རང་ཁུལ་དང་དབྱི་པིང་གྲོང་ཁྱེར་གྱིས་ས་ཁོངས་བརྒལ་བའི་གླིང་ཁུལ་གྱི་མཉམ་ལས་གྲོས་མཐུན་བཞག།

ལྷ་འཛོམས་ཀྱིས་བསྒྱུར།        2022-02-16

རང་ཁུལ་དང་དབྱི་པིང་གྲོང་ཁྱེར་གྱིས་ས་ཁོངས་བརྒལ་བའི་གླིང་ཁུལ་གྱི་མཉམ་ལས་གྲོས་མཐུན་བཞག།
གྲོས་མཐུན་མཛད་སྒོའི་ཡུལ་དངོས།

སྤྱི་ཟླ2པའི་ཚེས11ཉིན་ལ་ཁུལ་མི་དམངས་སྲིད་གཞུང་དང་དབྱི་པིང་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་ཁྲེང་ཏུའུ་རུ་དཀར་མཛེས་ཁུལ་དང་དབྱི་པིང་གི་ས་ཁོངས་བརྒལ་བའི་གླིང་ཁུལ་གྱི་མཉམ་ལས་གྲོས་མཐུན་བཞག་སྟེ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་འབྱུང་འཕྲོད་ཐཱན་ཉུང་ལེགས་ལྡན་ཐོན་ལས་སྤུས་ཚད་མཐོན་པོས་འཕེལ་རྒྱས་གཏོང་བའི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱས་ནས་ཐོན་ཁུངས་བཟང་སྒྲིག་བཀོད་སྒྲིག་དང་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་ཞིང་ཁ་གཏད་རོགས་སྐྱོར་ལས་དོན་གཏིང་ཟབ་དང་ཏན་ཏིག་ཡོང་རྒྱུར་རོགས་སྐུལ་བྱས་ཏེ་རྒྱལ་ཡོངས་ཀྱི་འཐབ་ཇུས་ཁྱོན་ཡོངས་ལ་ཞབས་འདེགས་དེ་བས་ལེགས་པ་ཞུས་པ་རེད། དབྱི་པིང་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་ལིའུ་ཀྲུང་པོ་དང་དཀར་མཛེས་ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་མིང་རྟགས་འགོད་པའི་མཛད་སྒོར་ཞུགས། དབྱི་པིང་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། གྲོང་དཔོན་ཧྥང་ཚུན་ཧའོ་དང་དཀར་མཛེས་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཧྥུང་ཧྥ་ཀུའེ་གན་འཇོག་མཛད་སྒོར་ཕེབས་ཤིང་ཤིས་ཚིག་ཕུལ་བ་རེད།

“དཀར་མཛེས་ཁུལ་དང་དབྱི་པིང་གླིང་ཁུལ”མཉམ་སྐྲུན་བྱ་རྒྱུ་ནི་དཀར་མཛེས་ཁུལ་དང་དབྱི་པིང་གྲོང་ཁྱེར་གྱིས《དབྱི་པིང་གྲོང་ཁྱེར་མི་དམངས་སྲིད་གཞུང་དང་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གི་ས་ཁོངས་བརྒལ་ནས་མཐུན་སྦྱོར་འཕེལ་རྒྱས་ཀྱི་མཉམ་ལས་གྲོས་མཐུན》དོན་འཁྱོལ་བྱེད་པའི་བྱ་ཐབས་ཞིབ་ཕྲ་ཞིག་རེད། ལིའུ་ཀྲུང་པོ་དང་ཧྲེན་དབྱང་།ཧྥང་ཚུན་ཧའོ། ཧྥུང་ཧྥ་ཀུའེ་སོགས་མགོ་ཁྲིད་ཀྱི་དངོས་དཔང་འོག་ཕྱོགས་གཉིས་པོས《དཀར་མཛེས་དང་དབྱི་པིང་བར་གྱི་ས་ཁོངས་བརྒལ་བའི་གླིང་ཁུལ་གྱི་མཉམ་ལས་གྲོས་མཐུན》ལ་མིང་རྟགས་བཀོད་པ་རེད།

གྲོས་མཐུན་ལ་གཞིགས་ནས་ཕྱོགས་གཉིས་པོས་མཉམ་ལས་གཉིས་ཕན་གྱི་རྩ་དོན་ལྟར། མཉམ་སྐྲུན་མཉམ་སྤྱོད་དང་གཉིས་ཁེ་གཉིས་ཕན་རྒྱུན་འཁྱོངས་བྱས་ཤིང་གཅིག་གྱུར་གྱིས་འཆར་འགོད་དང་གོ་རིམ་བགོས་ཏེ་གསར་སྤེལ་འཛུགས་སྐྲུན་བྱ་རྒྱུ་དང་། ཆུ་ཚད་མཐོ་བའི་མཉམ་ལས་བརྒྱུད་དེ་ཐུན་མོང་ཐོག་འབད་བརྩོན་བྱས་ནས“དཀར་མཛེས་ཁུལ་དང་དབྱི་པིང་གླིང་ཁུལ”དེ་ཞིང་ཆེན་ཡོངས་དང་ཁྲེང་ཏུའུ་དང་ཁྲུང་ཆིང་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་དར་ཁུལ་དང“ས་ཁོངས་མཉམ་ལས་ཀྱི་ས་ཁོངས་བརྒལ་བའི་དཔལ་འབྱོར་གསར་གཏོད་འཕེལ་རྒྱས་ཀྱི་དཔེ་སྟོན་ཁུལ”དང་།“འབྱུང་འཕྲོད་ཐཱན་ཉུང་ལེགས་ལྡན་ཐོན་ལས་སྤུས་ཚད་མཐོན་པོས་འཕེལ་རྒྱས་གཏོང་བའི་དཔེ་སྟོན་ཁུལ”དང་། “ཞིང་ཆེན་ནང་ཁུལ་གྱི་ཁ་གཏད་ཐོན་ལས་རོགས་སྐྱོར་གྱི་དཔེ་སྟོན་ཁུལ”བཅས་སུ་གསར་འཛུགས་བྱས་ཏེ་གྲོང་ཁྱེར་དང་ཁུལ་གཉིས་ཀྱི་ཐོན་ལས་སྟོབས་ཆེར་གཏོང་བ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་ས་ཁུལ་གཉིས་ཀྱི་འཕར་གཞི་གསར་པ་ཆགས་པ་བྱས་ནས་ཐུན་མོང་ཐོག་ཕྱུག་པོ་ཆགས་པ་བྱ་རྒྱུ་རེད།

མཛད་སྒོའི་ཐོག་དཀར་མཛེས་ཁུལ་གྱིས་ད་དུང་དབྱི་པིང་གྲོང་ཁྱེར་དང་འབྲེལ་ཡོད་ཁེ་ལས་བཅས་དང་ཐོན་ཁུངས་གསར་སྦོལ་དང་མགྲོན་ཁང་མཉམ་སྐྲུན་གྱི་མཉམ་ལས་གྲོས་མཐུན་བཞག་པ་རེད།།


  • ལེ་ཚན་སྔོན་མ།:ལོ་སར་གུང་གསེང་རིང་རང་ཁུལ་དུ་ཡུལ་སྐོར་བ་ཁྲི22ལྷག་ཡོང་འདུག།
  • ལེ་ཚན་རྗེས་མ།:རང་ཁུལ་གྱིས་བྱ་ཐབས་གསུམ་ལ་སྤྱད་དེ་ས་ཆུ་སྲུང་འཛིན་གྱི་ལས་དོན་ལ་སྐུལ་འདེད་བཏང་།
  • དོ་སྣང་ཆེ་བའི་རྩོམ།