གློག་བརྙན་ཞིག་གི་མཇུག་འབྲས་མཐོང་བ།

ཀུན་ཁྱབ།        2022-02-14

དུས་ཀྱི་ཡོལ་བ་སྐད་གཅིག་ཉིད་ལས་འདས། །

མཛེས་དགའི་ལང་ཚོ་རྣམ་གཡེང་ཁྲོད་ནས་རྒུད། །

བྱིས་པའི་སྤྱོད་པ་སྐྱོང་བའི་བུ་ཆུང་གིས། །

སྲིད་པའི་ལྟད་མོ་མཐོང་བའི་སྣང་ཚུལ་བརྗོད། །

གང་གིས་མི་མཚོན་གླིང་བཞིའི་ཐིག་ལེ་རུ། །

བརྩེ་ཞེན་སྒྱུ་མའི་འདབ་མ་འཛུམ་པའི་དཔལ། །

ངག་རིག་སོར་མོའི་གར་དུ་རྩེན་པ་ན། །

སྲིད་པའི་ཆོས་ཀུན་གཡོ་བའི་ངང་ཚུལ་མཐོང་། །

འདི་ན་མི་གཅིག་སྣ་ཚོགས་གྱ་གྱུའི་ཚོམ། །

རྣམ་པར་གསལ་བའི་དགའ་སྐྱོའི་ཟློས་གར་དག །

ལན་གཅིག་མིག་གི་ཁབ་ཏུ་རྩེན་པ་དེས། །

རེ་ཞིག་ཡིད་ཀྱི་ཏིང་འཛིན་ལྷོད་པར་བྱས། །

སྙན་དང་བསུང་ཞིམ་ཕྱོགས་སུ་འཕུར་ན་ཡང་། །

གྲོགས་མེད་གཅིག་པུར་ལུས་པའི་སྣང་ཚུལ་གྱིས། །

དྲན་གདུང་དབྱངས་ཀྱི་རྒྱུད་སྐུད་འཐེན་དང་ལྷན། །

གྱེས་པའི་སྨྲེང་གླུ་སུ་ཡི་ཆེད་དུ་ལེན། །

བརྩེ་བའི་མེ་ཏོག་བྱིན་པའི་ལྷ་གཅིག་དང་། །

གཏན་གྱི་འཚོ་བ་སྐྱོང་བའི་གཏམ་རྒྱུད་ལ། །

ལས་ཀྱི་རྒྱལ་མོ་ཁྲོས་པས་མནར་གཅོད་ཀྱིས། །

མི་བཟོད་ཡ་ངའི་འཇིགས་པ་མ་བསླངས་སམ། །

རིང་ནས་འདྲིས་པའི་སྙིང་སྡུག་མཛའ་ན་མོ། །

ལང་ཚོའི་མཚར་སྡུག་ལོ་ཡིས་མ་རྫོགས་སྔོན། །

འཆི་བདག་རྒན་པོས་ཕྱིར་མར་ཁྲིད་པ་དེས། །

ཁྱེད་ཉིད་དོན་མེད་གདུང་བའི་གནས་སུ་བསྙིལ། །

འཇག་མའི་རྩེ་རུ་བ་མོའི་ཟིལ་བ་ཆགས། །

སྡོང་བོའི་ཡལ་འདབ་བསེར་མས་གཟན་དུ་བྱས། །

མཇུག་མཐའི་ཟླ་འོད་རོལ་བའི་གཏམ་རྒྱུད་དག །

ད་ལྟའི་དྲན་པ་འཆིང་བའི་སྣོན་མར་གྱུར། །

སེམས་ཀྱི་སྐྱོ་གདུང་ཆང་གིས་བཟི་བར་བྱས། །

སྟོན་མཚན་འོག་ནས་གཙང་བོའི་རླབས་སྒྲ་ཚོར། །

སྐྱེ་འཆིའི་ཆོས་ཉིད་གཡོ་བའི་ངང་ཚུལ་ལ། །

ཡང་ཡང་སྡང་མིག་བགྲད་པས་ཅི་ལ་ཕན། །

དྲན་པའི་ཕྱེ་ལེབ་རྩེན་པའི་རྣམ་འགྱུར་བཅས། །

ཡུན་རིང་སྙིང་ལ་འཆང་བའི་སྙིང་ཐུབ་མར། །

བརྩེ་བའི་ལང་ཚོ་བཞད་པའི་འཁྲེང་ཞེན་གྱིས། །

སླར་ཡང་ཁོ་མོའི་གྲིབ་གཟུགས་ས་ལ་བྲིས། །

གཅིག་པུས་སྒེའུ་ཁུང་འགྲམ་ནས་སྐྱོ་འཛུམ་གྱིས། །

འདས་དོན་དྲན་པའི་སྙན་ངག་གྱེར་དང་ལྷན། །

བརྩེ་བའི་རང་གཟུགས་ཤུལ་དུ་ལུས་པ་དེས། །

ཁྱེད་ཀྱི་ཚེ་མཇུག་རྨི་ལམ་ཁྲོད་ནས་རྫོགས། །


  • ལེ་ཚན་སྔོན་མ།:དབྱངས་ཀྱི་མཆི་མ་བཟླུམས་པའི་ཐིག་ལེ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།