བོད་ཁམས་ཀྱི་རི་རྒྱུད་གྲགས་ཅན།

        2013-12-23

བོད་ཁམས་ཀྱི་རི་རྒྱུད་གྲགས་ཅན།

༢.༡ཧི་མ་ལ་ཡ་རི་རྒྱུད།
འདི་ནི་བོད་ལྗོངས་ཀྱི་ལྷོ་མཐའ་དང་པ་ཀི་སི་ཐན།རྒྱ་གར།བལ་བོ།འབྲས་ལྗོངས།འབྲུག་ཡུལ་བཅས་ཀྱི་བར་དུ་ཆགས་ཤིང་།འཛམ་གླིང་ཐོག་ཆེས་མཐོ་ཞིང་རིང་ལ་རི་ཚོགས་མང་པའི་རི་རྒྱུད་རེད།རི་རྒྱུད་འདིའི་རིང་ཚད་ལ་སྤྱི་ལེ་༢༤༠༠ལྷག་དང་།ཞེང་ཚད་སྤྱི་ལེ་༢༠༠ནས་༣༠༠ལྷག་ཡོད།རི་རྒྱུད་ཀྱི་སྣེ་གཉིས་བྱང་དུ་གུག་ཅིང་དཀྱིལ་ལྷོ་ཕྱོགས་སུ་འབུར་བས་གཞུ་དབྱིབས་དང་མཚུངས་ལ་མཐོ་ཞིང་གཟར།ཆ་སྙོམས་ཀྱི་མཐོ་ཚད་མཚོ་ངོས་ནས་སྨི་༦༠༠༠ལྷག་ཡོད་པ་དང་།མཐོ་ཚད་སྨི་༧༠༠༠ཅན་གྱི་རི་བོ་བཞི་བཅུ་ལྷག་དང་སྨི་༨༠༠༠ཅན་གྱི་རི་བོའང་དུ་མ་ཡོད།དེ་ལས་བོད་ཁོངས་དང་བལ་བོད་ས་མཚམས་སུ་ཇོ་མོ་གླང་མ་སོགས་མཐོ་ཚད་སྨི་༨༠༠༠ཅན་གྱི་རི་བོ་ལྔ་ཡོད།
༢.༢གངས་ཏེ་སི་དང་གཉན་ཆེན་ཐང་ལྷ་རི་རྒྱུད།
རི་རྒྱུད་འདི་གཉིས་བོད་རང་སྐྱོང་ལྗོངས་སུ་ཡོད་དེ།མངའ་རིས་སེང་གེ་ཁ་འབབ་ནས་འཕྲེད་བཅད་རི་རྒྱུད་བར་འཁྱོག་པོར་ཆགས་ཡོད།རི་རྒྱུད་འདིའི་རིང་ཚད་ལ་སྤྱི་ལེ་༡༦༠༠ལྷག་དང་ལྷོ་བྱང་གི་ཞེང་ཚད་ལ་སྤྱི་ལེ་༨༠།ཆ་སྙོམས་ཀྱི་མཐོ་ཚད་ལ་སྨི་༥༨༠༠ལྷག་ཡོད།རི་རྒྱུད་འདིའི་སྣེ་གཉིས་མཐོ་ལ་དཀྱིལ་དམའ་ཞིང་།ཕྱི་འབབ་ཆུ་བོ་དང་ནང་འབབ་ཆུ་བོ་གཉིས་ཀྱི་མཚམས་སུ་གྱུར་ཡོད།གངས་ཏེ་སི་རི་རྒྱུད་ཀྱི་མཐོ་ཤོས་ནི་གངས་རིན་པོ་ཆེ་སྨི་༦༦༣༨དང་།བློན་པོ་གངས་སྨི་༧༠༤༨གཉིས་ཡིན།གཉན་ཆེན་ཐང་ལྷའི་རི་རྒྱུད་ཀྱི་མཐོ་ཤོས་ནི་གཉན་ཆེན་ཐང་ལྷ་སྨི་༧༦༡༢ཡིན།གངས་ཏེ་སེ་རི་རྒྱུད་དུ་འཁྱག་ཀླུང་ཆེན་པོ་མེད་མོད།གཉན་ཆེན་ཐང་ལྷའི་ཤར་ཁུལ་དུ་འཁྱག་ཀླུང་ཧ་ཅང་རྒྱས།

བོད་ཁམས་ཀྱི་རི་རྒྱུད་གྲགས་ཅན།

༢.༣ཁ་ལ་ཁུ་ནུ་དང་གདང་ལ་རི་རྒྱུད།
རི་རྒྱུད་འདི་གཉིས་ནུབ་ནས་ཤར་དུ་མཐུད་དེ་ཆགས་ཤིང་།མཐོ་ཚད་ལ་སྨི༥༠༠༠ནས་སྨི་༦༠༠༠ཡོད།ཁ་ལ་ཁུ་ནུ་རི་རྒྱུད་ནི་ཞིན་ཅང་དང་ཀ་ཤི་སྨིར་འབྲེལ་མཚམས་སུ་ཆགས་ཤིང་།བོད་ཁོངས་སུ་ཤར་རྒྱུད་ཀྱི་ཆ་ཤས་ཙམ་ལས་མེད།ཆ་སྙོམས་ཀྱི་མཐོ་ཚད་སྨི་༦༠༠༠ཡོད་ལ།སྨི་༨༠༠༠ཡན་གྱི་རི་མཐོ་གྲས་གསུམ་ཡོད།འཛམ་གླིང་གི་རི་མཐོན་པོ་ཨང་གཉིས་པ་ཡིན་པའི་ཆོ་ཀེ་ལི་﹙乔戈里8611米﹚ཟེར་བའང་དེར་ཡོད།རི་རྒྱུད་འདི་ནི་འཁྱག་ཀླུང་རྒྱས་ས་ཞིག་ཡིན་ལ།ཤར་སྣེ་རུ་ལེ་ལག་མང་བས་གཙོ་རྒྱུད་གང་ཡིན་པ་ངོས་འཛིན་དཀའ་བར་བཤད།
གདང་ལ་རི་རྒྱུད﹙唐古拉山脉﹚ནི་ཁ་ལ་ཁུ་ནུའི་རི་རྒྱུད་ཀྱི་ཤར་སྣེར་མཐུད་ཡོད་ཅིང་།བོད་ལྗོངས་དང་མཚོ་སྔོན་ཞིང་ཆེན་གཉིས་ཀྱི་མཚམས་སུ་ཆགས་ཡོད།རི་རྒྱུད་འདིའི་ཞེང་ཚད་ལ་སྤྱི་ལེ་༡༥༠ལྷག་དང་རིང་ཚད་ལ་ཕལ་ཆེར་སྤྱི་ལེ་༦༠༠༠ཡོད།རི་རྩེ་གཙོ་བོ་ནི་སྐུ་ལ་དར་མདུང་﹙མདའ་མདུང་སྨི་༦༦༢༡﹚ཡིན་ལ་འདི་ནི་འབྲི་ཆུའི་མགོ་ཁུངས་ཀྱང་རེད།རི་རྒྱུད་ཧྲིལ་བོར་འཁྱག་ཀླུང་རྒྱས།
༢.༤ཁུ་ནུ་རི་རྒྱུད།
རི་རྒྱུད་འདི་ནི་ཕ་མེས་ཨེར་མཐོ་སྒང་ནས་སི་ཁྲོན་ཞིང་ཆེན་གྱི་ནུབ་ཕྱོགས་བར་ཆགས་ཤིང་།རིང་ཚད་ལ་སྤྱི་ལེ་༢༥༠༠དང་ཞེང་ཚད་ལ་སྤྱི་ལེ་༡༥༠།ཆ་སྙོམས་ཀྱི་མཐོ་ཚད་ལ་སྨི་༦༠༠༠ཡས་མས་ཡོད།རི་རྒྱུད་འདིར་སྨི་༦༠༠༠ནས་སྨི་༧༠༠༠ལྷག་ཅན་གྱི་རི་བོ་དུ་མ་མཆིས་ཤིང་འཁྱག་ཀླུང་རྒྱས་ས་ཞིག་ཡིན།བྱང་ཕྱོགས་སུ་ཐ་ལི་མོའུ་གཤོང་ས་དང་ཚྭ་འདམ་གཤོང་ས་གཉིས་ཡོད་ལ།ལྷོ་ཕྱོགས་སུ་བོད་ལྗོངས་ཀྱི་བྱང་ཐང་ཡོད།ཤར་རྒྱུད་དུ་བ་ཡན་ཧ་རི་དང་ཨ་ཆེན་གངས་རྒྱབ།ཨ་མྱེས་རྨ་ཆེན་སོགས་ལེ་ལག་མང་དུ་ཡོད།
༢.༥ཨ་ཨེར་ཅིན་ཧྲན་དང་མདོ་ལ་རིང་མོ་རི་རྒྱུད།
རི་རྒྱུད་འདི་གཉི་མདོ་དབུས་མཐོ་སྒང་གི་བྱང་རྒྱུད་དུ་མུ་འབྲེལ་དུ་ཆགས་ཡོད་ལ།འབྲེལ་མཚམས་ན་ཏིང་ཅིན་ཉག་ག﹙当金山口﹚ཡིན།ཨ་ཨེར་ཅིན་ཧྲན་རི་རྒྱུད་ཀྱི་རིང་ཚད་ལ་སྤྱི་ལེ་༤༠༠༠ཡས་མས་ཡོད།ཁ་བས་གཡོགས་པའི་རི་རྩེ་ཉུང་ལ་མང་ཆེ་ཤོས་ནི་བྲག་རི་ཡིན།མདོ་ལ་རིང་མའི་ཤར་ནུབ་ཀྱི་རིང་ཚད་ལ་སྤྱི་ལེ་༩༠༠དང་།ལྷོ་བྱང་གི་ཞེང་ཚད་ལ་སྤྱི་ལེ་༢༥༠ནས་༤༠༠ཡོད་ལ།ཆ་སྙོམས་ཀྱི་མཐོ་ཚད་སྨི་༣༥༠༠ཡིན།ནུབ་སྣེ་རུ་སྨི་༥༣༠༠ནས་སྨི་༥༦༠༠ལྷག་ཅན་གྱི་རི་རྩེ་དུ་མ་ཡོད་ལ་འཁྱག་ཀླུང་རྒྱས།རི་རྒྱུད་འདིའི་བྱང་རྨ་ནུབ་དོག་ལམ་དང་ལྷོ་ཚྭ་འདམ་གཤོང་སར་འབྲེལ་ཞིང་།ལྷོ་བྱང་གི་ཕྱོགས་གཉིས་སུ་ཆུ་བོ་མང་པོ་འབབ་ཀྱིན་ཡོད།
༢.༦འཕྲེད་བཅད་རི་རྒྱུད།
འདི་ནི་མདོ་དབུས་མཐོ་སྒང་གི་ཤར་ལྷོའི་ཕྱོགས་ཏེ།བོད་ལྗོངས་ཀྱི་ཤར་ཕྱོགས་དང་སི་ཁྲོན་གྱི་ནུབ་ཕྱོགས་ཀྱི་བར་ཁུལ་དུ་ཡོད་ལ།ལྷོ་ནས་བྱང་དུ་ཆགས་པའི་རི་རྒྱུད་ཉག་གཅིག་ཡིན།འདི་ལ་རི་རྒྱུད་ཟེར་ཡང་དོན་དུ་སྒང་གཤོང་མང་པོ་མཉམ་གཤིབ་ཏུ་ཡོད་པའི་རི་མཐོ་ལུང་ཟབ་ཀྱི་སའི་ཆགས་ཚུལ་ཁྱད་པར་བ་ཞིག་གི་སྤྱི་མིང་རེད།དེ་རུ་རི་མང་པོ་ཡོད་པ་ལས་མཐོ་ཤས་ནི་སྨི་༧༥༥༦ཅན་གྱི་མི་ཉག་གངས་དཀར་ཡིན།འབྲི་ཆུ་དང་རྫ་ཆུ་རྒྱལ་མོ་རྔུལ་ཆུ་སོགས་ཆུ་ཆེན་དུ་མས་རི་དེ་དག་དུམ་བུར་བཅད་དེ་ཤར་དུ་བཞུར་གྱིན་ཡོད།
གོང་གསལ་རི་རྒྱུད་འདི་དག་གིས་དྲ་བ་འཐེན་པའི་བར་གསེང་ནི་ལུང་ཤུར་དང་མཐོ་སྒང་།བདེ་ཐང་དང་གཤོང་ས་སོགས་ཡིན།ཧི་མ་ལ་ཡ་རི་རྒྱུད་དང་གངས་གཉན﹙གངས་ཏེ་སི་དང་གཉན་ཆེན་ཐང་ལྷ﹚རི་རྒྱུད་གཉིས་ཀྱི་བར་ནི་ཡར་ཀླུང་གཙང་པོའི་འབབ་ཡུལ་གཙོར་བྱས་པའི་ལུང་ཁུལ་ཡིན་ལ།གངས་ཏེ་སི་རི་རྒྱུད་དང་ཁུ་ནུ་རི་རྒྱུད་གཉིས་ཀྱི་བར་ནི་བྱང་ཐང་གི་མཐོ་སྒང་བདེ་ཐང་﹙高原平原﹚ཡིན།མཐོ་སྒང་བདེ་ཐང་འདི་དང་།དེར་མཐུད་ཡོད་པའི་མཚོ་སྔོན་གྱི་ལྷོ་ཕྱོགས་དང་ཟི་ཁྲོན་གྱི་ནུབ་བྱང་ཕྱོགས་ཀྱི་མཐོ་སྒང་བདེ་ཐང་བཅས་ཀྱིས་མདོ་དབུས་མཐོ་སྒང་ཡོངས་ཀྱི་སུམ་ཆའི་གཅིག་ཟིན།ཁུ་ནུ་རི་རྒྱུད་དང་།ཨ་མདོ﹙ཨ་ཨེར་ཅིན་རི་རྒྱུད་དང་མདོ་ལ་རིང་མོ﹚རི་རྒྱུད་གཉིས་ཀྱི་བར་ནི་ཚྭ་འདམ་གཤོང་ས་ཡིན།
 
 

  • ལེ་ཚན་སྔོན་མ།:བོད་ཀྱི་གནས་རི་གྲགས་ཅན།
  • ལེ་ཚན་རྗེས་མ།:༄༅།། བྲག་སྒོ་ཀཀྞི།