བཟོད་སྒོམ་ནི་རྨད་བྱུང་གི་སེམས་བསྐྱེད་ཅིག་རེད།

ཞོ་ར་བསམ་འགྲུབ་རྒྱལ།        2022-01-04

ལན་རེར། རང་ཅག་འཚོ་བའི་ཁྲོད་ཀྱི་ལེགས་ཉེས་ཅི་རིགས་པའི་བྱ་བ་སྣ་ཚོགས་ཀྱིས་བརྡབ་གསིག་གཏོང་ཞིང་། དེ་བཞིན་མངོན་ལྐོག་གང་རུང་གི་དོན་ཅི་ཞིག་ཡིན་རུང་སྙིང་ནས་བཟོད་སྒོམ་བྱ་སྟངས་འདི་ཡང་། མཐར་གཏུགས་ན། མི་སེམས་ཀྱི་གཉུག་གཤིས་ཡུན་དུ་སྲིང་བའམ་ལྷིང་འཇགས་ཀྱི་ཁོར་ཡུག་ཅིག་ལ་ནན་གྱིས་མགོ་བོ་བསྒྲེ་སྟངས་ཤིག་ཅི་ལ་མིན།

ནམ་ཞིག་མི་སེམས་བསྒུལ་པའི་རང་རྒྱུད་ཀྱི་བཟོད་སྒོམ་དུས་ཀྱི་ཆར་རླུང་གིས་རྨེག་མེད་བརླག་པར་གྱུར་ན། སུས་ཀྱང་བྱུང་རྒྱལ་དང་ཉེ་བར་འགྲོགས་པའི་ཁྱེད་ཀྱི་གཏམ་སྤྱོད་ལ་རེ་ཞིག་གུ་ཡངས་གཏོང་མི་སྲིད་ཅིང་། ལོ་ཟླ་མང་པོ་ཞིག་དེ་ལྟར་གཙང་པོའི་རྒྱུན་དང་བསྡོངས་ནས་བཞུད་དུས། དེ་སྔར་རང་ལ་གློ་བ་ཉེ་བའི་ནང་མི་དག་ཀྱང་རང་དང་རྒྱང་བཀྱེད་ངེས་པ་ནི་ཆོས་ཉིད་རེད། དེའི་རྐྱེན་པས། འཇིག་རྟེན་གྱི་དོན་བྱ་ཆེ་ཕྲ་ཆུང་གསུམ་གང་ལ་ཡང་བཟོད་སྒོམ་གནོངས་དང་།ཡང་གཅིག་བཤད་ན།བཟོད་སྒོམ་ནི་འཛམ་གླིང་ཧྲིལ་བོ་ཡོམ་ཡོམ་བསྒུལ་ཐུབ་པའི་སྟོབས་ཤུགས་རིགས་ཤིག་ཡིན་ཡང་སྲིད།བཟོད་སྒོམ་གྱིས་ཁྱེད་རང་ལམ་ལྷོང་དང་རྒྱལ་ཁའི་དཔང་རྟགས་གཡོ་བའི་གླིང་ཕྲན་དུ་བསྐྱོད་པར་རམ་འདེགས་བྱེད་ལ། ཡང་གཅིག་བཤད་ན། རང་ཅག་འཚོ་གནས་ཀྱི་ས་གཞི་དང་ནམ་མཁའ་འདི་ཡང་མཐའ་མེད་པ་ཞིག་ཡེ་ནས་མིན་པར། བཟོད་སྒོམ་གྱི་ཟེར་མ་སྟོང་ཕྲག་དང་མཉམ་དུ་འཕྲོ་བའི་མི་སེམས་ནི་རྒྱ་ཆེ་ཞིང་ཁོད་ཡངས་པ་འབའ་ཞིག་གོ།

གང་ལྟར། སོས་དལ་ངང་སྡོད་དབང་ཨེན་ཙམ་ཡང་དབེན་པའི་སྤྱི་ཚོགས་ཀྱི་གནས་སྟངས་འདིའི་ཁྲོད། ཁོར་ཡུག་གམ་བྱ་དངོས་གང་རུང་གི་རྐྱེན་པས་ཡིན་ནམ། མི་དང་མིའི་འབྲེལ་གཏུགས་ཀྱི་ཟམ་པ་ནི་སྣེ་མང་རྙོག་འཛིངས་ཀྱིས་ཡོངས་སུ་ཁེངས་བཞག། ལན་རེར་ཕ་རོལ་བའི་གཏམ་སྤྱོད་སྣ་ཚོགས་ལ་རྐྱེན་བྱས་ཏེ་རང་ཉིད་ཀྱི་ཆགས་སྡང་ལ་བདག་པོ་རྒྱག་གི་མི་འདུག། དེ་བས་བཟོད་སྒོམ་གྱི་དྲི་མི་བྲོ་བའི་ཁོར་ཡུག་ནི་འཇིགས་ཡེར་གྱི་གཡུལ་སའི་དཔེ་རུ་ངོས་འཛིན་དགོས་པ་འདྲ་ལ། བཟོད་སྒོམ་གྱི་སེམས་བསྐྱེད་ཡེ་ནས་མི་མངའ་བའི་མི་ནི་རིག་གནས་ཀྱི་ཤིན་སྦྱངས་མ་འཐོབ་པའི་མངོན་སྟངས་ཤ་སྟག་ཏུ་བལྟ་དགོས་པ་འདྲ། ཡང་ན། བཟོད་སྒོམ་ཐེངས་གཅིག་གིས་འགྲོ་བ་མིའི་གཏམ་སྤྱོད་དང་སེམས་ཁམས་ཧྲིལ་བོར་ཁ་ལོ་བསྒྱུར་ནུས་ཤིང་། འཇིག་རྟེན་ཧྲིལ་བོ་བདེན་པ་དང་འོད་སྣང་ལ་ཕྱོགས་ཐུབ་པའི་སྒེའུ་ཁུང་ཞིག་ཡངས་པོར་ཕྱེས་པ་དང་ཅིས་མ་མཚུངས།


  • ལེ་ཚན་སྔོན་མ།:སྟེས་དབང་གི་མི།
  • ལེ་ཚན་རྗེས་མ།:ཆང་ནི་ཅི་ཞིག་ཡིན།