དང་ཁྱིམ་ཚང་གི་སྐྱིད་སྡུག། བུ་རབས་ཚ་རྒྱུད་ཚོའི་ལས་དབང་གི་འདས་མ་ད་གསུམ་ཡིན། འདི་ནི་རྟབ་རྟབ་པོ་མི་བྱེད་པར་གློད་གློད་པོར་བྱས་ནས་ཅིས་ཀྱང་གོ་རྟོགས་རེ་སད་པར་གྱིས།

༡༦

འདི་ནི་ཁྱེད་དང་ང་ཚོའི་རེ་འདུན་དང་དམིགས་ཡུལ་ཡིན་པར་མ་ཟད། བྱིས་པ་ཚོའི་མ་འོངས་པའི་འཚོ་བའི་ལས་དབང་གི་ཁ་ཕྱོགས་ལ་འབྲེལ་ཡོད་པས། ང་ཚོ་ཚང་མ་བོད་པའི་མི་རིགས་དང་། བྱིས་པའི་མ་འོངས་པར་སེམས་ཁྲལ་བྱ་སྟངས་ཤིག་ཡིན་པའི་དབང་གིས། མི་རིགས་རྒྱུད་འཛིན་པ་ཁྱིམ་བདག་དང་། རིག་གནས་དར་སྤེལ་བ་བྱིས་པ། བྱིས་པའི་ལམ་སྟོན་པ་ཁྱིམ་བདག་དང་དགེ་རྒན་ལ་ཐུག་ཡོད་པ་སྨོས་མ་དགོས་ལ། ཁྱིམ་བདག་གིས་དགེ་རྒན་ལ་བཀུར། དགེ་རྒན་གྱིས་ཁྱིམ་བདག་ལ་བརྩིས། གཉིས་ཀས་བརྩེ་བས་སྦྱོར་བ་དེ་རང་གི་རིག་གནས་ཡང་དག་པར་རྒྱུད་འཛིན་དར་སྤེལ་བྱེད་མཁན་གྱི་སློབ་བུ་ཚོར་གདོང་གཏོད་པ་ནི། རང་རིགས་ཀྱི་ལ་རྒྱ་དང་རྒྱལ་ཁབ་ཀྱི་གཟི་བརྗིད་ཡིན་པ་ཤེས་དགོས་པ་དེའོ། །




  • ལེ་ཚན་སྔོན་མ།:ཨ་མའི་རྒྱབ་གཟུགས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།