༄༅།། བྲག་སྒོ་ཀཀྞི།

        2016-01-19

༄༅།། བྲག་སྒོ་ཀཀྞི།

བྲག་སྒོ་ཀཀྞི་ནི་ལྷ་སའི་དམར་པོ་རི་དང་ལྕགས་པོ་རི་གཉིས་ཀྱི་བར་དུ་གནས་ཤིང་། མཆོད་རྟེན་ཆེ་ཆུང་གསུམ་ཡོད་པ་ལས་མཆོད་རྟེན་ཆེ་བ་ཀჄ ་ནི་ལམ་གྱི་དབུས་དང་། གཞན་ཆུང་བ་གཉིས་ནི་དམར་པོ་རི་དང་ལྕགས་པོ་རི་གཉིས་ཀྱི་སྣེ་སོ་སོར་གནས། བྲག་སྒོ་ཀཀྞི་ནི་ལོ་རྒྱུས་ཡུན་རིང་ལྡན་པ་དང་ལྷ་སར་སྐད་གྲགས་ཆེ་ཙམ་ཡོད་པའི་མཆོད་རྟེན་ཞིག་ཡིན།
  གནས་དེར་མཆོད་རྟེན་དེ་འདྲ་ཞིག་བཞེངས་པའི་དགོས་པ་ནི་སྔ་དུས་ལྕགས་པོ་རི་དང་དམར་པོ་རི་གཉིས་མུ་འབྲེལ་ནས་གླང་པོ་ཆེ་དང་སེང་གེ་མཇུག་མ་སྦྲེལ་བ་ལྟ་བུ་ཡོད་པ་ནི་ས་དཔྱད་ཀྱི་དབང་དུ་ཧ་ཅང་དགེ་མཚན་ལྡན་པ་ཞིག་ཡིན་པ་སྟེ། རྒྱ་བཟའ་ཝུན་ཁྲིན་ཀོང་ཇོས་བོད་དུ་བསྣམས་ཕེབས་པའི་ས་དཔྱད་ཡིག་རིགས་དང་ཐང་རྒྱལ་རབས་ཀྱི་དུས་དཀྱིལ་དུ་རྒྱ་གར་གྱི་པཎྜི་ཏ་དུ་ཧར་ནག་པོས་བོད་དུ་བསྣམས་ཕེབས་པའི་ས་དཔྱད་ཡིག་རིགས་ཁག་གཉིས་ཀྱི་ནང་། ཡུལ་གྲོང་དང་རྒྱལ་པོའི་ཕོ་བྲང་ཆགས་སའི་ཐང་གི་དཀྱིལ་དུ་རི་ཆུང་གི་སྣེ་ཕན་ཚུན་སྦྲེལ་བ་ཡོད་ན་ཡུལ་སྡེ་དེའི་མི་རྒྱུད་ནང་ཤེས་ཡོན་འཛོམས་ཤིང་འཇོན་ཐང་ལྡན་པའི་རྒྱུད་པ་བར་མཚམས་མ་ཆད་པ་ཡོང་བ་དང་། རི་སྣ་ཕན་ཚུན་ཆད་ན་དེ་ལས་ལྡོག་པའི་སྐྱོན་ཆ་འབྱུང་ཚུལ་བཤད་ཡོད། འོན་ཀྱང་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་སྐབས་བྲིས་པ་ཡིན་ཟེར་བའི་ལོ་རྒྱུས་ཡིག་ཆ་འགའ་ཞིག་གི་ནང་དུ་ལྷ་སྒྲུང་ལྟ་བུའི་སྒྲོ་བཏགས་ཀྱི་གཏམ་རྒྱུད་མང་པོ་ཞིག་ཡོངས་གྲགས་ཀྱི་བཤད་སྲོལ་རྒྱུན་འབྱམས་སུ་གྱུར་ཏེ། རྒྱ་བཟའ་རྗེས་མ་ཅིན་ཁྲེན་ཀོང་ཇོས་རང་གི་བུ་ཁྲི་སྲོང་ལྡེའུ་བཙན་རྒྱལ་པོའི་བཙུན་མོ་ཆེ་བ་སྣ་ནམ་བཟས་འཕྲོགས་པའི་དགྲ་ཤ་ལེན་ཆེད་དུ། ལྷ་ས་དང་ལྷོ་ཁར་བོད་ཀྱི་ཡར་རྒྱས་ལ་ཕན་ཐོགས་ཡོད་པའི་རི་དཔྱད་བཟང་པོ་ཁག་གཏོར་སྐབས་དམར་པོ་རི་དང་ལྕགས་པོ་རིའི་བར་རི་སྣ་འབྲེལ་བ་བཅད་པ་དང་། རྗེས་སུ་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་རང་གི་ཡུམ་རྒྱ་བཟའ་ཡིན་པར་ངོས་འཛིན་གནང་བར་བརྟེན། རྒྱ་བཟའ་སེམས་དགའ་ནས་བོད་ཀྱི་རི་དཔྱད་ཉམས་སུ་བཅུག་པ་དེ་ཚོར་འགྱོད་པ་སྐྱེས་ཏེ་དམར་ལྕགས་གཉིས་ཀྱི་རི་སྣ་བཅད་པ་ཉམས་གསོ་བྱེད་ཆེད་རི་སྣ་གཉིས་སུ་མཆོད་རྟེན་རེ་དང་། རི་སྣ་མཐུད་མཚམས་སུ་མཆོད་རྟེན་ཆེན་པོའི་འོག་ཏུ་འགྲོ་ལམ་ཡོད་པ་བཟོས་པ་ཡིན་ཞེས་གྲགས་པ་མ་ཟད། སྐབས་དེར་རྒྱ་དཀར་ནག་གཉིས་ནས་བོད་དུ་ས་དཔྱད་ཀྱི་གཞུང་ལས་ཐང་ཆེན་པོའི་དཀྱིལ་དུ་རི་སྣ་ཆད་པ་ཡོད་ན་ཡུལ་གྱི་སྣོད་བཅུད་ལ་གནོད་པ་ཡོད་པའི་རྒྱུ་མཚན་མང་པོ་བཤད་ཡོད་པ་ཁུངས་སུ་བྱས་ནས་བོད་ཀྱི་རྒྱལ་རབས་རིམ་བྱུང་སྐབས་ཡང་ཡང་ཉམས་གསོ་བྱས་པའི་ལོ་རྒྱུས་ཡོད་པ་སྟེ། ཀརྨ་བསྟན་སྐྱོང་གིས་སྲིད་དབང་བཟུང་སྐབས་དང་། དེ་རྗེས་བོད་རབ་བྱུང་བཅུ་གཅིག་པའི་མི་གླང(1637)ལོར་སྡེ་སྲིད་བསོད་ནམས་རབ་བརྟན་གྱིས་ཉམས་གསོ་གནང་བ་དེ་ཡང་འགྱེལ་ཞིག་ཏུ་ཉེ་བས་བོད་རབ་བྱུང་བཅུ་གཅིག་པའི་མི་རྟ(1666)ལོར་སྡེ་པ་འཕྲིན་ལས་རྒྱ་མཚོས་གསར་བཞེངས་རྒྱས་སྐྲུན་གནང་རྩིས་ཀྱང་རྩིག་རྨང་ཚད་ལོང་མ་བྱུང་བས་གས་སྐྱོན་བྱུང་། བོད་རབ་བྱུང་བཅུ་གཅིག་པའི་མི་ལུག(1667)ལོར་བསྐྱར་དུ་གསར་བཞེངས་མཛད། མཆོད་རྟེན་དེ་ཕྱི་གཡུ་རྩིས་གཏུམ་པར་དགོངས་ཀྱང་དེའི་ཐད་བཟོ་བོའི་ལག་རྩལ་གདེང་འཁེལ་བ་མིད་པས་གསེར་ཟངས་ཀྱིས་བཏུམས་པའི་ཆོས་འཁོར་བཅུ་
  གསུམ་པདྨ་དང་ཐུགས་རྗེ་མདོ་གཟུངས་བཅས་གསར་བཟོ་དང་། གནམ་རྒྱན་དུ་ངན་སོང་སྦྱོང་རྒྱུད་ཀྱི་དཀྱིལ་འཁོར་བཅུ་གཉིས་དང་། དབུས་སུ་ཚེ་དཔག་མིད་ལྷ་སྐུའི་དཀྱིལ་འཁོར་གསར་བྲིས། མཆོད་རྟེན་གསུམ་ལ་ལྕགས་ཐག་དང་རླུང་དྲིལ་ངོ་གྲངས་སུམ་ཅུ།དེ་བཞིན་ནང་རྟེན་གཟུང་གཞུག་དང་བཅས་པ་གསར་བཞེངས་མཛད། དེ་རྗེས་རྒྱལ་བ་སྐུ་ཕྲེང་བརྒྱད་པའི་དུས་སུའང་ཉམས་གསོ་གནང་བ་དང་། རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པའི་དུས་སུ་གཞི་རྒྱ་ཆེ་བའི་ཉམས་གསོ་གསར་སྐྲུན་གནང་སྟེ་ཐུགས་དམ་དགོངས་དོན་བཞིན་གཟུང་གཞུག་ཏུ་དབང་འདུས་འཁོར་ལོ་ཟབ་རྒྱ་ཅན་ཁ་ཤས་དང་། བླ་རྡོ་ཁག་བར་ཆད་སེལ་ཕྱིར་བསོད་རྒྱས་ཀྱི་གཏེར་ཕུར་གཙོ་བོར་བཞག་པའི་ཕུར་པའི་དཀྱིལ་འཁོར་དང་འབྲེལ་ཕུར་པ་ཆ་ཚང་། ཕུར་པའི་སྐུ་བརྙན་འབུམ་ཕྲགསྟོན་པ། འཇིགས་བྱེད། ཨོ་རྒྱན་སོགས་ཀྱི་སྐུ་བརྙན་སོ་སོར་འབུམ་ཕྲག་བཀའ་འགྱུར་རིན་པོ་ཆེ་ཆ་ཚང་བཅས་དང་། གཞན་ཡང་ཆོས་འཁོར་བཅུ་གསུམ་གྱི་རྩེ་མོ་ནས་ལྕགས་ཐག་ཏུ་འབྲེལ་བ་ཕྱོགས་རེར་དྲིལ་བུ་བདུན་རེར་གཏེར་ལུང་དགོངས་དོན་བཞིན་ཟངས་ཀྱི་དྲིལ་ལྕེར་བྱང་བུར་དབང་འདུས་ཀྱི་སྔགས་དང་། འབྱུང་བཞིའི་གནོད་བཟློག་སྔགས་དང་བཅས་རྩིག་པ་སྲ་ཞིང་བརྟན་པ་དང་བཟོ་བཀོད་བརྗིད་ཆགས་པ་རྣམ་པར་བཀྲ་བའི་མཆོད་རྟེན་དེ་དག་སྐྱེ་བོ་ཀུན་གྱི་མིག་ལམ་དུ་ཁྲ་ལམ་མིར་མཐོང་རྒྱུ་ཡོད་ལ་ལྷ་སའི་ནུབ་ཕྱོགས་ནས་ཡོང་མཁན་རྣམས་བྲག་སྒོ་ཀཀྞི་བརྒྱུད་ནས་ཡོང་གི་ཡོད་པས་དེ་ནི་ལྷ་སའི་ནུབ་ངོས་ཀྱི་གཞུང་སྒོ་ལྟ་བུ་ཡིན། མཆོད་རྟེན་གསར་བཞེངས་ཀྱི་རྒྱུ་འགྲོ་ས་རྡོ་ཤིང་སོགས་མ་ཚུད་པའི་ཟངས་དམར་ཁོ་ན་མཁར་ཁལ་སུམ་བརྒྱ་དགུ་བཅུ་གོ་དྲུག་ལྷག་ཙམ་དང་། གསེར་འདམ་ཞོ་ལྔ་སྟོང་ལྔ་བརྒྱ་བཞི་བཅུ་ཞེ་ལྔ།དངུལ་ཆུ་ཞོ་ཆིག་ཁྲི་སུམ་སྟོང་དགུ་བརྒྱ་བཞི་བཅུ་ཞེ་ལྔ། བལ་པོའི་བཟོ་བོ་ཚུད་པའི་ཟངས་བཟོ་པ་སུམ་ཅུ་ཙམ་ལ་གླ་ཡོན་འབྲུར་ཕབ་ན་འབྲུ་ཁལ་ཆིག་སྟོང་དྲུག་བརྒྱ་སྐོར་བཅས་བཏང་བ་ཡིན་འདུགདེ་རྗེས་བོད་རབ་བྱུང་བཅུ་དྲུག་པའི་མི་རྟ (1966)ལོར་རིག་གནས་
གསར་བརྗེ་ཆེན་པོ་ཞེས་པའི་ཟིང་འཚུབ་སྐབས་མཆོད་རྟེན་གསུམ་ཀ་གཏོར་བརླག་བཏང་མཐར་བོད་རབ་བྱུང་བཅུ་བདུན་པའི་ཤིང་ཕག(1995)ལོར་སྲིད་གཞུང་ནས་པོ་ཏ་ལའི་ཐང་ཆེན་གསར་སྐྲུན་སྐབས་མཆོད་རྟེན་རྣམ་གསུམ་བསྐྱར་བཞེངས་ཀྱིས་གནའ་བོའི་བརྗིད་ཉམས་སླར་ཡང་མངོན་པར་བྱས། བྲག་སྒོ་ཀཀྞིའི་མཆོད་རྟེན་གསུམ་ཡོད་པའི་དབུས་ཀྱི་མཆོད་རྟེན་ནི་ཆོ་འཕྲུལ་མཆོད་རྟེན་གྱི་བཟོ་དབྱིབས་དང་། དམར་པོ་རིའི་སྣེར་བསྐྲུན་པའི་མཆོད་རྟེན་ནི་རྣམ་རྒྱལ་མཆོད་རྟེན་གྱི་གཟུགས་དབྱིབས། ལྕགས་པོ་རིའི་སྣེར་བསྐྲུན་པ་ནི་བྱང་ཆུབ་མཆོད་རྟེན་ཡིན། དམར་པོ་རི་སྣེའི་རྣམ་རྒྱལ་མཆོད་རྟེན་དང་ཉེ་བར་བྲག་སྒོ་རབ་འབྱམས་པའི་བཞུགས་གནས་སུ་གྲགས་པའི་སྒྲུབ་ཁང་ཆུང་ཆུང་ཞིག་ཡོད་པ་ནི་རྒྱལ་དབང་ལྔ་བ་བློ་བཟང་རྒྱ་མཚོས་བྲག་སྒོ་རབ་འབྱམས་པ་སྐུ་གཤེགས་པའི་རྗེས་དྲན་དུ་རབ་འབྱམས་པ་བྱ་བྲལ་གྱི་བརྟུལ་ཞུགས་འཛིན་ཏེ་བསྙེན་སྒྲུབ་མཛད་པའི་གནས་དང་དགོངས་པ་མྱ་ངན་ལས་འདས་པའི་ཤུལ་རྡོ་སྐྱོར་བསྐོང་བའི་ས་དེ་རང་ལ་སྒྲུབ་ཁང་ཞིག་བཞེངས་ཐོག་དེར་བྲག་སྒོ་རབ་འབྱམས་པའི་དབུ་ཐོད་ནང་རྟེན་དུ་བཞུགས་སུ་གསོལ་ཞིང་། ལྔ་པ་ཆེན་པོ་སྐུ་དངོས་ཀྱིས་རབ་གནས་མཛད་ཡོད་པར་གྲགས་པ་དེ་ཡང་ད་ལྟ་གསར་བཞེངས་གནང་ཡོད།།
  《དུང་དཀར་ཚིག་མཛོད》ལས་དྲངས།
 
  • ལེ་ཚན་སྔོན་མ།:བོད་ཁམས་ཀྱི་རི་རྒྱུད་གྲགས་ཅན།
  • ལེ་ཚན་རྗེས་མ།:༄༅། །དཔལ་ཆེན་ཆུ་བོ་རི།