ཨ་མའི་རྒྱབ་གཟུགས།

བློ་བཟང་ཟླ་བ།        2022-02-14

རྩོམ་འདི་འབྲི་བའི་ཀུན་སློང་ནི།རེས་གཟའ་ཉི་མའི་ཞོགས་པར།ངའི་གཅེན་མོས་སྐད་འཕྲིན་བརྒྱུད་དེ་རང་གི་ཨ་མ་རྒན་མོ་དགུང་ལོ་དགུ་བཅུར་ཉེ་བ༼ ད་ལྟར༨༧ཡིན༽ མོས་དུས་རྒྱུན་ལྟར་ཞོགས་པ་སྔ་མོར་དུང་འཁོར་བསྐོར་བའི་བརྙན་ཐུང་ཞིག་བསྐུར་འདུག། ཁ་ཕྱེས་ཏེ་བལྟས་དུས།ཨ་མས་རང་ཁྱིམ་དང་བར་ཐག་གོམ་པ་ལྔ་བཅུ་ཙམ་ཡོད་པའི་གྲོང་པ་ནང་གི་དུང་འཁོར་བསྐོར་བཞིན་པའི་སྐུ་ཡི་རྒྱབ་གཟུགས༼ འོག་ཏུ་རྒྱབ་གཟུགས་ཞེས་ཚིག་བསྡུས་ཡོད༽ ཁོ་ནའི་བརྙན་ཐུང་འདིས་རྐྱེན་བྱས་ཏེ་འབྲི་འདོད་དྲག་པོ་ཞིག་སྐྱེས།

དེའང་ཐོག་མར་ཚིག་བཅད་ཀྱི་ལམ་ནས༼ ཨ་མའི་རྒྱབ་གཟུགས༽ ཞེས་ཤོ་ལོ་ཀ་དགུ་ཅན་ཞིག་བྲིས་ཀྱང་།རང་གི་རྩོམ་འབྲིའི་ཆུ་ཚད་མ་འདང་བས་ཅུང་ཟད་འདོད་བློ་མ་ཚིམ་པའི་སྣང་བ་ཞིག་ཤར།ཕྱི་རོལ་ཏུ་འཁྱམ་འཁྱམ་དུ་འགྲོ་འདོད་ཀྱང་ཆར་འབྲིང་འབབ་ཀྱིན་གདའ།ཉིན་ཧྲིལ་པོར་བརྙན་འཕྲིན་ལྟ་བ་ལས་རྩོམ་ཞིག་འབྲི་ན་དགའ་བསམས་ཏེ་འདི་བྲིས་པའོ།

སྤྱིར་ཕའི་གཟུགས་བརྙན་ཞེས་ཟེར་དུས་འཇིག་རྟེན་པའི་སྣང་ངོར་རི་ལྟ་བུ་རྔམ་བརྗིད་ལྡན་པ་ཞིག་གཅིག་མཐུན་དུ་འཆར་བ་ནི་རྩོད་མེད་ཡོངས་གྲགས་སུ་གྱུར།དེ་ནི་ཁྱིམ་ཚང་གཅིག་ལ་ཆ་བཞག་ན།ཨ་ཕ་ནི་ཁྱིམ་གྱི་ཀ་བ་ལྟ་བུའི་བྱེད་ནུས་ཐུན་མོང་མ་ཡིན་པ་འདོན་བའི་སྒོ་ནས་ཡིན་པ་གོར་མ་ཆག་པའོ།

༼ མ་ཡི་བརྩེ་བ་ཆུ་བོ་འདྲ༽ ཡི་བརྙན་ཐུང་སྐར་ཆ་བཅུ་ལྷག་གི་ནང་དུ་ཤར་བའི་རྒྱབ་གཟུགས་འདི་ནི།རང་ལ་བཤད་ན།ཅི་འདྲ་བའི་རྒྱུས་མངའ་ཡོད་པ་ཞིག་ཨང་།འདི་ནམ་རྒྱུན་མཚན་གྱི་རྨི་ལམ་དུའང་ཡང་ནས་ཡང་དུ་ཤར་མྱོང་།སྐུ་གཟུགས་ཆུང་ལ་སྐུ་ཤ་རིད་པ།དབུ་སྐྲ་དུང་གི་མདོག་ལྟར་དཀར་ཞིང་།ནང་ལ་བོད་ཆས་མནབས་ཤིང་སྟེང་ལ་རས་བལ་སྦྱར་མ་ཕྱེད་གྱོན་གྱི་ཚུལ་དུ་ཡོད་པ།ཞབས་ཅུང་ཟད་འཐེང་བའི་ངང་ནས་ཕྱག་གཡས་ཀྱིས་དུང་འཁོར་བསྐོར་བཞིན་གཡས་བསྐོར་གྱིས་ཕེབས་ཀྱིན་གདའ།བརྙན་འདིའི་ནང་མ་གསལ་ཡང་།རང་གི་སེམས་ཕུགས་སུ་རྡོ་ལ་རི་མོ་བརྐོས་པ་ལྟར་གསལ་ལྷམ་མེར་བ་ཡོད་པ་ཞིག་ནི།གདོང་ལ་གཉེར་མས་ཁེངས་ཤིང་།སྤྱན་ཟུང་རབ་རིབ་ཏུ་གྱུར།ཚེམས་ཀྱང་ཕལ་ཆེ་ལྷུངས།མ་ནེའི་སྟེང་ལ་སྨེ་བ་ནག་པོ་སྲན་འབྲུ་ཙམ་ཞིག་ཡོད༼ དམངས་ཁྲོད་ཀྱི་བཤད་སྲོལ་ལྟར་ན།འདི་ལ་ཟ་ཁ་ཡར་སྐྱོར་ཞེས་བཟང་པོར་བརྩི༽ པ་འདི་རྣམས་ཡིན།

ད་དུང་བརྙན་ནང་མ་གསལ་ཀྱང་།རང་གི་སེམས་ནང་ཨ་མས་དུང་འཁོར་བསྐོར་ཞོར་གཟུངས་སྔགས་བགྲང་གིན།ཐུགས་སུ་སེམས་ཅན་ཐམས་ཅད་བདེ་བའི་སྨོན་ལམ་དང་།བུ་མཛུབ་གུ་འདྲ་གཅིག་ཡོད་པ་ང་དང་ངའི་ནང་མི་བཅས་ལ་སྨོན་ལམ་ཅི་ནུས་འདེབས་ངེས་པ་ཤེས་ཀྱིན་ཡོད།

དེང་སང་ཨ་མའི་སྐུ་རྒྱབ་གོག་པོ་དེ་ཆུང་དུས་ངའི་དྲོ་སྐྱིད་ཀྱི་མལ་ཁྲི་ཡིན།དེང་སང་ཨ་མའི་དབུ་སྐྲ་དཀར་པོ་དེ་ཆུང་དུས་ངའི་རྩེད་ཆས་ཡིན།དེང་སང་ཨ་མའི་སྤྱན་ཟུང་རབ་རིབ་དེ་ཆུང་དུས་ངའི་རེ་བ་ཡིན།དེང་སང་ཨ་མའི་གཉའ་བ་སྒུར་སྒུར་དེ་ཆུང་དུས་ངའི་ཆིབས་རྟ་ཡིན།དེང་སང་ཨ་མའི་བྲང་ཁོག་སྐམ་པོ་དེ་ཆུང་དུས་ངའི་བཟའ་བཏུང་གི་འབྱུང་གནས་ཡིན།དེང་སང་ཨ་མའི་རིད་ཅིང་འཁྱོག་པའི་ཕྱག་ཟུང་དེ་ཆུང་དུས་ངའི་འཁར་དབྱུག་ཡིན།དེང་སང་ཨ་མའི་དབ་དིབ་ཀྱི་གསུང་ངག་དེ་ངའི་མི་ཚེའི་ལམ་སྟོན་ལགས་སོ།

ཨ་མ་ལགས།ཁྱེད་ཀྱི་བཀའ་དྲིན་ནི་བུ་ངན་རང་གིས་ས་ཆེན་འདི་ཤོག་བུར་བྱས་ཤིང་རྒྱ་མཚོ་ཆེན་པོ་སྣག་ཏུ་བྱས་ཀྱང་འབྲི་ག་ལ་ནུས།འདི་ནི་རྒྱ་མཚོའི་ཆུ་ཐིགས་ཙམ་ཞིག་ལགས་སོ།

ཨ་མ་ལགས།བུ་ངས་ཇ་དར་རྩེ་མདོ་ནས།སོར་བཅུ་སྙིང་གར་སྦྱར་ཏེ།ཚེ་རིང་ནད་མེད་བདེ་སྐྱིད་ཕུན་སུམ་ཚོགས།ལོ་བརྒྱ་འཚོ་ཞིང་སྟོན་བརྒྱ་མཐོང་བར་སྨོན།


  • ལེ་ཚན་སྔོན་མ།:མགོ་ནག་བོད་ཀྱི་དད་མོས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།