ཤར་མི་ཉག་གི་གནས་མཆོག་འབོ་གངས་དཀར་གྱི་ངོ་སྤྲོད་བསྡུས་པ།

ར་ཏི་ཡེ་ཤེས་རྡོ་རྗེ།        2019-05-10

   

ཤར་མི་ཉག་གི་གནས་མཆོག་འབོ་གངས་དཀར་གྱི་ངོ་སྤྲོད་བསྡུས་པ།

   སྤྱིར་བགྲང་བྱ་གྲངས་མེད་པའི་གོང་རོལ་ཞིག་ཏུ། མཐའ་མེད་པའི་རྒྱ་མཚོ་ཆེན་པོའི་ཁར་གཡེང་བསྐྱོད་བྱེད་བཞིན་ཡོད་པའི་ས་ལེབ་ཆེན་པོ་གཉིས་གདོང་ཐུག་བརྒྱབ་པ་ལས་ཧི་མ་ལའི་རི་རྒྱུད་སོགས་རི་རྒྱུད་ཆེན་པོ་བཅུ་གསུམ་དང་། ཇོ་མོ་གླང་མ་དང་མི་ཉག་འབོ་གངས་དཀར་སོགས་རང་བྱུང་མན་ཤེལ་ལས་གྲུབ་པའི་ལྷ་ཡི་ཕོ་བྲང་གི་ཟོལ་དུ་གྲུབ་པའི་གངས་རི་ཆེན་པོ་ཉེར་གཅིག་གིས་བརྒྱན་པའི་མདོ་དབུས་མཐོ་སྒང་གི་རྣམ་པར་དོད་ཅིང་། རིམ་གྱིས་འཛམ་གླིང་གི་ཡང་རྩེར་འཕགས་པ་ལ། མི་རྣམས་ཀྱིས་ལྷ་ཡུལ་དང་། རི་བོ་མཆོག་རབ། འཕགས་མཆོག་ཕྱག་ན་པད་མོའི་ཞིང་ཁམས་སོགས་སུ་ངོས་འཛིན་མི་འདྲ་བ་དུ་མ་བྱེད་དོ། །

    བྱེ་བྲག་མི་ཉག་འབོ་གངས་དཀར་ནི་བོད་ཀྱི་གངས་ཆེན་བཞིའི་ཡ་གྱལ་གཅིག་ཡིན་ཏེ། སློབ་དཔོན་པདྨའི་ཞལ་ནས། རྒྱ་གར་བོད་མཚམས་གངས་རི་ཏི་སེ་དང་༔ མོན་དང་བོད་མཚམས་ཙཱ་རི་གངས་ཆེན་དང་༔ རྒྱ་དང་བོད་མཚམས་འབོ་ཡུལ་གངས་དཀར་དང་༔ བོད་དང་སོག་མཚམས་རྨ་ཆེན་གངས་དཀར་ཏེ༔ གླིང་ཆེན་བཞི་གྲགས་གངས་ཆེན་མིང་དུ་འདོགས༔ ཞེས་གསུངས་སོ། །

    ཤར་མི་ཉག་གི་ཟོ་དོར་གཉན་པོ་དགེ་བསྙེན་རྡོ་རྗེ་བློ་གྲོས་དང་བཙུན་མོ་གཡུ་ཡི་སྒྲོན་མ་ཡབ་ཡུམ་སྲས་འཁོར་དང་བཅས་པ་རི་འདིར་གནས་བཅས་ཤིང་གནས་འདིའི་གནས་བདག་དང་སྲུང་མ་མཛད། མ་ཟད་སྤྱིར་མི་ཉག་གི་མགོན་སྐྱབས་དང་རྒྱབ་རྟེན་དམ་པ་མཛད་ཅིང་བཞུགས་པའོ། །

    རི་འདིའི་ཕྱིའི་རྣམ་པ་དང་ཕན་ཡོན་ནི། ཕྱི་ཡི་རི་དབྱིབས་རྒྱལ་སྲིད་སྣ་བདུན་དང་༔ བཀྲ་ཤིས་རྟགས་བརྒྱད་དགེ་མཚན་དཔག་མེད་ཚུལ༔ འཛམ་གླིང་ཤིང་སྣ་མ་ལུས་ཐམས་ཅད་ཚང་༔ སྟག་གཟིག་དོམ་དྲེད་གཅན་གཟན་གནས་སྒོ་སྲུང་༔ དད་ཅན་ཐར་ཞིང་དམ་ཉམས་བསྒྲལ་བར་བྱེད༔ གཙོ་བོ་ཤེལ་གྱི་མཆོད་རྟེན་སཙྪའི་དབྱིབས༔ དབུ་ཏོག་ནོར་བུ་གསེར་མདོག་ངོས་བསྟན་ཡོད༔ བདེ་ཆེན་མཁའ་སྤྱོད་བདེ་མཆོག་ཕོ་བྲང་མཚུངས༔ རྩེ་ལ་གྲུབ་ཐོབ་རིག་འཛིན་བགྲང་མེད་བཞུགས༔ སྐེད་པར་ཡི་དམ་དཀྱིལ་འཁོར་མ་ལུས་རྫོགས༔ རྩ་བར་མཁའ་འགྲོ་ཆོས་སྐྱོང་སྲུང་མས་བསྐོར༔ ཕོ་བྲང་ནང་དབུས་གནས་བརྟན་ཡན་ལག་བཞུགས༔ གངས་རི་རྩེ་ལྡན་སྟོང་དང་ལྔ་བརྒྱ་ལ༔ དགྲ་བཅོམ་སྟོང་དང་ལྔ་བརྒྱ་བཞུགས་པའི་གནས༔ ངེས་པར་གནས་རྟགས་འཇའ་སྤྲིན་རྒྱུན་དུ་འཁྲིགས༔ ཞབས་ཕྱག་སྦར་རྗེས་ཕྱག་མཚན་ཡིག་འབྲུ་ཡོད༔ རི་ཕྲན་ལྷ་དང་ལྷ་མོ་མཆོད་འབུལ་ཚུལ༔ མདུན་ན་གཡུ་མཚོ་དུང་མཚོ་གསེར་མཚོ་ལྔ༔ མ་ཕམ་མཚོ་དང་ཁྱད་མེད་བདུད་རྩིའི་མཚོ༔ ཟས་འཐུང་ལྟོ་སོང་འཇིགས་པ་ཀུན་ལས་ཐར༔ ཆུ་བོ་གཞན་དང་སྲུང་གཏིང་དགུ་འགྱུར་མཐོ༔ ནགས་དང་སྤང་ལྗོངས་མེ་ཏོག་པདྨ་དང་༔ དགེ་མཚན་དཔེ་ཡི་རི་མོ་སྣ་ཚོགས་སྤྲས༔ སྦས་ལུང་ཕྲན་བུ་བརྒྱ་དང་བརྒྱད་ཀྱིས་བསྐོར༔ ཕྱག་རྟགས་སྐུ་གསུང་ཐུགས་རྟེན་རང་བྱུང་རེ༔ དེར་གནས་སྒྲུབ་པ་ཕོ་མོ་གྲུབ་ཐོབ་རེ༔ འབྲེལ་ཚད་དོན་ལྡན་རེ་རེ་ངེས་པར་འབྱུང་༔ ལྕགས་རི་ཆུ་བོ་གླིང་བཞིའི་ཆགས་ཚུལ་དངོས༔ སྦས་ལུང་རེ་ལ་མཁའ་འགྲོ་དཔག་མེད་དང་༔ གྲུབ་ཐོབ་རིག་འཛིན་ཆོས་སྲུང་དཔག་མེད་གནས༔ སྦས་ཕྲན་བརྒྱ་དང་རྩ་བརྒྱད་མཐའ་བསྐོར་བའི༔ རྟགས་ལ་སྐུ་གསུང་ཐུགས་རྟེན་རང་བྱུང་རེ༔ དེར་གནས་སྒྲུབ་པ་ཕོ་མོ་མྱུར་ལེན་རེ༔ འབྲེལ་ཚད་དོན་ལྡན་རེ་རེ་ངེས་པར་འབྱུང་༔ སྦས་ལུང་ཆེན་པོ་གཉིས་ནི་མཁའ་སྤྱོད་གནས༔ ཁྱད་པར་མེད་པར་ལས་ཅན་རེ་ཐར་ཞིང་༔ ཕལ་བ་སེམས་ཅན་ཐར་དཀའ་སྨོན་ལམ་ཐོབ༔ སྨོན་ལམ་བཏབ་པའི་སྒོ་ནས་དར་མོ་ཆེར༔ སྙིང་ཁུང་རུས་པའི་དཀྱིལ་ནས་གསོལ་བཏབ་ན༔ གང་བསམ་སྨོན་ལམ་འགྲུབ་པར་ཐེ་ཚོམ་མེད༔ ཅིས་ཕྱིར་ཞེ་ན་དར་མོ་ཆེ་ཡི་རྒྱུད༔ རྒྱུ་རྐྱེན་ཅི་ཡང་མ་གྲུབ་འོད་ཀྱི་ཚུལ༔ སྔར་འདས་སངས་རྒྱས་ཀུན་གྱིས་རབ་ཏུ་གནས༔ ད་ལྟའི་སངས་རྒྱས་རབ་གནས་དངོས་བསྟན་ཡོད༔ མ་བྱོན་སངས་རྒྱས་སྟོང་ཡང་རབ་གནས་པའི༔ ཁ་དོག་དབྱིབས་ལ་རྟེན་འབྲེལ་བརྟག་པར་བྱ༔ ལས་ལྡན་རིགས་བཟང་ཁ་དོག་སྣ་ཚོགས་མཐོང་༔ དཀར་པོ་མཐོང་ན་ནད་མེད་ཚེ་རིང་རྟགས༔ ཕྱི་མ་བདེ་བ་ཅན་དུ་ངེས་པར་སྐྱེ༔ སེར་པོ་མཐོང་ན་བསོད་ནམས་ལོངས་སྤྱོད་འཕེལ༔ ཕྱི་མ་ལོངས་སྤྱོད་ཅན་ལ་སྐྱེ་བའི་རྟགས༔ དམར་པོ་མཐོང་ན་དབང་གི་ཕྲིན་ལས་རྟགས༔ ལྷ་འདྲེ་མི་གསུམ་དབང་འདུས་ཆོས་རྒྱལ་སྐྱེ༔ ལྗང་དང་ནག་པོ་མཐོང་ན་འཕྲིན་ལས་རྟགས༔ སྔགས་པས་མཐོང་ན་དྲག་པོའི་ལས་འགྲུབ་ཅིང་༔ གཞན་གྱིས་མཐོང་ན་དྲག་སྒྲུབ་སྦྱིན་བསྲེག་འབད༔ བལྟས་ནས་མ་མཐོང་ལས་སྒྲིབ་ཉོན་སྒྲིབ་རྟགས༔ ཡིག་བརྒྱ་ཁས་ལེན་ཕྱག་འཚལ་གསོལ་བ་ཐོབ༔ གཉིས་པ་མ་མཐོང་སྡིག་སྒྲིབ་ཉེས་ལྟུང་རྟགས༔ སྡིག་སྤང་དགེ་བསྒྲུབ་གནས་ཆེན་སྐོར་བ་བྱ༔ གསུམ་པ་མ་མཐོང་ཚོགས་བསྐང་བརྒྱ་རྩ་དང་༔ མར་མེ་ཇོ་དར་ཚེ་ཐར་བསྐོར་ཕྱག་འཚལ༔ དེ་མཐོང་ལྷ་ཡི་དངོས་གྲུབ་ལོན་པའི་རྟགས༔ ལྔ་པ་མ་མཐོང་ལས་མེད་དངོས་གྲུབ་མེད༔ དགེ་བ་མ་བྱེད་ངན་སོང་དུཿཁས་མནར༔ སྨོན་ལམ་རྟེན་འབྲེལ་འགྲུབ་པར་ཐེ་ཚོམ་མེད༔ གཞན་ཡང་བསང་དུད་འཇའ་དང་ཐིག་ལེ་དང་༔ ཕྱག་མཚན་རྡོར་དྲིལ་ལྷ་སྐུ་ཡིག་འབྲུ་སོགས༔ ལས་ལྡན་རེ་རེ་དངོས་སུ་མཇལ་བ་འོང་༔ སྒྲ་སྙན་རོལ་ཆ་གར་གླུ་པི་ཝང་སྒྲ༔ རྨི་ལམ་དག་སྣང་མ་འོངས་ལུང་བསྟན་སོགས༔ ཕལ་ཆེར་ཀུན་གྱིས་ཚོར་བས་ལེགས་པར་བརྟག༔ ཟླ་གཅིག་བསྐོར་ལམ་ནང་གི་གནས་ཕྲན་ན༔ ཞབས་རྗེས་སྐུ་རྗེས་ཕྱག་མཚན་ཡིག་འབྲུ་སོགས༔ བསམ་གྱིས་མི་ཁྱབ་བརྗོད་ཀྱིས་མི་ལང་ཡོད༔ ལན་གཅིག་བསྐོར་བས་མ་ཎི་དུང་ཕྱུར་མཉམ༔ ལས་ཅན་གྲུབ་ཐོབ་ལས་ངན་སྒྲིབ་པ་དག༔ གནས་འདིར་འབྲེལ་ཙམ་བླ་མེད་བྱང་ཆུབ་ཐོབ༔ ཅེས་གསུངས་སོ༔

    ནང་ལྟར་ན། འཕགས་པའི་གནས་བསྟན་ཡན་ལག་འབྱུང་ཞེས་ལ༔ དགྲ་བཅོམ་སྟོང་དང་ལྔ་བརྒྱ་གནས་པ་ཡིན༔ དུས་བཞིར་གནས་པའི་གངས་ཆེན་བཞི་པོ་ལ༔ གཞན་ཡང་སངས་རྒྱས་བྱང་སེམས་དཔག་མེད་དང་༔ རིག་འཛིན་གྲུབ་ཐོབ་མཁའ་འགྲོ་བསམ་མི་ཁྱབ༔ ཅེས་སོ། །

    གནས་འདིར་ཕྱག་མཆོད་སྐོར་བ་བྱས་པའི་ཕན་ཡོན་ནི། ཕྱག་འཚལ་བསྐོར་བ་མཆོད་པ་སུས་བྱས་ཀུན༔ སྡིག་སྒྲིབ་དག་ཅིང་མཐོ་རིས་དགྲ་བཅོམ་ཐོབ༔ ཚེ་རིང་ནད་མེད་བདེ་ཐོབ་སྡུག་བསྔལ་བྲལ༔ སྨོན་ལམ་གང་བཏབ་འགྲུབ་པར་ཐེ་ཚོམ་མེད༔ སྲིད་པ་ཆགས་པའི་གངས་ཆེན་རི་བོ་བཞི༔ རི་བོ་ཏ་ལའི་ཕོ་བྲང་ཁྱད་པར་མེད༔ དད་ཅན་རི་འདི་མཐོང་བ་ཙམ་གྱིས་ཀྱང་༔ བསྐལ་པ་སྟོང་དུ་བསགས་པའི་སྡིག་སྒྲིབ་དག༔ ཕྱག་དང་བསྐོར་བ་མཆོད་པ་གསོལ་བཏབ་ན༔ ལས་ངན་མཐའ་ཆོད་བྱང་ཆུབ་ས་ཐོབ་འགྱུར༔ སྒྲུབ་ལ་བརྩོན་པ་ཞག་བདུན་བསྙེན་བསྒྲུབ་ཀྱིས༔ དགོན་གཞན་དག་ལ་ཚེ་གཅིག་སྒྲུབ་པར་མཉམ༔ བདུན་ཕྲག་གསུམ་མམ་ཞག་བརྒྱ་ལོ་སྒྲུབ་ན༔ རབ་ནི་ཕུང་པོ་འོད་གསལ་འཇའ་ལུས་འགྲུབ༔ འབྲིང་ནི་ཚེ་རིང་ནད་མེད་བསམ་དོན་འགྲུབ༔ ཐ་མ་འབྲེལ་ཚད་དོན་ལྡན་སངས་རྒྱས་སོ༔ སྡིག་ཅན་ཤན་པ་བུད་མེད་གཅན་གཟན་ཡང་༔ གནས་འདི་མཐོང་བས་མཐོ་རིས་ཐོབ་ངེས་སོ༔

     གནས་འདིར་སྐོར་བ་བྱ་ཚུལ་ནི། དབྱར་ལ་སྒང་དང་དགུན་ལ་དངུལ་ཆུ་འགྲམ༔ དཔྱིད་སྟོན་གཉིས་ལ་ཤོ་བ་གཤོང་ལམ་གཉིས༔ དང་པོ་སྒང་ལམ་རི་བོ་ཆེ་ཡི་རྩར༔ གོང་ལྟར་བསང་དང་གསེར་སྐྱེམས་བདེན་བདར་སོགས༔ ཚུལ་བཞིན་བྱེད་སོང་ལམ་ཁར་ལབ་ཙེ་གཅིག༔ དེ་ཡི་གཡས་སོང་གངས་ཀྱི་ཉག་གཅིག་བུད༔ ལུང་པ་ཐུར་རྒྱུག་གཤོང་ལམ་ན་བ་སྤང་༔ ཆུ་མིག་རྩར་སླེབ་ལབ་ཙེར་བསང་དུད་གཏོང་༔ གནས་བདག་རྣམས་ལ་ཕྲིན་ལས་བཅོལ་བར་བྱ༔ ཆུ་མིག་ཆུ་དེད་སྤང་ནགས་བྲག་འགག་ཐུག༔ ཐེ་ཚོམ་མེད་པར་གསོལ་བཏབ་ཆུ་ལ་བགྲོད༔ བྲག་ཕུག་གཅིག་ཡོད་དེར་སླེབ་གསོལ་བ་ཐོབ༔ བདུད་དང་སྲིན་པོ་གནས་བདག་ཕོ་བྲང་ཡིན༔ བལ་མཚོན་རས་གོས་རིན་ཆེན་སྣ་ཚོགས་མཆོད༔ དེ་ནས་བལྟས་ན་རི་རྩེར་ཧར་ཉག་གཅིག༔ ལེགས་པར་བལྟས་པས་ལམ་གཟུགས་ཏ་ལེ་ཡོད༔ དེ་རུ་མཚན་འགྲོ་ནམ་ལང་ཉི་ཤར་ཙམ༔ ཕྱག་འཚལ་གསོལ་བ་སྨོན་ལམ་གོས་གསར་གྱོན༔ འཕྲལ་དུ་མ་འགྲོ་ཚོད་ཟིན་དལ་བར་སོང་༔ དཔའ་བོ་དཔའ་མོའི་གེགས་དང་ཆོ་འཕྲུལ་སོགས༔ འཇིགས་སྐྲག་འབྱུང་སྟེ་གསོལ་བཏབ་ཐེ་ཚོམ་མེད༔ དེར་སོང་བྲག་ངོས་མཆོད་རྟེན་རང་བྱུང་དང་༔ ལྷ་ཁང་གཅིག་ཡོད་བདུད་རྩིའི་ཆུ་མིག་ཡོད༔ ཕྱག་འཚལ་སྐོར་བ་ཆུ་འཐུང་བདུན་ཕྲག་འདུག༔ དེ་སོང་བར་ཆད་མེད་པས་གནས་རྣམས་ཉུལ༔ ཐང་གི་དཀྱིལ་ན་མཚོ་ཆེན་གཅིག་ཡོད་པ༔ ལྷ་དང་ལྷ་མོའི་ཁྲུས་ཆུ་སྤོས་ངད་ལྡན༔ དེ་ལ་འཐུང་ཟོས་ལོངས་སྤྱོད་བྱེད་གྱུར་ན༔ ཚེ་རིང་ནད་མེད་ཕྱི་མ་བདེ་ཆེན་འཐོབ༔ མཚོ་འགྲམ་རྡོ་ཡི་མཆོད་རྟེན་རང་བྱུང་གསུམ༔ གཅིག་ནི་ལྷ་ཡུལ་དྲངས་པའི་མཆོད་རྟེན་ཡིན༔ གཅིག་ནི་ཀླུ་ཡུལ་དྲངས་པའི་མཆོད་རྟེན་ཡིན༔ གཅིག་ནི་མི་ཡིས་བརྩིགས་པའི་མཆོད་རྟེན་གསུམ༔ སངས་རྒྱས་རབ་བདུན་འཕེལ་གདུང་རིང་བསྲེལ་བཞུགས༔ ལྷ་ཀླུ་མི་གསུམ་ཆོས་གཏེར་ནོར་གཏེར་བཞུགས༔ མཐོང་ཐོས་དྲན་རེག་གྲོལ་བར་ཐེ་ཚོམ་མེད༔ དེའི་མཐའ་མ་རྨོས་ལོ་ཏོག་ཐམས་ཅད་སྨིན༔ རྨོས་ཀྱང་འབྲུ་དྲུག་ཐམས་ཅད་རྒྱས་པར་འབྱུང་༔ མཐའ་ནས་སྒྲུབ་ཕུག་མང་པོ་བྱིན་རླབས་ནས༔ བར་མཚམས་སྨན་གྱི་རིགས་བྱེད་ཤིང་ཏོག་སོགས༔ ལ་ལ་མངར་དང་ལ་ལ་སྐྱུར་བ་དང་༔ ལ་ལ་ཚ་ཞིང་ལ་ལ་འཇམ་པ་སོགས༔ རང་རང་འདོད་པའི་ཁམས་དང་མཐུན་པ་ཡོད༔ ཕར་ཚུར་ལུང་ཕྲན་ཆུ་མིག་མི་འདྲ་རིགས༔ ལ་ལ་ཚ་ཞིང་ལ་ལ་དྲོད་འཇམ་ཞིང་༔ ལ་ལ་གྲང་ཞིང་ལ་ལ་བདུད་རྩི་འདྲ༔ ལྟོ་ན་མི་འདུག་ན་ཚ་ཐམས་ཅད་ཞི༔ རེ་རེའི་ཁ་ནི་སྒྲུབ་པའི་ཁང་བུ་རྣམས༔ ས་རྡོ་མེད་པར་འཇའ་འོད་ཚུལ་དུ་ནི༔ ལྷ་དང་ལྷ་མོ་དཔག་མེད་གྲོང་ཁྱེར་ཡོད༔ ཉིན་པར་སྤྲིན་དང་འཇའ་ཚོན་རྒྱུན་དུ་འཁྲིགས༔ ལྷ་དང་ལྷ་མོ་རིག་འཛིན་གྲུབ་ཐོབ་རྣམས༔ མི་དང་མི་འཕྲད་ཚུལ་དུ་མཇལ་བ་དང་༔ གཏམ་གླེང་འགྲོ་རོགས་དགའ་རྩེ་བྱེད་ཆོག་ཡོད༔ འདས་དང་མ་བྱོན་ད་ལྟར་སངས་རྒྱས་ཀྱི༔ བཀའ་ཆོས་གླེགས་བམ་མངོན་སུམ་བརྩེགས་པ་བཞུགས༔ རིན་ཆེན་སྣ་ཚོགས་འཛད་མེད་གཏེར་མཛོད་ཡོད༔ ད་ལྟ་སྒྲུབ་ཕུག་ལོགས་ཙམ་ཡར་བཟུང་ལ༔ རིག་འཛིན་གྲུབ་ཐོབ་མང་པོའི་གནས་མལ་ཡོད༔ མ་འོངས་དོན་དུ་སྐུ་རྗེ་ཕྱག་ཞབས་རྗེས༔ ཡིག་འབྲུ་ཕྱག་མཚན་བཞུགས་ཁྲི་བཅས་པ་རྣམས༔ མངོན་སུམ་བཞག་པ་གནས་སྒོ་དབྱེ་བའི་ཚེ༔ ཕལ་བ་སེམས་ཅན་སླེབ་ཚེ་ལྷ་སྐུ་དང་༔ ལྷ་དང་ལྷ་མོ་སྐལ་ལྡན་དེས་མཐོང་ཞིང་༔ བག་ཆགས་ཆེ་བ་ཀུན་གྱིས་མཐོང་བ་དཀའ༔ འཇའ་དང་བཞུགས་ཁྲི་ཕྱག་ཞབས་སྒྲུབ་ཕུག་བཅས༔ ང་ཡིས་བྱིན་གྱིས་བརླབས་ཤིང་རབ་གནས་བྱས༔ བཀྲ་ཤིས་རྟེན་བཞུགས་འགྲོ་མགོན་སྨོན་ལམ་བཏབས༔ ད་ལྟ་རང་རེ་གནས་མལ་འདུག་བཞིན་ཡོད༔ ལོ་གསུམ་བདུན་བར་མ་རྨོས་ལོ་ཏོག་གི༔ བཟའ་བཏུང་ལོངས་སྤྱོད་འབད་སྒྲུབ་རྩོལ་མི་དགོས༔ དེ་ནས་རིམ་བཞིན་རྨོས་པའི་ལོ་ཏོག་ཟོས༔ ཅིས་ཀྱང་འདིར་སླེབ་འཁོར་བའི་སྡུག་བསྔལ་བྲལ༔ འཇིགས་པ་བརྒྱད་སོགས་མིང་ཡང་ཐོས་མི་འགྱུར༔ སེམས་ཅན་འབུམ་ཕྲག་གཅིག་གིས་གནས་༼ས་༽ཡོད༔ ཚེ་འདིར་ཚེ་རིང་བདེ་སྐྱིད་ཕུན་སུམ་ཚོགས༔ ཕུང་པོ་འཇའ་ལུས་འགྲུབ་ཅིང་སངས་རྒྱས་སོ༔ གཤོང་ལམ་རྒྱལ་ཡུལ་དངུལ་ཆུའི་འགྲམ་ལ་བཙལ༔ སྲིན་པོ་གན་ཀྱལ་གསང་གནས་འདྲ་བ་ལ༔ ལམ་ཡིག་གནས་ཡིག་གསལ་བ་ཆ་ཚང་དང་༔ བསྟན་པ་དར་ནུབ་ལུང་བསྟན་ཐམས་ཅད་ཡོད༔ པདྨོ་ལྗོངས་ཞེས་སྦས་ལུང་ལམ་དེར་གསལ༔ འདི་ཕྱོགས་གཤོང་ལམ་སྒང་ལམ་གཅིག་མཆིས་ཏེ༔ གངས་བྲག་ལམ་དང་ཆུ་ཆེན་ལམ་བསྒྲོད་དཀའ༔ སེམས་ཅན་འབུམ་ཕྲག་དཔག་མེད་གནས་ལམ་དང་༔ མ་རྨོས་ལོ་ཏོག་རྨོས་པའི་འབྲུ་སྣ་དང་༔ འདོད་ཡོན་ལོངས་སྤྱོད་འབད་མེད་ལྷུན་གྲུབ་ཡོད༔ རྩི་ཤིང་ས་རྡོ་ཆུ་བོ་ཆུ་ཕྲན་བཅས༔ ཕན་བྱེད་སྨན་དང་བདུད་རྩིའི་རང་བཞིན་ཡིན༔ ལྷ་ཡི་ཕོ་བྲང་བསམ་གྱིས་མི་ཁྱབ་དང་༔ སྒྲུབ་གནས་རང་བྱུང་དཔག་ཏུ་མེད་པ་ཡོད༔ ཐམས་ཅད་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས༔ བྱིན་གྱིས་བརླབས་པའི་གནས་མཆོག་ཡིན་པའི་རྟགས༔ བར་སྣང་འཇའ་དང་ས་གཞི་རྩི་ཤིང་རྣམས༔ དབྱར་དགུན་མེད་པར་དུས་བཞི་འགྱུར་ལྡོག་མེད༔ རི་དྭགས་གཡུང་དྭགས་བྱ་བྱིའུ་འབུ་སྲིན་བཅས༔ དཔའ་བོ་དཔའ་མོ་རྫུ་འཕྲུལ་བསམ་མི་ཁྱབ༔ ཚེ་རིང་ནད་མེད་འཇིགས་པའི་བག་ཆགས་བྲལ༔ ནམ་ཞིག་འཕོས་ཚེ་དཔའ་བོ་དཔའ་མོའི་ཚོགས༔ དུས་མཉམ་འོད་ཐིམ་འཆི་བའི་སྡུག་བསྔལ་མེད༔ འཁོར་བ་ཕྱིར་ལ་མི་ལྡོག་མངོན་སངས་རྒྱས༔ ཡོན་ཏན་བརྗོད་ཀྱིས་མི་ལང་བསམ་འདས་ཀྱང་༔ འགྲོ་བའི་དོན་ལ་ཟུར་ཙམ་བསྟན་པ་འདི༔ ཡི་གེར་ཐོབས་ཤིག་མ་འོངས་སེམས་ཅན་དོན༔ མཁའ་འགྲོ་གསང་བའི་མཛོད་ལ་གཏེར་དུ་སྦོས༔ ཞེས་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ལ་སློབ་དཔོན་པདྨ་འབྱུང་གནས་ཀྱིས་གསུངས་ཤིང་གཏེར་དུ་སྦས། ཕྱེས་གཏེར་སྟོན་གར་དབང་ཉི་ཟླ་སྙིང་པོས་གཏེར་ནས་བཏོན་པའི་གནས་ཀྱི་དཀར་ཆག་སོགས་ལས་ཆེ་ལོང་ཙམ་བཏུས་ནས་ར་ཏི་ཡེ་ཤེས་པས་གསལ་བར་བཀོད་པའོ། །

 


  • ལེ་ཚན་སྔོན་མ།:གནས་སྒོ་བརྒྱ་ཡི་ལྡེ་མིག་གནས་མཆོག་ཨོཾ་བརྒྱ་གནས་རི།
  • ལེ་ཚན་རྗེས་མ།:གནས་མཆོག་བྱང་ཙཱ་རིའི་ངོ་སྤྲོད་གཅེས་བཏུས་རབ་གསལ་མ་ཀུ་ར།