པདྨ་ནོར་བུས་བྲིས། 2022-02-15
ཁམས་ཀྱི་རི་བོ་རྩེ་ལྔ་ཞེས་པའི་གནས་རི་སྐྱ་མོ་བྲག་དཀར་ནི་ད་ལྟ་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྡེ་དགེ་རྫོང་རྫོགས་ཆེན་ཤང་གི་ཉེ་འདབས། ཞེ་རྫོགས་གཉིས་ཞེས་རྙིང་མའི་དགོན་ཆེན་ཁག་གཉིས་ཀྱི་བར་རྒྱུད་དུ་གནས་ཡོད། ལྷ་སའི་ཕྱོགས་བཞི་མཚམས་བརྒྱད་ནས་ཕོ་བྲང་པོ་ཏ་ལའི་མངོན་བརྗིད་མཐོང་བ་ནང་བཞིན། རྫོགས་ཆེན་གྲོང་པའི་ཕྱོགས་མཚམས་གང་ནས་བལྟས་ཀྱང་། སྐྱ་མོ་བྲག་དཀར་ནི་བརྗིད་ཉམས་ཆེ་བའི་བྲག་རི་ཡ་མཚན་ཅན་ཞིག་ཡིན།
སྐྱ་མོ་བྲག་དཀར་ནི་འཛེང་རྡོའི་རིགས་ལས་གྲུབ་པའི་བྲག་རི་ཞིག་གི་མིང་ཡིན་ལ། བྲག་རི་འདི་ལ་སྐྱ་མོ་དང་ལྕམ་མོ་ཞེས་ཡི་གེ་འབྲི་སྲོལ་མི་འདྲ་བ་གཉིས་འདུག སྐྱ་མོ་དང་ལྕམ་མོ་གང་ཞིག་ཡིན་ཡང་བྲག་རི་འདི་ལ་བལྟས་པ་ཙམ་གྱིས་ཉམས་ཆེན་གྱི་ཟོ་དོར་ཞིག་ཡིན་པ་ཤེས་སླ། མ་གཞི་བོད་ཡུལ་གྱི་ས་གནས་གང་དུ་སོང་ཡང་གཞི་བདག་དང་ཟོ་དོ། གནས་རི་སོགས་ནི་གང་སར་མཇལ་རྒྱུ་ཡོད་ལ། གཞི་བདག་དང་གནས་རི་གང་ཞིག་ཡིན་ཡང་དེ་དང་འབྲེལ་བའི་གཏམ་རྒྱུད་ཡ་མཚན་ཅན་རེ་བཤད་རྒྱུ་ཡོད་པའང་རྒྱུན་ལྡན་རེད།
དང་པོ། སྐྱ་མོ་བྲག་དཀར་གྱི་ངོ་སྤྲོད་མདོར་བསྡུས།
ཡུལ་མི་ཚོ་ལ་སྐྱ་མོ་བྲག་དཀར་དང་འབྲེལ་བའི་གཏམ་རྒྱུད་དང་ལྷ་སྒྲུང་མང་པོ་ཞིག་བཤད་རྒྱུ་ཡོད་པ་མ་ཚད། ཕ་ཡུལ་གྱི་མི་དམངས་རྣམས་ཀྱིས་མཆོད་མཆོད་བསྟོད་བསྟོད་ཀྱི་ཟོ་དོར་ཆེན་མོ་ཞེས་ལོ་རེ་བཞིན་བསང་གསོལ་དང་། རླུང་རྟ་བྱེད་སྲོལ་ཡོད་པ་རེད། ང་ཚོས་ཤེས་གསལ་ལྟར། བོད་ཡུལ་གྱི་ས་གནས་གང་སར་སོང་ཡང་རླུང་རྟ་གྲུ་བཞི་དང་། དར་ལྕོག་ཁྲ་མོ། ཚ་ཁང་ཆུང་ཆུང་དང་། བསང་ཁྲི་མཐོན་པོ། མཆོད་རྟེན་ཆ་འགྲིག་དང་ཁ་བཏགས་དཀར་པོ་སོགས་ཀྱིས་ཡུལ་དེར་མཆོད་གནས་དང་ཡུལ་ལྷ་ཞིག་ཡོད་པ་མཚོན་གྱིན་ཡོད་པ་རེད།
དེ་བཞིན་སྐྱ་མོ་བྲག་དཀར་གྱི་མདུན་དུ། བང་ཤིང་གི་ལྷ་ཁང་གྲུ་བཞི་དང་། དར་ལྕོག་ཁྲ་བོ། བསང་ཁྲི་མཐོན་པོ་སོགས་མཐོང་བ་ཙམ་གྱིས་ཡུལ་འདིར་ཟོ་དོར་ཞིག་ཡོད་པ་མཚོན་གྱིན་ཡོད།
བཤད་སྲོལ་ལ། སྐྱ་མོ་བྲག་དཀར་ནི་མོ་སྨན་རིགས་ཀྱི་གཞི་བདག་ཅིག་ཡིན་ལ། གཞི་བདག་འདི་ནི་ཧ་ཅང་བཙན་པོའི་རིགས་ཀྱི་གཞི་བདག་ཅིག་ཡིན་ཞེས་ཟེར་སྲོལ་ཡོད། བལྟས་ཚོད་ལ་རི་བོ་དེ་དེ་འདྲ་མཐོ་རྒྱུ་མེད་ཀྱང་མཐའ་འཁོར་དུ་སྐྱེ་དངོས་རིགས་མི་འདྲ་བ་མང་བོ་ཞིག་སྐྱེས་འདུག ཡུལ་མི་ཚོས་ཟེར་ན་སྐྱ་མོའི་གྲོ་ཞིང་དང་། ནས་ཞིང་། ཇ་ཞིང་སོགས་སྐྱ་མོས་འབྲུ་ཡི་རིགས་འདེབས་འཛུགས་བྱས་པ་རེད་བཅས་བཤད། ཁོ་བོས་ལོ་འདི་དག་ལ་འགྲོ་འདུག་གི་ཞོར་དུ་གོ་ཐོས་བྱུང་བ་ལྟར་ན། བྲག་རིའི་ཉེ་འཁོར་དུ་ཤུག་པ་ཚང་ཚིང་དུ་འཁྲིགས་པའི་གསེབ་ཏུ་གཅན་གཟན་དྲེད་མོ་དང་། སྤྱང་ཀི། གསའ་སོགས་འགྲོ་འོང་ཡོད་པ་མ་ཚད་། རི་དྭགས་ཤྭ་བ་དང་། རྒོ་བ། ཁ་ཤྭ། གླ་བ་སོགས་བདག་ཏུ་མ་བཟུང་བའི་རི་སྐྱེས་སྲོག་ཆགས་མང་པོའི་ཁྱུ་ཚོགས་འཚོ་གནས་བྱས་ཡོད་པ་རེད་བཅས་བཤད་སྲོལ་འདུག ཁོ་བོས་དངོས་སུ་མཐོང་མྱོང་བ་ནི་བྲག་རི་འདིའི་མཐའ་འཁོར་ཕན་ཚུན་དུ་རྩ་ཆེའི་སྨན་རྫས་རིགས་ཁ་ཤས་ཡོད་པ་ནི་དབང་ལག་དང་། དབྱར་རྩ་དགུན་འབུ་སོགས་སྔོ་སྨན་དང་རྩི་ཤིང་གི་རིགས་རེད། ཤིང་སྨན་རིགས་ལ་ཤུག་པ་དང་། ཉ་རིད། སྤེན་དཀར། སུར་དཀར། འོམ་བུ་སོགས་སྨན་རྫས་དང་། སྤོས་སྦྱོར། བསང་རྫས། མཆོད་ཡོན་དམ་རྫས་ལ་མཁོ་བའི་དྲི་ཞིམ་སྨན་བསང་རིགས་ཀྱི་སྐྱེ་དངོས་མང་པོ་ཞིག་སྐྱེ་ཡོད་པ་དངོས་སུ་མཐོང་།
ལྷ་ཤིང་ཤུག་པ་དང་མེ་ཏོག་སྣ་མང་བཞད་པའི་སྐྱ་མོའི་མདུན་ལུང་།
གཉིས་པ། སྐྱ་མོ་བྲག་དཀར་གྱི་ཆགས་དབྱིབས།
སྐྱ་མོ་བྲག་དཀར་ནི་འབྲི་རྫ་ཟལ་མོ་སྒང་ཞེས་འབྲི་ཆུ་དང་རྫ་ཆུའི་བར་རྒྱུད་དུ་གནས་པའི་ཁྲོ་ལ་རི་བོའི་སྟོད་རྒྱུད། ལྷོ་ཟིལ་ཁྲོམ་གཡུང་དྲུང་རྡོ་རྗེ་ཞེས་དུས་བཞིར་ཁ་བ་དང་གངས་རིའི་ངོ་གདོང་དཀར་བའི་ཟོ་དོར་ཆེན་པོ། བོད་ཡུལ་གངས་རི་ཉི་ཤུ་རྩ་ལྔའི་ནང་ཚན་ཡོན་ཏན་གྱི་གནས་ཞེས་པ། རྒྱ་མཚོའི་ངོས་ལས་མཚོ་འཕགས་སྨི6000ལྷག་གི་ས་གཤིས་སུ་ཆགས་པའི་གངས་རི་མཐོན་པོའི་མདུན་ཐད་དུ་གནས་ཡོད་ལ། སྐྱ་མོ་བྲག་དཀར་ནི་རྒྱང་རིང་ནས་བལྟས་ན་པོ་ཏཱ་ལའི་དབྱིབས་ཀྱི་ཆགས་ཚུལ་ལྟར་གནས་ཡོད། 《གྲུབ་དབང་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེའི་གནས་ཡིག》ལས་སྐྱལ་གྱི་བྲག་དཀར་རིན་ཆེན་སྤུངས་བའི་དབྱིབས།། དོན་ལ་ཟངས་མདོག་དཔལ་གྱི་རི་བོ་སྟེ།། རྣམ་པ་སྒྲུབ་སྡེ་བརྒྱད་ཀྱི་ལྷ་ཚོགས་དང་།། སྤྱན་རས་གཟིགས་དང་རི་བོ་རྩེ་ལྔ་ཡི།། བཀོད་པའི་བྱེ་བྲག་མ་ལུས་ཡོངས་སུ་རྫོགས།། ཁམས་ཀྱི་རི་བོ་རྩེ་ལྔ་ཞེས་བྱ་སྟེ།།ཞེས་པ་དང་། རྫོགས་ཆེན་པདྨ་སྐལ་བཟང་མཆོག་གི《སྙན་རྩོམ་འབེལ་གཏམ་གཅེས་བཏུས》ལས། སྐྱལ་གྱི་བྲག་དཀར་གཉན་པོ་དེ། བྲག་དཀར་ལྷ་ཡི་ཕོ་བྲང་དང་འདྲ་བར་གཡུ་ཤུག་སྔོན་མོའི་མགུལ་བ་བརྒྱན་པ་ཞེས་གསུངས་པ་བཞིན་ལྷ་སའི་དམར་པོ་རི་དང་། རྒྱ་ནག་གི་རི་བོ་རྩེ་ལྔའི་གནས་རི་རྣམས་དང་མཚུངས་པའི་སྐྱ་མོ་བྲག་དཀར་རམ་ལྕམ་མོ་བྲག་རི་ནི། ཕྱིའི་བཀོད་པ་རང་བྱུང་བྲག་ལས་གྲུབ་ཀྱང་ནང་དཀར་ཕྱོགས་ལྷ་ཡི་ཟོ་དོར་ཆེན་མོ་སྐྱ་མོ་སྨན་བཙུན་གཞོན་ནུ་མའི་ཞལ་འབག་གི་ཉམས་ལ་བལྟས་ན། ངོ་གདོང་དཀར་གསལ་གངས་ཀྱི་རི་བོ་ལ། འཛུམ་ཆུང་ཞི་བའི་ཉམས་ཀྱིས་ཁེངས་པའི་རིགས་རུས་སུ་གཏོགས་པའི་མིང་པོ་ལྷ་ཡི་དགེ་བསྙེན་དྲག་རྩལ་ཅན་ཞེས་ཞལ་འབག་གི་གཟུགས་དབྱིབས་ལྟར། ཞལ་ངོ་དམར་པོ་ཞི་མ་ཁྲོ་ཡི་གཞི་བདག་གི་སྐུ་འཁོར་དང་བཅས་པ་ཆུ་བོ་ཞིག་གི་ཕར་ཚུར་དུ་གནས་ཡོད། སྐྱ་མོའི་མདུན་ལུང་ཞེས་ཤུག་པ་ཚང་ཚིང་དུ་འཁྲིགས་པའི་ལྗོན་ཤིང་གི་གསེབ་ན། སྔ་རབས་མཚམས་པ་བཞུགས་སའི་མཚམས་ཁང་དང་། གུ་རུའི་སྒྲུབ་ཕུག་སོགས་ཡོད། ས་འདི་ནི་ཞོགས་པའི་ཉི་ཟེར་གྱི་སྔ་ལྟས་དང་དགོང་ཁའི་ཉི་ནུབ་ཀྱི་ཕྱི་མིག་མཐོང་ས་ཞིག་ཡིན།
སྐྱ་མོའི་ཇ་ཞིང་དང་ནས་ཞིང་དུ་འབོད་པའི་ཉ་བྲིད་དང་ལྕང་གླིང་གི་ནེའུ་གསིང་།
སྐྱ་མོའི་གྲོ་ཞིང་དུ་འབོད་པའི་སྨྱག་ག་ཤིང་གི་ཞིང་ཁ།
གསུམ་པ། སྐྱ་མོ་བྲག་དཀར་དང་འབྲེལ་བའི་ངག་རྒྱུན།
བཤད་སྲོལ་ལ་སྐྱ་མོ་བྲག་དཀར་དང་ཟིལ་ཁྲོམ་གཡུང་དྲུང་རྡོ་རྗེའི་བར་དུ་ཕོ་མོའི་བརྩེ་དུང་གི་གཏམ་རྒྱུད་ཡོད་ལ། དགེ་བསྙེན་དང་སྐྱ་མོའི་བར་དུ་མིང་སྲིང་བར་གྱི་དམ་བཅའ་ཡང་ཡོད་ཅེས་བཤད། མ་གཞི་སྐྱ་མོ་བྲག་དཀར་ནི་བུད་མེད་མཛངས་མ་ཞིག་ཡིན་སྟབས། སྐྱ་མོ་བྲག་དཀར་གྱི་འགྲམ་དུ། སྐྱ་མོའི་ཤེལ་སྒོ་དང་། སྐྱ་མོའི་མཆིག སྐྱ་མོའི་གཏེར་གཞོང་སོགས་བུད་མེད་ཚོས་སྐོལ་སྤྱོད་བྱེད་པའི་མཁོ་ཆས་མང་པོ་ཡོད་རེད་ཟེར།
སྐྱ་མོ་བྲག་དཀར་གྱི་མདུན་དུ། གཡུ་འབྲུག་འཁྱིལ་བ་ལྟ་བུའི་ཆུ་བོ་ཞིག་དལ་གྱིས་བཞུར་ཀྱིན་ཡོད། ཆུ་བོ་དེའི་མིང་ལ་བ་ཆུ་ཞེས་འབོད། བ་ཆུའི་འཁྱིལ་དབྱིབས་ནི་བ་ཞིག་གི་རྒྱུ་མ་ལྟར་གྱ་གྱུར་དུ་འཁྱུག་འགྲོས་བྱེད་ཀྱིན་ཡོད་པས་རེད། བཤད་སྲོལ་གཞན་ཞིག་ལ་ཆུ་བོ་འདི་ནི་བྲག་མགར་རྒན་གྱིས་བ་བཤས་པའི་རྒྱུ་མ་ཡིན་ཞེས་ངག་རྒྱུན་ཞིག་ཀྱང་བཤད་རྒྱུ་ཡོད་པ་རེད། ཆུ་བོ་དེའི་ཉེ་འགྲམ་དུ་སྡེ་བ་ཆུང་ཆུང་ཞིག་ཡོད་པ་ནི་བ་སྲེས་གསེར་གཞུང་སྡེ་བ་རེད། བ་སྲེས་སྡེ་བ་ནི་སྐྱ་མོའི་མདུན་སྐོར་ཞིག་གི་ཚུལ་དུ་ཆགས་ཡོད། བ་སྲེས་ཞེས་པ་ནི་སྡེ་བ་ཞིག་གི་མིང་ཡིན་ཡང་། མིང་འདི་དང་འབྲེལ་བའི་བཤད་སྲོལ་ཡ་མཚན་ཅན་ཞིག་ཡོད་པ་རེད།
སྐྱ་མོའི་རྡོ་མཆིག་ཅེས་པའི་རང་བྱུང་གི་འགྱུར་རྡོ་ངོ་མཚར་ཅན།
བ་སྲེས་གསེར་གཞུང་སྡེ་བའི་མཚེར་ས།
བཞི་པ། བྲག་མགར་རྒན་དང་བ་སྲེས་གསེར་གཞུང་སྡེ་བ།
བ་སྲེས་སྡེ་བ་ནི་བ་གཞུང་སྡེ་བ་ཞེས་པའི་གྲོང་སྡེ་ཆུང་ཆུང་ཞིག་ཡོད་པ་དེ་དང་། སྲེས་ཚ་ཚང་ཞེས་པའི་ཁྱིམ་རྒྱུད་ཅིག་ཡོད་པ་དེ་གཉིས་གཞི་གཅིག་ཏུ་གནས་སྡོད་བྱས་པ་ནས་བཏགས་པའི་མིང་ཞིག་ཡིན། བ་གཞུང་མ་ཞེས་པའི་གྲོང་སྡེ་དེའི་ཉེ་འཁོར་དུ་བ་རི་བོ་ཆེ་དང་། བ་ཆད་ལ་ཟེར་བ་ཞིག་ཡོད་ལ་དེ་དང་འབྲེལ་བའི་ངག་རྒྱུན་ཞིག་བཤད་སྲོལ་ཡོད། ངག་རྒྱུན་དེའི་བརྗོད་བྱ་གཙོ་བོ་ནི་བྲག་མགར་རྒན་ཟེར་བའི་མི་ཞིག་མགའ་ཐར་ནས་ལྷ་སར་འགྲོ་བའི་གཏམ་རྒྱུད་ཡིན་ལ། བཤད་སྲོལ་འདི་མི་ཞིག་བྲག་ཏུ་འགྱུར་བའི་ལྷ་སྒྲུང་ཞིག་ཡིན་ཀྱང་། དོན་དུ་མགར་སྟོང་བཙན་དང་འབྲེལ་བའི་གཏམ་རྒྱུད་ཅིག་ཡིན་པ་འདྲ། མི་དེ་མགར་ཐར་ནས་ཡོང་བ་དང་། མིང་ལ་བྲག་མགར་རྒན་ཟེར་བ་སོགས་གང་ལ་བལྟས་ཀྱང་ལོ་རྒྱུས་ཐོག་གི་མགར་སྟོང་བཙན་དང་འབྲེལ་བ་ཆེན་པོ་ཞིག་ཡོད་ཚོད་འདུག ཡིད་ལྷུང་དུ་རྒྱ་ཀོང་ཚང་ཞེས་པའི་ཁྱིམ་ཚང་ཞིག་ཡོད། ཁྱིམ་ཚམ་དེའི་ཁྱིམ་རྒྱུད་ནི་མགར་སྟོང་བཙན་དང་རྒྱ་བཟའ་ཀོང་ཇོ་གཉིས་ལ་བུ་ཞིག་སྐྱེས་པ་དེ་སྲོང་བཙན་གྱིས་ཤེས་པར་དོགས་ནས་ཡིད་ལྷུང་དུ་བསྐྱུར་ནས་སོང་བ་རེད་ཟེར། རྒྱ་བཟའ་ཀོང་ཇོའི་བུ་རྒྱུད་ཀྱི་ཁྱིམ་ཚང་ལ་རྒྱ་ཀོང་ཚང་ཞེས་མིང་ཐོགས་པ་དང་། རྒྱ་ཀོང་ཚང་གི་ཁྱིམ་རྒྱུད་ལ་བླ་སྤྲུལ་མང་པོ་འཁྲུངས་མྱོང་ཡོད་པ་རེད། རྫོགས་ཆེན་དཔོན་སློབ་སྐུ་ཕྲེང་བཞི་པ་འཇིགས་མེད་ཆོས་དབྱིངས་འོད་གསལ་རྒྱ་ཀོང་གི་ཁྱིམ་རྒྱུད་དུ་སྐུ་འཁྲུངས་པ་ནས། རྫོགས་ཆེན་དགོན་པས་དཔོན་སློབ་ཀྱི་སྐུ་བདག་མཛད་པ་དང་། རྒྱ་ཀོང་གི་ཁྱིམ་རྒྱུད་རྫོགས་ཆེན་དུ་མཆེད་པ་མ་ཚད། ཕུག་ལུང་དང་། ཐབ་ལུང་སོགས་དགོན་པས་དཔོན་སློབ་ཁྱིམ་ཚང་ལ་གནང་བའི་འབྲོག་ས་ཡིན་པ་རེད། རྒྱ་ཀོང་ཁྱིམ་ཆེན་ཚང་ལ་དགོན་ནང་དུ་དཔོན་སློབ་གཟིམ་ཆུང་སོགས་ཡོད་ཀྱང་དེང་དུས་བདག་དབང་ཐུབ་མི་འདུག རྫོགས་ཆེན་རྒྱ་ཀོང་ནས་ཁ་ནར་དང་ཨ་ཕྱུག ཡ་དེང་སོགས་སུ་ཁྱིམ་རྒྱུད་ཡར་མར་མང་པོ་ཞིག་མཆེད་པ་རེད། རྒྱ་ཀོང་མཁན་པོ་གཞན་དགའ་ཡང་ཁྱིམ་རྒྱུད་དེ་ལ་འཁྲུངས་པའི་མཁས་པ་ཞིག་ཡིན།
རྩོམ་གསར། 10