བཀྲ་ཤིས་བདེ་ལེགས། ལོ་སར་བཟང་།

གངས་ཟེགས།        2022-02-14

བཀྲ་ཤིས་གཡང་གི་གནམ་ལོ། །

གཡང་ལྷ་ཆུ་སྟག་ལོ་ལ། །

མཆོག་གསུམ་བདེན་པའི་མཐུ་དང་། །

དཀར་ཕྱོགས་བསྟན་པ་སྐྱོང་བའི། །

རྩ་གསུམ་ལྷ་ཡིས་སྟོབས་ཀྱིས། །

ས་སྟེང་སྐྱེ་འགྲོ་ཀུན་ལ། །

འཚེ་མེད་ཞི་བདེར་འཚོ་ཤོག །

ཅི་བསམ་དོན་ཀུན་གྲུབ་ནས། །

ཅི་བྱས་བཀྲ་རེ་ཤིས་ཤོག །

ལུང་རྟོགས་བསྟན་པའི་འོད་སྣང་། །

འཇིག་རྟེན་ཡོངས་ལ་ཁྱབ་ཤོག །

ཆོལ་གསུམ་བོད་རིགས་སྤུན་ཟླའི། །

བསམ་དོན་རི་མོར་འགྲུབ་ཤོག །

བདེ་ལེགས་དཔྱིད་ཀྱི་དཔལ་ཡོན། །

འཛམ་བུ་གླིང་ལ་ཁྱབ་ཤོག །

མི་འདོད་རྐྱེན་ངན་ཐམས་ཅད། །

རྩད་ནས་གཅོད་པར་གྱུར་ཅིག །

མི་མཐུན་ཕྱི་དགྲ་ནང་དགྲ། །

དྲུངས་ནས་ཞི་བར་གྱུར་ཅིག །

ལེགས་ཚོགས་ཀུན་ཀྱི་རྩ་བ། །

བསོད་ནམས་བསག་པའི་གཞི་མ། །

བྱམས་དང་སྙིང་རྗེའི་སེམས་པས། །

གནམ་ལོ་གསར་པ་བསུ་ཤོག །

ལོ་སར་གཡང་གི་ཚེས་གཅིག །

གཡང་ཁྱིམ་གྲུ་བཞིའི་ནང་ལ། །

ཕ་མ་སྤུན་སྲིང་འཛོམས་ནས། །

ཇ་ཆང་སྐྱིད་ཀྱི་ཞལ་སྐྱེམས། །

དང་བོ་ལྷ་ལ་ཕུལ་དང་། །

བྱིན་རླབས་དངོས་གྲུབ་བསྩལ་ཡོང་། །

གཉིས་པ་ཕ་མར་ཕུལ་དང་། །

བསམ་དོན་ཡིད་བཞིན་འགྲུབ་ཡོང་། །

གསུམ་པ་གཉེན་ལ་ཕུལ་དང་། །

བརྩེ་བའི་ཕྱི་ཐག་རིང་ཡོང་། །

གནམ་ལོ་གཡང་གི་ནོར་གྱིས། །

ཕྱྭ་གཡང་ནང་ལ་འཁོར་བའི། །

བཟང་ལྟས་ཡག་གསུམ་འཛོམས་ཤོག །


  • ལེ་ཚན་སྔོན་མ།:ལོ་སར་གྱི་གཡང་སྨོན།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།