སེམས་ཀྱི་རླབས།

པདྨ་ལྷ་མཛེས།        2022-01-05

ལོ་དེར། སེམས་སུ་ཕུགས་འདུན་གྱི་འཇའ་ཚོན་ཉར་དེ་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ་རུ་ཐོན་ཞིང་། སྐད་གཉིས་ལོ་རྒྱུས་འཛིན་གྲྭ་ཟེར་བའི་ཁྱིམ་ཚང་ཞིག་གི་ཡ་གྱལ་དུ་གྱུར། རྟེན་འབྲེལ་གྱི་འབྲས་བུ་ཕན་ཚུན་དུ་འདི་ལྟར་སྨིན་པས། སྐྱིད་སྡུག་འདྲེས་མའི་ཁ་སང་གི་གཏམ་རྒྱུད་ནི་ལོ་ངོ་བཞིའི་རྗེས་ཀྱི་ང་དང་ཁྱོད་ཀྱི་སེམས་ཀྱི་གནས་ས་རུ་གྱུར།

མ་གཞི་སློབ་ཆེན་ཞེས་སྨྲས་ཚེ། ལང་ཚོ་ཟེར་བའི་ཐ་སྙད་དང་ཅིས་ཀྱང་འབྲེལ་དགོས་པ་འདྲ། ཕུགས་འདུན་གྱི་ཆེད་དུ་སྔ་ལངས་དང་འཕྱི་ཉལ། བརྩེ་བ་དྭངས་མ་ཞིག་གི་ཆེད་དུ་དགའ་སྐྱོ་དང་ཆགས་སྡང་། ད་དུང་། གནངས་བ་རེའི་སྐབས་ཀྱི་ཡུལ་སྐོར་དང་རྒྱང་བསྐྱོད་སོགས་ནི་ལུས་སེམས་གཉིས་ཀྱི་གསོ་སྦྱོང་ཡིན་པས་ནར་སོན་གྱི་གོ་རིམ་ཞིག་ཀྱང་ཡིན་པར་སྣང་། དེ་བས། སློབ་ཆེན་ཞེས་གླེང་ཚེ། དེ་ནི་རང་དབང་གི་རྒྱལ་ཁམས་ཡིན་པས། རང་ཉིད་གཙང་མའི་ངོ་གདོང་ཡང་མཐོང་ཐུབ།

ནམ་རྒྱུན། ངའི་སེམས་སུ་སློབ་གྲོགས་ཟེར་བ་ནི་ཀ་ཁའི་དབྱངས་རྟ་མཉམ་དུ་དཀྲོལ་རོགས་དང་། མཛའ་བརྩེ་གཙང་མའི་ཆུ་རྒྱུན་བཞུར་ཆོག་པའི་རྩྭ་ཐང་ཞིག་ཡིན་པར་སྣང་། རྩྭ་ཐང་ནི་ཧ་ཅང་ཡངས་པས། ངའི་དགའ་སྐྱོ་འདྲེས་མའི་རྣམ་ཤེས་ཆགས་ཆོག་སྟེ། ཤེས་སྟོབས་ཀྱི་རྣམ་དཔྱོད་བརྟས་སའི་སློབ་ཁང་དང་དགེ་སློབ་ཀྱི་གཟུགས་བརྙན། རྩལ་སྦྱོང་གི་རྔུལ་ཆུ་ཟགས་སའི་ར་བ་དང་སློབ་གྲོགས་ཀྱི་འཛུམ་མདངས། ད་དུང་། གུང་གསེང་སྐབས་ཀྱི་རྒྱང་བསྒྲགས་ལས་གྲགས་པའི་རོལ་དབྱངས་སོགས།

ལོ་འདི་དག་གི་རིང་། ང་ནི་དཔྱིད་ནས་དབྱར་དུ་ཐོན་པ་བཞིན། བུ་མོ་ཆུང་ཆུང་ཞིག་ནས་ན་གཞོན་སྐྱེས་མ་ཞིག་ཏུ་གྱུར། གོ་རིམ་འདིའི་ཁྲོད། གཏི་མུག་དང་བསམ་མེད་ཀྱི་དབང་གིས་མིག་ཆུའི་སྐྱོ་གར་འཁྲབ་མྱོང་ལ། ཕུགས་བསམ་དང་དགའ་ཕྱོགས་ཀྱི་སླད་དུ་རྔུལ་ཆུའང་ལྷུང་མྱོང་བས་རང་ཉིད་རང་ལ་ཧ་ཅང་མགུ་མྱོང་། དེའི་རྐྱེན། སྐབས་འདིའི་ངས་སྐབས་དེའི་རང་ཉིད་ལ་སྙིང་ཉེ་བའི་མི་ཞེས་དམ་པོར་འཁྱུད་འདོད།

སྐབས་འདིར། སྐད་གཉིས་ལོ་རྒྱུས་འཛིན་གྲྭ་ཟེར་བའི་ཁྱིམ་ཚང་གི་ཁྱིམ་མི་བཞི་བཅུ་ཞེ་བཞིས་སོ་སོའི་གཏམ་རྒྱུད་ཁྱེར་དེ་ཕྱོགས་བཞི་མཚམས་བརྒྱད་དུ་གྱེས་འགྲོ་བས་བཀྲ་ཤིས་བདེ་ལེགས་ཡོང་བའི་སྨོན་འདུན་ཞུས་ཡོད་ལ། མ་འོངས་པའི་ཉིན་ཞིག་ལ་མཚོ་སྔོན་མི་རིགས་ཞེས་པའི་མ་ཡུམ་སློབ་ཆེན་འདི་རུ་སླར་ཡང་དགའ་འཛོམ་བྱུང་ཐུབ་པའི་སྨོན་ལམ་ཡང་ཡང་བཏབ་ཡོད།



  • ལེ་ཚན་སྔོན་མ།:ཆང་ནི་ཅི་ཞིག་ཡིན།
  • ལེ་ཚན་རྗེས་མ།:མ་ཡུམ་སློབ་གྲྭ།