ཞིང་ཆེན་སྲིད་གྲོས་སྐབས༡༢པའི་གྲོས་ཚོགས་ཐེངས༥པ་མཇུག་བསྒྲིལ།

ཡེ་མགོན་གྱིས་བསྒྱུར།        2022-01-21

 ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་པ་མཇུག་བསྒྲིལ།

ཕེང་ཆིང་ཧྭ་དང་ཧོང་ཆང་གྲོས་ཚོགས་སུ་ཞུགས། ཐེན་ཞང་ལི་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞིར་བདམས་ཐོན་བྱུང་།ཀན་ལིན་དང་རྡོ་རྗེ་རབ་བརྟན།དབྱང་ཏན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པར་བདམས་ཐོན་བྱུང་།

ཞིང་ཆེན་སྲིད་གྲོས་སྐབས༡༢པའི་གྲོས་ཚོགས་ཐེངས༥པ་མཇུག་བསྒྲིལ།

    ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་སི་ཁྲོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་པའི་གྲོས་རིམ་ཁག་བདེ་བླག་ངང་གྲུབ་ནས་སྤྱི་ཟླ་དང་པོའི་ཚེས20ཉིན་གྱི་ཕྱི་དྲོར་ཁྲེང་ཏུའུ་རུ་མཇུག་བསྒྲིལ་བ་རེད། 

   མཇུག་བསྒྲིལ་གྲོས་ཚོགས་མ་འཚོག་སྔོན་དུ་འདེམས་བསྐོ་ཚོགས་ཆེན་འཚོགས་ནས་ཨུ་ཡོན་ཐེན་ཞང་ལི་སྲིད་གྲོས་སི་ཁྲོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཉིས་པའི་ཀྲུའུ་ཞིར་འདེམས་བསྐོ་བྱས། ཨུ་ཡོན་ཀན་ལིན་དང་།རྡོ་རྗེ་རབ་བརྟན།དབྱང་ཏན་སྲིད་གྲོས་སི་ཁྲོན་ཞིང་ཆེན་སྐབས་བཅུ་གཉིས་པའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པར་འདེམས་བསྐོ་བྱས་པ་དང་།ཝང་མེང་དང་།ཏའེ་ཕིང་།ལི་རེན་ཅེ།ལི་ཧྲེ་ཁྲེང་།དབྱང་ཙི་ལི།ཀྲང་མེན།ཀྲེང་ཏུང་ཧྥེང་།རྟ་མགྲིན།ཧུའུ་ཅེ།ཧོའུ་ཀྲུང་ཝེན།ཅ་ཆོན་ལིན།ཀུའུ་ཡུང་།ཧོང་ཕིང་ལི། ཧོང་ཅན་ཏུང་།ཞུའེ་ཞའོ་ཏུང་།ལེ་ཅན་ཕིང་།མུའོ་ཞིན་ཧའེ།ལིའོ་ལུན་ཀྲི་བཅས་སྲིད་གྲོས་སི་ཁྲོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལ་འདེམས་བསྐོ་བྱས་པ་རེད། 

    ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་ཐེན་ཞང་ལི་ཡིས་མཇུག་བསྒྲིལ་གྲོས་ཚོགས་གཙོ་སྐྱོང་གནང་བར་མ་ཟད་གསུང་བཤད་གནང་བ་རེད། མཇུག་བསྒྲིལ་གྲོས་ཚོགས་ཀྱི་ལག་བསྟར་ཀྲུའུ་ཞི་ནི་ཐེན་ཞང་ལི་དང་།ཆུས་མུའུ་ཧྲི་ཧ།ཀྲུང་མེན།ལི་ཁྲང་ཕིང་།ཀན་ལིན།ཀྲའོ་ཀྲེན་ཞན།ཏུའུ་ཧོ་ཕིང་།རྡོ་རྗེ་རབ་བརྟན།ལིན་ཧྲུའུ་ཁྲེང་།ཨོ་དབྱང་ཙེ་ཧྭ།ཀྲུའུ་ཁྲུན་ཞིའུ།ལིའུ་ཁྲེང་མིང་།དབྱང་ཁེ་ཉིང་།དབྱང་ཏན།ལན་ཁའེ་ཁྲི་བཅས་རེད།  

    ཀྲུང་གུང་སི་ཁྲོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཕེང་ཆིང་ཧྭ་དང་།ཀྲུང་གུང་སི་ཁྲོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ།ཞིང་ཆེན་མི་དམངས་སྲིད་གཞུང་གི་ཞིང་དཔོན་ཧོང་ཆང་།ཞིང་ཆེན་སྲིད་གྲོས་ཀྱི་དེ་སྔའི་ཀྲུའུ་ཞི་ཁོ་ཙུན་ཕིང་སོགས་གདན་ཞུས་ལྟར་ཚོགས་འདུར་ཕེབས་ནས་ཀྲུའུ་ཞི་སྡིངས་ཆའི་ཐོག་བཞུགས་ཡོད་པ་རེད། 

     མཇུག་བསྒྲིལ་གྲོས་ཚོགས་ནང་ཞུགས་དགོས་པའི་ཨུ་ཡོན872ཡིན་པ་དང་དངོས་སུ་ཞུགས་པའི་ཨུ་ཡོན765ཡོད་པས་གཏན་འབེབས་མི་གྲངས་དང་མཐུན་ཡོད་པ་རེད།  

ཞིང་ཆེན་སྲིད་གྲོས་སྐབས༡༢པའི་གྲོས་ཚོགས་ཐེངས༥པ་མཇུག་བསྒྲིལ།

    མཇུག་བསྒྲིལ་གྲོས་ཚོགས་ཐོག《ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སི་ཁྲོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་པའི་གྲོས་ཆོད》དང《ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་པའི་གྲོས་འཆར་ཞིབ་བཤེར་བྱས་ཚུལ་སྐོར་གྱི་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གཉིས་པའི་གྲོས་འཆར་ཨུ་ཡོན་ལྷན་ཁང་གི་སྙན་ཞུར》གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད།  

   ཐེན་ཞང་ལི་ཡིས་གསུང་བཤད་གནང་སྐབས་གསུངས་དོན། ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་པ་ནི་རང་རེའི་ཞིང་ཆེན་གྱིས“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”འགོ་ཡག་པོ་ཞིག་འཛུགས་པ་དང་།སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སི་ཁྲོན་གྱི་རྒྱང་སྐྱོད་ལམ་བུ་གསར་པ་རྒྱལ་ཁའི་ངང་གཏོད་པའི་འགག་རྩའི་དུས་སུ་འཚོགས་པའི་དར་ཆ་མཐོན་པོར་སྒྲེང་བ་དང་ཡིད་ཆེས་བརྟན་དུ་གཏོང་བའི་ཚོགས་ཆེན་ཞིག་ཡིན་ལ།སེམས་ཤུགས་གཅིག་སྒྲིལ་དང་འབད་འབུངས་ཡར་བརྩོན་གྱི་ཚོགས་ཆེན་ཞིག་ཀྱང་ཡིན་པ་རེད། གྲོས་ཚོགས་འཚོགས་རིང་ཨུ་ཡོན་ཚོས་ཚད་མཐོའི་ཆབ་སྲིད་ཀྱི་རང་རྟོགས་ལ་བརྟེན་ནས་སྙན་ཞུ་དང་ཡིག་ཆར་གྲོས་ཞིབ་ནན་ཏན་བྱས་པ་དང་།གྲོས་མོལ་གཏིང་ཟབ་བྱས་ནས་ཐབས་ཇུས་བཏོན་པ།ཐུན་མོང་གི་ངོས་འཛིན་ཡོངས་ཁྱབ་ཏུ་གོང་བུ་གཅིག་ཏུ་འགྲིལ་བ་བཅས་བྱས་ནས་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོའི་ཁྲོད་ཀྱི་སྲིད་གྲོས་གྲོས་མོལ་གྱི་སྐྱེ་སྟོབས་དང་གསོན་ཤུགས་གང་ལེགས་མངོན་ཡོད། ཨུ་ཡོན་ཚོས་སློབ་སྦྱོང་དང་གྲོས་བསྡུར་བྱེད་སྐབས་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་བརྟན་དུ་བཏང་སྟེ་ཞིང་ཆེན་ཏང་ཨུའི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཞིང་ཆེན་ཏང་ཨུའི“ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་ལྔའི”བླང་བྱ་གལ་ཆེན་དོན་འཁྱོལ་ནན་ཏན་བྱས་ནས་ལྷོད་གཡེང་མི་གཏོང་བ་དང་འགན་འཁྲི་འཁུར་ཕོད་པ་བྱས་ཏེ་དུས་རབས་གསར་པའི་མི་དམངས་སྲིད་གྲོས་ཀྱི་རྒྱུགས་སྤྲོད་པར་སྐྱོད་པའི་ལམ་བུའི་ཐོག་ཡག་པོ་བསྐྱོད་རྒྱུ་ཡིན་པ་རེད།  

    ཐེན་ཞང་ལིས་བསྟན་དོན།ད་ལོ་ནི་དུས་རབས་གསར་པའི་རྒྱང་སྐྱོད་གསར་པའི་ཁྲོད་དུ་དམིགས་བསལ་གྱི་གལ་ཆེའི་རང་བཞིན་ལྡན་པའི་ལོ་ཞིག་རེད། ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་ཀྱི་རིམ་པ་སོའི་རྩ་འཛུགས་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་གྱིས་ཆབ་སྲིད་ཀྱི་གནས་ཐིག་མཐོ་རུ་ཏན་ཏིག་གཏོང་བ། འགན་འཁྲི་འཁུར་སེམས་ཇེ་དྲག་ཏུ་གཏོང་བ། ཀྲུང་གུང་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གཉིས་པ་རྒྱལ་ཁའི་ངང་འཚོག་པར་བསུ་མ་ཞུས་ནས།ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས།དོན་འཁྱོལ་བཅས་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དུ་བརྩིས་དགོས། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུས་སྲིད་གྲོས་ལས་དོན་གྱི་བཀོད་སྒྲིག་དང་བླང་བྱ་ལག་བསྟར་གཏིང་ཟབ་བྱས་ཏེ།སྔར་བས་བློ་རྩ་བརྟན་ཞིང་རང་རྟོགས་ཀྱིས་སྲོག་ཤིང་ལ་སྲུང་སྐྱོང་དང་ལྟེ་གནས་ལ་ཞབས་ཕྱི།ཐོག་མའི་བསམ་འདུན་བརྟན་སྲུང་།མི་སེམས་གོང་བུར་སྒྲིལ་བཅས་བྱས་ཏེ།སྲིད་དོན་ལ་ཇུས་འདོན་ཐབས་འདོན་གྱི་ཐབས་ལམ་དེ་བས་མང་པོ་དང་གྲོས་མོལ་སྲིད་གླེང་གི་ཚོང་རྟགས་གྲགས་ཅན་དེ་བས་གྲགས་སུ་ཁྱབ་པ།ལག་གདང་སྦྲེལ་ནས་ཡར་བརྩོན་བྱེད་པའི་སེམས་པ་གཅིག་མཐུན་དེ་བས་ཇེ་དྲག་ཡོང་གང་ཐུབ་བྱ་དགོས། 

    ཐེན་ཞང་ལི་ཡིས་ནན་གསུང་གནང་དོན། སྲོག་ཤིང་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ནས་དེ་བས་མཐོན་པོར་ལངས་སའི་ཆབ་སྲིད་ཀྱི་ཁ་ཕྱོགས་བློ་གདེང་བརྟན་པོ་བྱས་ཏེ་རང་རེའི་ཞིང་ཆེན་སྲིད་གྲོས་ཀྱི་བྱ་གཞག་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་ཁྲིད་གནང་བའི་ཁ་ཕྱོགས་དེད་ནས་མདུན་སྐྱོད་ཐུབ་པར་འགན་ལེན་བྱ་དགོས། ལྟེ་གནས་ལ་ཞབས་ཕྱི་སྒྲུབ་ཤུགས་ཆེ་རུ་བཏང་སྟེ་ཞིང་ཆེན་ཏང་ཨུའི་ལྟེ་གནས་ལས་དོན་གང་དུ་སྐུལ་འདེད་གཏོང་ན་སྲིད་གྲོས་ཀྱི་འགན་འཁྲི་བསྒྲུབ་རྒྱུ་དེ་གང་དུ་སླེབས་པར་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ནས་རང་རྟོགས་ཀྱིས་ཁྱོན་ཡོངས་འོག་ཏུ་འཆར་འགོད་བྱེད་པ།ཁྱོན་ཡོངས་འོག་ཏུ་བྱ་སྤྱོད་སྤེལ་བ།དེའི་ནང་ཞུགས་རིང་རྒྱབ་སྐྱོར་བྱེད་པ།རྒྱབ་སྐྱོར་བྱེད་རིང་ཞབས་ཕྱི་སྒྲུབ་བྱས་ནས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རོགས་ཀྱི་འགན་འཁྲི་འཁུར་སེམས་དེ་བས་ཇེ་དྲག་ཏུ་གཏང་དགོས། དམངས་ཀྱི་དོན་དུ་ཐོག་མའི་བསམ་འདུན་བརྟན་པོར་བཅངས་ཏེ་དམངས་འཚོ་ལེགས་བཅོས་ལ་སྐུལ་འདེད་གཏོང་བ་དང་ཐུན་མོང་ཐོག་ཕྱུག་པོར་ཆགས་པ་དེ་འགོ་འཛུགས་ས་དང་དོན་ལ་བབས་སར་བྱ་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ནས“ལས་ཀ་ཡོད་ཚེ་གྲོས་མོལ་བྱེད་པའི”ལས་དོན་གྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་བཏང་སྟེ“དབུལ་ཐར་ལ་སྐུལ་འདེད་གཏོང་བ་དང་།ཡུལ་སྡེ་དར་རྒྱས་གཏོང་བར་སྐུལ་འདེད་གཏོང་བའི”བྱེད་སྒོ་རྒྱུན་མཐུད་དུ་གཏིང་ཟབ་སྤེལ་ནས་དེ་བས་ཏན་ཏིག་གི་བྱ་ཐབས་ཐོག་ནས་དམངས་འཚོའི་བདེ་སྐྱིད་ཐོབ་ཐབས་བྱ་དགོས། མི་སེམས་ཡོངས་ཁྱབ་ཏུ་གོང་བུར་འགྲིལ་བ་དང་ངོས་འཛིན་གཅིག་མཐུན་ཡོང་བ་བྱ་རྒྱུ་དེ་འགན་ནུས་དེ་བས་གལ་ཆེན་ཞིག་ཏུ་བརྩིས་ནས་དམངས་གཙོ་དར་སྤེལ་དང་མཐུན་སྒྲིལ་ཟབ་ཏུ་གཏོང་རྒྱུ་ཕན་ཚུན་འབྲེལ་མཐུད་དང་།སྲིད་དོན་ལ་ཇུས་འདོན་དང་ཐུན་མོང་གི་ངོས་འཛིན་གཅིག་ཏུ་སྒྲིལ་རྒྱུ་བཅས་མཐའ་འཁྱོངས་བྱས་ནས་མི་དམངས་སྲིད་གྲོས་ཀྱི“འཐབ་ས་གལ་ཆེན”དང་།“ལས་སྟེགས་གལ་ཆེན”“ཐབས་ལམ་གལ་ཆེན”བཅས་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ་གྲོས་མོལ་བྱས་ནས་གཅིག་མཐུན་ཡོང་ཐབས་དང་།སྲིད་གྲོས་བྱས་ནས་ལས་དོན་འགྲུབ་ཐབས་བྱས་ཏེ་ལས་དོན་སྤེལ་ཤུགས་དེ་བས་ཆེན་པོར་བརྟེན་ནས་མཉམ་ཤུགས་ཆེན་པོ་གཅིག་ཏུ་འགྲིལ་དགོས། མཚན་སྙན་ལ་གཅེས་སྤྲས་དང་ཐོག་མཐའ་བར་གསུམ་དུ་བརྩི་འཇོག། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི“སྲིད་གྲོས་ཤེས་པ་དང་གྲོས་མོལ་བྱེད་ཤེས་པ།སྲིད་དོན་བགྲོ་གླེང་བྱེད་མཁས་པ།སྒྲིག་ཁྲིམས་སྲུང་བ།སྲོལ་ཀར་སྣང་ཆེན།སྤྱོད་ལམ་ལ་མཐོང་ཆེན”བཅས་ཀྱི་བླང་བྱ་གལ་ཆེན་དོན་འཁྱོལ་ནན་ཏན་བྱས་ཏེ།གྲོས་མོལ་གྱི་འཇོན་ཐང་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་གཏོང་བ་དང་།ལྟེ་བའི་ཁྱོན་ཡོངས་ལ་དམིགས་ཏེ་ཇུས་འདོན་ཤུགས་འདོན་བྱེད་པ།རང་འཁྲིའི་ལས་གནས་ལ་གཞི་ཚུགས་ནས་བྱས་རྗེས་འཇོག་པ།ཆེད་དོན་གྲོས་མོལ་སྒྲིག་གཞིའི་ཚད་ལྡན་ཡིན་པའི་ཁོངས་མི་ཡག་པོ་བྱེད་པ་བཅས་བྱས་ཏེ།དཔེ་བཟང་གི་བྱ་སྤྱོད་ཐོག་ནས་དུས་རབས་གསར་པའི་སྲིད་གྲོས་ཨུ་ཡོན་གྱི་ཉམས་འགྱུར་གསར་པ་མངོན་པ་བྱ་དགོས།  

     ཀྲུང་གུང་སི་ཁྲོན་ཞིང་ཆེན་ཏང་ཨུ་དང་།ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ཨུ།ཞིང་ཆེན་མི་དམངས་སྲིད་གཞུང་།ཞིང་ཆེན་ཁྲིམས་ཁང་།ཞིང་ཆེན་ཞིབ་དཔྱོད་ཁང་།སི་ཁྲོན་དུ་བཅའ་སྡོད་བྱེད་མཁན་དཔུང་སྡེའི་འགོ་ཁྲིད་བློ་མཐུན་དང་དེ་བཞིན་སི་ཁྲོན་དུ་བཅའ་སྡོད་བྱེད་མཁན་རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ་དང་སི་ཁྲོན་དུ་བཅའ་སྡོད་བྱེད་མཁན་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཁག་གཅིག་གདན་ཞུས་ལྟར་གྲོས་ཚོགས་སུ་ཞུགས་པས་མ་ཚད་ཀྲུའུ་ཞི་སྡིངས་ཆའི་ཐོག་བཞུགས་ཡོད་པ་རེད།།


  • ལེ་ཚན་སྔོན་མ།:འཁྱག་ཀླུང་མཚལ་རྡོ་རང་བྱུང་ལྷུན་གྱིས་གྲུབ།། རི་ཆུའི་བཀོད་པ་མཛེས་པའི་དཔལ་གྱིས་ཕྱུག།
  • ལེ་ཚན་རྗེས་མ།:བོད་རིག་པ་ཞིབ་འཇུག་ཁང་གིས་ཁྲེང་ཏུའུ་རུ་ཇ་སྟོན་ཚོགས་འདུ་འཚོགས།
  • དོ་སྣང་ཆེ་བའི་རྩོམ།