མ་ཡུམ་སློབ་གྲྭ།

ཨཱ་འཕགས་ལྷ་མོ།        2022-01-05

ངའི་བསམ་པའི་དྲན་ངོགས་སུ་མ་ཡུམ་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་ནི་ཇ་དར་རྩེ་མདོ་གཡག་རྭ་ལུང་པར་ཆགས་ཡོད། སློབ་གླིང་དེ་ནི་དྲོད་ཁོལ་ལྡན་ལ་དགེ་སློབ་བར་བྱམས་དང་བརྩེ་བས་ཁེངས་ཡོད། པདྨ་ལྡུམ་རའི་དགེ་སློབ་རྣམས་ནི་ཕ་སྐད་མ་ཡིག་གི་རྒྱུད་འཛིན་ཏག་ཏག་ཡིན་པར་མ་ཟད་ཕ་སྐད་མ་ཡིག་ལ་རབ་ཏུ་དུངས། སློབ་གྲྭའི་ཕྱོགས་བཞི་མཚམས་བརྒྱད་ཀྱི་ཁོར་ཡུག་དང་སློབ་གྲོགས་རྣམས་ཀྱི་གར་གྱི་ཉམས་སྟབས་ལ་སོགས་ངའི་མིག་སྔར་འཆར་ཐེངས་གང་མང་ཞིག་བྱས་སོང་། ལོ་ཟླའི་རླུང་འཚུབ་དང་དུས་ཀྱི་ཧེ་བག་གིས་གཡོལ་མི་ཐུབ། མཛེས་ཤིང་ལྟ་ན་སྡུག་པའི་མ་ཡུམ་སློབ་གྲྭ་རབ་ཏུ་མཆོག།

དེ་རིང་བཀྲ་ཤིས་དོན་འགྲུབ་པའི་ཉིན་མོ་འདིར།མ་ཡུམ་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་བཙུགས་ནས་ལོ་ངོ་བཞི་བཅུ་འཁོར་བའི་དགའ་སྟོན་དུས་ཆེན་རོལ་བའི་བརྙན་གང་མང་ཞིག་དྲྭ་རྒྱབ་སོ་སོ་ལས་རིག་བྱུང་། སེམས་ནང་དགའ་བ་དཔེ་མེད་བསྐྱེད་དེ་གསོལ་འདེབས་ཡང་ཡང་བྱས།མ་ཡུམ་སློབ་གྲྭ་ཁྲི་ལོ་བརྟན་པར་ཤོག་ཅེས་གསོལ་འདེབས་གང་མང་བྱས།དེ་མ་ཟད་དགེ་བའི་བཤེས་གཉེན་མང་པོའི་འདྲ་པར་འཁྱུག་དབྱིངས་དང་ཐད་གཏོང་འགའ་ལས་རིག་བྱུང་། ཁོ་ཚོའི་རྣམ་དག་གི་བརྩེ་བ་དང་དྭངས་གཙང་གི་སེམས་པ།སློབ་བུ་རྣམས་ལ་བཅངས་བའི་བརྩེ་སེམས་དང་དུང་སེམས་ཀྱི་མིག་ཟུང་དེ་དག་རབ་ཏུ་གསལ། སློབ་གྲོགས་ཚོའི་ལྡེམ་མྱུར་གར་གྱི་སྟངས་སྟབས་ཤིན་ཏུ་ཡག། ཁོ་ཚོའི་བཅོས་མིན་གྱི་འཛུམ་ཞིག་མངོན་ནས་སྤྱི་ཡོངས་ལ་ཁ་བརྡ་བྱེད་བཞིན་འདུག། ཁོ་ཚོ་ནི་རྒྱུན་འཛིན་དང་དར་སྤེལ་བྱེད་མཁན་ཏག་ཏག་ཡིན།དེའི་ཕྱིར་འཛམ་གླིང་ཀུན་ན་གནམ་གྲགས་ས་གྲགས་ཁྱབ་པའི་སི་བོད་སློབ་གྲྭའི་ཐིག་བདུན་ལོ་རིམ་ལྔ་པའི་སློབ་མ་ཨ་ནུ་རིང་ལུགས་ཀྱིས་མ་ཡུམ་སློབ་གྲྭ་ལ་ཕུལ་བའི་ལེགས་སྐྱེས་དང་ཆབས་ཅིག་ཏུ་མ་འོངས་པར་གཞོན་ནུ་རྣམས་ཀྱིས་རང་རང་གི་དགའ་ཕྱོགས་དང་ཕུགས་བསམ་གྱི་ཆེད་དུ་མདུན་དུ་བསྐྱོད།རང་གི་རྣམ་ཤེས་ངོ་མ་དེ་དང་ཆེས་ཐོག་མའི་རྨི་ལམ་དེའི་ཆེད་དུ་འཕུར། འཕུར་དང་ཁྱེད་ལ་རྒྱལ་ཁ་ཐོབ་ངེས། གལ་སྲིད་མ་འཕུར་ན་རེ་བ་དང་མི་ཚེ་ཚར་རྒྱུ་རེད་ཅེས་དབྱངས་སྙན་མོ་ངག་གི་འགྱུར་ཁུགས་ངང་སློབ་གྲོགས་རྣམས་ཀྱི་རྣ་བའི་བུ་གར་དུ་བརྒྱུད་སོང་། ད་དུང་མ་ཡུམ་སློབ་གླིང་ནས་མཐར་ཕྱིན་པའི་བོད་ཀྱི་གླུ་མ་སྒྲོན་པེས་གླུ་སྐད་སེང་སེང་ངང་སློབ་གླུ་སྙན་མོ་ཞིག་ལེན་སྐབས་དགེ་སློབ་ཡོངས་ཡར་ལ་ལོངས་ནས་མ་བགྲོས་གཅིག་མཐུན་ངང་ལེན་སོང་། ངའང་ཁྱེད་ཅག་དང་མཉམ་དུ་སློབ་གླུ་མགོ་ནས་མཇུག་བར་ཐེངས་གཅིག་བླངས་ཟིན། ཁོ་མོའི་མིག་མདངས་ལས་མ་ཡུམ་ལ་བཅངས་བའི་བརྩེ་བ་དང་དགེ་བའི་བཤེས་གཉེན་གྱི་བཀའ་དྲིན། སློབ་གྲོགས་རྣམས་ལ་བྱམས་བརྩེའི་གཟི་འོད་འཕྲོས་འདུག། ངས་ཐད་གཏོང་བརྒྱུད་ནས་རྣམ་རིག་བཀྲ་བའི་མིག་ཟུང་དང་སྤོབས་པས་བཏེགས་པའི་མགོ་འཕང་གི་སློབ་གྲོགས་རྣམས་ཀྱིས་དཀའ་བ་ཁྱད་དུ་བསད། ངལ་བ་རྒྱབ་ཏུ་ཁུར་ནས་སྦྱངས་བའི་གྲུབ་འབྲས་གཡུར་དུ་ཟ་བ་དེ་ཚོ་གར་སྟེགས་ཐོག་ནས་མངོན་གསལ་དོད་པོ་ངང་མཐོང་བྱུང་། རང་ཉིད་ལས་ཀའི་དབང་གིས་མ་ཡུམ་སློབ་གྲྭའི་པང་དུ་མ་སླེབས་ཀྱང་ཐད་གཏོང་ལ་བལྟས་ནས་མ་ཡུམ་སློབ་གྲྭའི་འགྱུར་མེད་ཀྱི་དམ་ཚིག་བརྟན་པོ་དང་སྒུལ་དུ་མེད་པའི་ཆོད་སེམས་གཙང་མ།དགེ་སློབ་ཡོངས་ཀྱིས་བོད་ཀྱི་སྲོལ་རྒྱུན་རིག་གནས་ལ་མ་ཉམས་གོང་འཕེལ། ཉམས་པ་སླར་གསོ་བྱེད་འདོད་ཀྱི་དྭངས་གཙང་གི་མིག་ཟུང་དེ་དག་ཁྲ་རིལ་རིལ་ངང་ཕྱི་ཡུལ་ལ་ལྟ་བའི་སྐབས་དེར་ང་རང་ལ་དཔེ་མེད་ཀྱི་དྲོད་ཁུལ་ཆེན་པོ་ཞིག་གནང་སོང་། མིག་ཟུང་དེ་ལ་གསོན་ཉམས་ལྡན། སྟོབས་ཤུགས་རྒྱས་པ་སོགས་ཀྱི་ཚོར་བ་གང་མང་ཞིག་སྟེར་སོང་། མ་ཡུམ་ལགས། ཁྱེད་ཀྱི་བག་ཆགས་དེ་དག་དྲན་པའི་རྩིག་ལྡེབས་ངོས་སུ་རྡོ་བརྐོས་རི་མོ་ཇི་བཞིན་ཡལ་ཐབས་བྲལ། དཀའ་གནད་གང་ལ་འཕྲད་ཀྱང་གདོང་ལེན་གྱི་བློ་ཁོག་ཡོད་པ། བྱ་བ་ཆེ་ཆུང་གང་ཡིན་རུང་ཞིབ་ཚགས་ཆེ་ཞིང་གཟབ་ནན་གྱིས་འཇུག་པ། ཅི་ལ་ཡང་མགོ་མི་སྒུར་བའི་ཆོད་སེམས་ལྡན་ཞིང་པདྨའི་ལྡུམ་རའི་ཆེད་དུ་ནམ་ཡང་གོམ་ཁ་ལྷོད་མ་མྱོང་བའི་དགེ་བའི་བཤེས་གཉེན་རྣམས།ཁྱེད་ཅག་སྐུ་ཚེ་རིང་། ཁྱེད་ཚོ་ཡོད་པས་ཀ་མད་སུམ་ཅུ་ལ་འབད་འབུངས་བྱེད་བཞིན་པའི་སློབ་བུ་གང་མང་ཡོད། ཁྱེད་ཅག་གིས་གནངས་བའི་བསླབ་བྱ་རེ་རེ་སློབ་བུ་ང་ཚོའི་མི་ཚེ་ཡི་བདེ་སྐྱིད་དང་ལ་རྒྱར་བརྩིས་ཡོད། འཚོ་བཅུད་ཀྱི་ཟེའུ་འབྲུ་མངར་མོར་སྒོམ་ཡོད། ནམ་ཡང་བརྗེད་མི་སྲིད་པའི་དེད་དཔོན་ལགས། ངའི་སེམས་ཁོང་ན་ནམ་ཡང་ཟུམ་པ་མེད་པའི་སྒྲོན་མེ་རྐང་གཅིག། ཁྱེད་ཅག་གནས་པས་མ་ཡུམ་སློབ་གྲྭ་སྔར་ལས་དར་ཞིང་རྒྱས་ངེས།

མ་ཡུམ་ལགས། ཁྱེད་ནི་སྔར་གྱི་སྦྲ་གུར་སློབ་གྲྭ་ནས་དེང་གི་པདྨ་ལྡུམ་རའི་སློབ་གྲྭ་རུ་གྱུར། ཁྱེད་ནི་དེང་རབས་ན་གཞོན་གང་མང་ཞིག་གི་གཞིས་ཁྱིམ་དྲོད་མོ་ཡིན་ལ་སྐད་ཡིག་ལ་སྲོག་བཞིན་དུ་གཅེས། མིག་བཞིན་དུ་སྐྱོང་། སྙིང་བཞིན་དུ་སྲུང་པའི་རང་ཁྱིམ་དྲོད་མོ་དེ་ཡིན། ཁྱེད་རྟག་བརྟན་གྱི་ཀ་བ་བཞིན་གནས་དང་ང་ཚོ་ནི་ནམ་ཡང་ཁྱེད་ཀྱི་རྒྱབ་རྟེན་དུ་ལངས་ངེས།



  • ལེ་ཚན་སྔོན་མ།:སེམས་ཀྱི་རླབས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།