ཐོར་བུ། 2022-02-18
བདག་གི་ནགས་སུ་ཁྱོད་ཉིད་སྒོམ་ལ་ཞུགས།།
ཡི་གར་འོང་བའི་རི་དྭགས་མ་བུ་ཡིས།།
ཁྱོད་ཀྱི་མཐའ་སྐོར་བྱེའུའི་སྐད་ངག་སྙན།།
སྟོན་རླུང་འཇམ་པོས་ལན་བུ་སྒུལ་བར་བྱེད།།
རྐང་པའི་འོག་ནི་མེ་ཏོག་ཀུ་མུ་དའི།།
འཇམ་མཉེན་རེག་བྱས་རྣམ་ཀུན་ཡོངས་སུ་མྱོས།།
མཚོ་དང་རྫིང་བུ་ལ་སོགས་ཡིད་འོང་བ།།
མིག་གིས་ལོངས་སུ་སྤྱོད་ཀྱིན་དགྱེས་པོར་བཞུགས།།
མཚོ་རྫིང་དེ་རུ་ཁྲུས་སུ་ཞུགས་པ་ན།།
གངས་རིར་ཉི་མའི་འོད་ཟེར་ཕོག་པ་ལྟར།།
དཀར་འཇམ་དར་ཡུག་ལྟར་དཀར་ཁྱོད་ཀྱི་ལུས།།
རི་དྭགས་གླེའུ་སོགས་ཀྱི་མིག་ཏུ་ལྷུང་།།
ཕྱག་གིས་ལུས་སུ་འཕུར་མཉེན་བགྱིད་ཙ་ན།།
བདག་ནི་ཡོངས་སུ་འདོད་པའི་མྱོས་གྱུར་ཏེ།།
ཆང་རག་རྟག་ཏུ་སྤྱོད་པའི་རྒན་པོ་དེ།།
ལོ་དགུའི་ཡུན་དུ་བསྙལ་བའི་ཆང་བཟང་གིས།།
ཡོངས་སུ་མྱོས་ཏེ་རང་ཉིད་བོར་བ་བཞིན།།
བདག་གི་ནགས་དེ་ཉིན་དང་མཚན་དུ་དབྱེ།།
དྲི་བཟང་རྟག་ཏུ་སྐྱོམ་པའི་འཁྲི་ཤིང་འོག།
བདེ་དགའི་གཉིད་ཀྱི་ཏིང་འཛིན་ལ་ཞུགས་དུས།།
དཀྱུས་རིང་སྤྱན་གཉིས་དལ་བུར་ཟིམ་ནས་སུ།།
རྨི་ལམ་གྲུ་རུ་ཞུགས་ཤོག་དགའ་བྱེད་མ།།
རྩོམ་གསར། 10