སྐལ་ཐུབ་ཀྱིས་བསྒྱུར་ཞུས་བྱས། 2022-02-18
དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ལས་རིགས་ལག་རྩལ་སློབ་གྲྭའི་འཕེལ་རྒྱས་ཀྱི་དངོས་བྲིས།
དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ལས་རིགས་ལག་རྩལ་སློབ་གྲྭར་ཕེབས་པ་དགའ་བསུ་ཞུ།
སློབ་གྲྭ་གནས་ཡུལ་གྱི་ཡུལ་ལྗོངས།
ཀ། དཀའ་སྡུག་མཉམ་མྱོང་གི་སློབ་འཛུགས་ལམ་བུ།
རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་འགྲམ་དུ་བརྗིད་ཆགས་བཀོད་ལེགས་ཡིད་དབང་འཕྲོག་པའི་སློབ་གྲྭ་ཞིག་ཆགས་ཡོད་པ་དེའི་མིང་ལ་དཀར་མཛེས་ཁུལ་ལས་རིགས་ལག་རྩལ་སློབ་གྲྭ་ཟེར། དེ་ནི་ལྕགས་ཟམ་རྫོང་གི་གྲོང་གསར་ཏ་པ་སློབ་གསོའི་གླིང་ཁུལ་དུ་ཡོད། 2009ལོར་སི་ཁྲོན་ཞིང་ཆེན་སློབ་གསོ་ཐིང་དང་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གིས་ཆོག་མཆན་གནང་ནས་ཁུལ་ལས་རིགས་སློབ་གྲྭ་བཙུགས་ཡོད། དེ་སྔོན་སློབ་གྲྭ་དེར་དཀར་མཛེས་ཁུལ་ལས་རིགས་ལག་རྩལ་གསོ་སྦྱོང་ལྟེ་གནས་དང་དཀར་མཛེས་ཁུལ་དགེ་རྒན་འཕེལ་རྒྱས་ལྟེ་གནས་ཀྱི་སྒོ་བྱང་བཀལ་མྱོང་ཞིང་། རང་ཁུལ་གྱི་ཕྱོགས་འདུས་རང་བཞིན་གྱི་འབྲིང་རིམ་ལས་རིགས་སློབ་གྲྭ་ཉག་ཅིག་དེ་ཡིན་ལ། སྦྱངས་རབས་སློབ་གསོ་དང་སྤྱི་ཚོགས་གསོ་སྦྱོང་། ལག་རྩལ་དབྱེ་འབྱེད། དགེ་རྒན་ཟབ་སྦྱོང་བཅས་གཞི་གཅིག་ཅན་གྱི་གཞུང་གཉེར་ལོ་ཧྲིལ་བོའི་ལམ་ལུགས་ཀྱི་འབྲིང་རིམ་ལས་རིགས་སློབ་གྲྭ་ཞིག་ཀྱང་ཡིན། 2010ལོར་ལྕགས་ཟམ་ཁའི་ཏ་པ་རུ་ཁུལ་ལས་རིགས་སློབ་གྲྭ་བསྐྲུན་མགོ་བཙུགས་པ་དང་། 2011ལོའི་ཟླ་བ9པར་ཏ་པ་སློབ་གསོའི་གླིང་ཁུལ་དུ་སྤོས། སློབ་གྲྭ་བཙུགས་ནས་ད་བར་ལོ12སོང་ཡོད།
དུས་རབས་འདིའི་དུས་མགོར་རྒྱལ་ཁབ་ཀྱི་སློབ་གསོའི་སྲིད་ཇུས་བསྒྱུར་བ་དང་བསྟུན་ནས་རང་ཁུལ་གྱི་འབྲིང་རིམ་སློབ་གྲྭ5གཉེར་མཚམས་བཞག་པའི་རྐྱེན་གྱིས་གཞི་རིམ་གྱི་ཤེས་ལྡན་མི་སྣ་མི་འདང་བའི་གནས་སུ་ལྷུང་། ཁུལ་ལས་རིགས་སློབ་གྲྭ་འཛུགས་པའི་དོན་སྙིང་ཡང་གཞི་རིམ་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུ་ལས་མ་འདས།
ཁུལ་ལས་རིགས་སློབ་གྲྭའི་ཏང་ཨུའི་ཧྲུའུ་ཅི་དང་སློབ་གཙོ་ཝུའུ་ཏ་ཁྲེང་གིས་སློབ་གྲྭ་བཙུགས་ཚུན་ཆད་སུའི་ཆེད་དུ་མི་བསྐྱང་དགོས་པ་དང་མི་ཅི་འདྲ་ཞིག་བསྐྱང་དགོས་པ། མི་ཇི་ལྟར་གསོ་སྐྱོང་བྱ་དགོས་བཅས་ལ་དམིགས་ནས་འཆར་བཀོད་བཞག་ཡོད། དཀར་མཛེས་ཁུལ་གྱི་དངོས་ཡོད་གནས་ཚུལ་དང་བསྟུན་ནས། བློས་འགེལ་ཆོག་པ་དང་བེད་སྤྱོད་ཐུབ་པ། ཚུགས་ཐུབ་པ། སྒྲུབ་མཁས་པ་བཅས་ཀྱི་ས་གནས་རང་གི་མཆོང་བརྒལ་འཕེལ་རྒྱས་དང་ཡུན་རིང་བདེ་འགོད་ལ་འཕྲོད་པའི་གཞི་རིམ་གྱི་ཉེར་སྤྱོད་ཅན་དང་ལག་རྩལ་ཅན་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུ་དེ་རེད་ཅེས་བཤད་པ་རེད།
ལོ12རིང་ལ་སློབ་གྲྭ་གཅིག་དང་ལྟེ་གནས་གཉིས་ཀྱི་སློབ་འཛུགས་གནས་བབ་ཆགས་ཡོད། ས་ཁྱོན་མུའུ120ཡོད་ཅིང་འཛུགས་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ98758ལ་ཟིན་ཞིང་། མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར2.6བཏང་ཡོད། ཞིང་ལས་དང་། འབྲོག་ལས། ཡུལ་སྐོར། སྒྱུ་རྩལ། འཛུགས་སྐྲུན་སོགས་ཆེད་ལས20ལྷག་གི་ལག་ལེན་དངོས་སྦྱོང་ཁང་ལས་གྲུབ་པའི་ལག་ལེན་དངོས་སྦྱོང་ལྟེ་གནས་བསྐྲུན་ཡོད། དཔེ་མཛོད་ཁང་དང་ལུས་རྩལ་ར་བ། སློབ་ཁྲིད་ཞིབ་འཇུག་ལག་ལེན་དངོས་སྦྱོང་ཐོག་ཁང་། སློབ་ཁྲིད་ཐོག་ཁང་། ཟ་ཁང་། ཉལ་ཁང་། དགེ་རྒན་འཕེལ་རྒྱས་གསོ་སྦྱོང་ལྟེ་གནས་སོགས་ཚད་དང་ལྡན་པ་བསྐྲུན་ཡོད། བྱིས་པ་གསོ་སྐྱོང་དང་སློབ་ཆུང་སློབ་གསོ། ཕྱུགས་བྱའི་ཐོན་སྐྱེད་ལག་རྩལ། ལོ་ཏོག་ཐོན་སྐྱེད་ལག་རྩལ། རོལ་དབྱངས་འཁྲབ་སྟོན། རྩིས་གཉེར་ལས་དོན། ཡུལ་སྐོར་ཞབས་ཞུ་དང་དོ་དམ། འཛུགས་སྐྲུན་ཨར་ལས། གློག་རྡུལ་ཚོང་དོན། རྒྱ་ལུགས་གཡོས་སྦྱོར་བཅས་ཆེད་ལས12དང་རིགས་སྣ་མང་གི་དུས་ཐུང་གསོ་སྦྱོང་འཛིན་གྲྭ་བཙུགས་ཡོད། དགེ་རྒན་དང་ལས་བཟོ་བ190ཡོད་ཅིང་སློབ་མ་དེ་སྔོན་གྱི215ནས་ད་ལྟ3665འཕར་ཡོད་པ་རེད།
ཁ། དུས་བསྟུན་མདུན་སྐྱོད་ཀྱིས་ཤེས་ལྡན་པ་གསོ་སྐྱོང་བྱས།
ལོ12རིང་ལ་ཁུལ་ལས་རིགས་སློབ་གྲྭས་ཀུན་སྤྱོད་སློབ་གསོ་སྔོན་ལ་སྤེལ་བ་དང་། ནུས་རྩལ་སྦྱོང་བར་མཐོང་ཆེན་བྱེད་པ། ལས་ཞུགས་ཐུབ་པ་རྩ་བར་བྱེད་པ་ཞེས་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་ཐབས་སྤྱད་ཡོད། དགེ་རྒན་གྱི་དཔུང་སྡེ་བྱང་ཚད་མཐོ་བ་དང་ཆེད་ལས་ཅན་བསྐྲུན་པ་སྟེ། ད་ཡོད་སློབ་ཁྲིད་དགེ་རྒན180ཡོད་ཅིང་དེའི་ནང་རབ་འབྱམས་པའི་ཞིབ་འཇུག་སློབ་མ19ཡོད། མཐོ་རིམ་དགེ་རྒན2ཡོད། མཐོ་རིམ་འཆད་ཁྲིད་དགེ་རྒན41ཡོད། འཆད་ཁྲིད་དགེ་རྒན63ཡོད། དགེ་རྒན་དང་ལས་རིགས་ཀྱི་འོས་ཐོབ་གཉིས་ཆ་ཡོད་པའི་དགེ་རྒན56ཡོད། རྒྱལ་ཁབ་རིམ་པའི་དགེ་རྒན་ཕུལ་བྱུང2ཡོད། སི་ཁྲོན་ཞིང་ཆེན་གྱི་དགེ་རྒན་ཕུལ་བྱུང6ཡོད། སི་ཁྲོན་ཞིང་ཆེན་གྱི་ཁྱད་མཐོའི་དགེ་རྒན3ཡོད། སི་ཁྲོན་ཞིང་ཆེན་སློབ་གྲྭ་ཆུང་འབྲིང་གི་སློབ་གཙོ་གྲགས་ཅན1ཡོད།
སློབ་གྲྭའི་ཀུན་སྤྱོད་སྒྱུ་རྩལ་གླིང་ནི་རིག་གནས་ལག་རྩལ་ཁང་དང་སྐྱེ་ཁམས་ཁང་། ཀུན་སྤྱོད་བཟང་པོ་ཁང་། རིག་གནས་སྒྱུ་རྩལ་ཁང་། ཚན་རྩལ་གསར་གཏོད་མྱོང་རོལ་ཁང་བཅས་ལས་གྲུབ་པ་ཡིན་ཞིང་། སློབ་གྲྭས་རང་ཁུལ་གྱི་གནས་ཚུལ་རྒྱུས་ལོན་དང་ཕ་ཡུལ་ལ་དགའ་བའི་སློབ་གསོ་སྤེལ་དུས་ཀྱི་སློབ་གཞི་གསོན་པོ་ཞིག་ཏུ་གྱུར་ཡོད་ལ་སློབ་མའི་ཆེད་ལས་ལག་ལེན་དངོས་སྦྱོང་དང་རྩལ་ནུས་ཆུ་ཚད་མཐོར་འདེགས་གཏོང་བའི་མདུན་ས་ངོ་མ་ཡང་གྱུར་ཡོད་པ་རེད།
ཁུལ་ལས་རིགས་སློབ་གྲྭའི2013ལོའི་ཕྱུགས་ལས་ཟོག་སྨན་ཆེད་ལས་འཛིན་གྲྭ་ནས་མཐར་ཕྱིན་པའི་སློབ་མ་ཧྲུན་པའོ་དབྱི་ནི་ད་ལྟ་ཧྲན་ཏུང་ལུའུ་ཁང་སྨན་ལས་ཧྲི་ལི་ཚད་ཡོད་སྤྱི་གཉེར་ཁང་ཧྭ་པེ་ཁུལ་གྱི་སྤྱི་དཔོན་ཡིན་ཞིང་། 2012ལོའི་དམའ་རིམ་སློབ་གསོའི་ཆེད་ལས་འཛིན་གྲྭ་ནས་མཐར་ཕྱིན་པའི་སློབ་མ་ཚེ་འགྲུབ་ནི་ད་ལྟ་གླུ་པ་གྲགས་ཅན་ཞིག་ཏུ་གྱུར་ཡོད།
ཁུལ་ལས་རིགས་སློབ་གྲྭས་སི་ཁྲོན་མི་རིགས་སློབ་གྲྭ་ཆེན་མོ་སོགས་དང་མཉམ་འབྲེལ་བྱས་ནས་ཐོན་སློབ་མཉམ་འདྲེས་མཉམ་འགུལ་ཅན་དང་ཤེས་ལྡན་མི་སྣ་གསོ་སྐྱོང་གཏན་འཁེལ་ཅན། བཟོ་སློབ་ཟུང་འབྲེལ་བརྗེ་རེས་ཅན། སྤྱི་ཚོགས་གསོ་སྦྱོང་སྣ་མང་ཅན། ལག་རྩལ་ཞབས་ཞུ་སྒོ་ཁར་ཅན་བཅས་ཀྱི་ནང་སྲོལ་བཙུགས་ཡོད། ལོ12རིང་ལ། སློབ་མ6000ལྷག་གསོ་སྐྱོང་ངམ་གོང་རིམ་སློབ་གྲྭར་བསྐྱལ་ཡོད་ཅིང་སློབ་སྤར་བྱུང་ཚད་བརྒྱ་ཆ96.17ལ་ཟིན་ཡོད། ས་གནས་ཀྱི་གཞི་རིམ་ལ་ཆེད་ལས་ལག་རྩལ་མི་སྣ1320ལྷག་བསྐྱལ་ཡོད། ཞིང་འབྲོག་དང་ཡུལ་སྐོར། ནོར་སྲིད་སོགས་གསོ་སྦྱོང་ཐེངས35སྤེལ་ཞིང་མི2800ལྷག་ལ་ཟིན་ཡོད། ལོ་རེར་མང་ཚོགས2100ལྷག་ལ་སྲིད་ཇུས་དང་རིག་རྩལ། ལག་རྩལ། དཔེ་དེབ་སོགས་བསྒྲགས་བསྐྱལ་བྱས་ཡོད། རིག་རྩལ་ཆེ་གྲས་འཁྲབ་སྟོན་ཁག་ཏུ་རིམ་རྩིས་བྱས་ན་ཞུགས་ཐེངས4000ལ་ལྷག་ཟིན་ཡོད།
སློབ་གྲྭས་རིག་གནས་ཀྱིས་མི་སྐྱོང་བ་དང་བྱེད་སྒོས་མི་སྐྱོང་བ། སློབ་གྲྭ་དང་ཁེ་ལས་ཀྱིས་མཉམ་དུ་མི་སྐྱོང་བ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ། སློབ་མ་ཚོ་ལ་མིག་འདྲིས་རྣར་འཇགས་ཀྱི་ཁྲོད་དུ་སློབ་གསོ་ཐེབས་འཇུག་པ་དང་། བྱེད་སྒོའི་ཁྲོད་དུ་འཚར་ལོངས་འབྱུང་བ་དང་མྱོང་རོལ་གྱི་ཁྲོད་དུ་བཟང་སྐྱེད་ཡོད་པ་བྱེད་པ་དང་། དཀར་མཛེས་ཁུལ་གྱི་ས་ཁོངས་དཔལ་འབྱོར་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་ཆེད་དུ། ཉེར་སྤྱོད་ཅན་གྱི་ལག་རྩལ་ཤེས་ལྡན་མི་སྣ་དེ་བས་མང་ལ་བཟང་བ་གསོ་སྐྱོང་བྱ་རྒྱུ་དང་། སློབ་གྲྭ་ཉིད་དཀར་མཛེས་ཁུལ་གྱི་འབྲིང་རིམ་ལས་རིགས་སློབ་གསོའི་སྲོག་ཤིང་ལྟ་བུ་བསྐྲུན་ཏེ། ས་ཁོངས་ནང་དུ་སྣེ་ཁྲིད་དང་གཙོ་རྐང་གི་ནུས་པ་ཐོན་ཐུབ་པ་བྱ་རྒྱུ་ཡིན་ཞེས་སློབ་གཙོ་ཝུའུ་ཏ་ཁྲེང་གིས་དེ་ལྟར་བཤད་པ་རེད།
ག། འགན་འཁྲི་སེམས་ལ་བཅངས་ཏེ་དཔེ་སྟོན་ཧུར་ཐག་བྱས།
ད་སྔའི་བར་ཁུལ་ལས་རིགས་སློབ་གྲྭ་ལ་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་དཔེ་སྟོན་སྡེ་ཚན་དང་རྒྱལ་ཡོངས་ལུས་རྩལ་ལས་དོན་དཔེ་སྟོན་སློབ་གྲྭ། རྒྱལ་ཡོངས་ལས་རིགས་སློབ་གླིང་གི་དན་གྲངས་སློབ་ར་འཛུགས་སྐྱོང་གི་ཚོད་ལྟའི་སློབ་གྲྭ་ཚན་འབོར་དང་པོ། སི་ཁྲོན་ཞིང་དཔེ་སྟོན་འབྲིང་རིམ་ལས་རིགས་སློབ་གྲྭ་སོགས་མཚན་སྙན20ལྷག་ཐོབ་ཡོད་པ་དང་། རྒྱལ་ཡོངས་དང་ཞིང་ཆེན་གྱི་དགེ་རྒན་གྱི་སློབ་ཁྲིད་ནུས་པ་འགྲན་བསྡུར་ཆེན་མོའི་ཁྲོད་དུ་ཁུལ་ལས་རིགས་སློབ་གྲྭའི་དགེ་རྒན་ལ་བྱ་དགའ་ཨང་དང་པོ་དང་ཨང་གཉིས་པ་རག་ཡོད། ཞིང་ཆེན་རིམ་པའི་བྱ་དགའ་ཨང་དང་པོ4དང་གཉིས་པ6དང་གསུམ་པ11བཅས་རག་ཡོད། སློབ་གྲྭའི་དགེ་སློབ་རིམ་པ་ཁག་གི་ལས་རིགས་ནུས་རྩལ་འགྲན་བསྡུར་ཆེན་མོའི་ནང་དུ་ཞུགས་ནས་རིམ་རྩིས་བྱས་ན་བྱ་དགའ་བསྡོམས་འབོར300ལྷག་རག་ཡོད།
གྲུབ་འབྲས་ནི་ཐོབ་པར་དཀའ་བ་ཡིན་ཞིང་། སློབ་མ་ཚོར་དེ་བས་ཆེད་ལས་ཅན་དང་ལག་ལེན་གྱི་ནུས་པ་ཆེན་པོ་ལྡན་པའི་ཕྱིར། ཁུལ་ལས་རིགས་སློབ་གྲྭས་མུ་མཐུད་དེ་ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཞུང་ལས་ཐིང་གི་《དེང་རབས་ལས་རིགས་སློབ་གྲྭ་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་གཏོང་བའི་སྐོར་གྱི་བསམ་འཆར》ལག་ལེན་ནན་ཏིག་བྱེད་པ་དང་། ཁྲེང་ཏུའུ་དང་ཁྲུའུ་ཆིང་ས་ཁུལ་གྱི་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་དར་ཁུལ་གྱི་རྒྱལ་ཁབ་འཐབ་ཇུས་དང་འབྲེལ་མཐུད་བྱེད་ཅིང་། ཞིང་ཆེན་ཏང་ཨུའི་གནད་གཅིག་ཕྱོགས་མང་དང་ས་ཁུལ་ལྔ་མཐུན་སྦྱོར་འཕེལ་རྒྱས་ཡོང་བའི་འཐབ་ཇུས་བཀོད་སྒྲིག་ལ་དམིགས་པ་དང་། ཁུལ་ཨུའི་ལས་དོན་སྤྱིའི་བཀོད་སྒྲིག་དང་འཚམ་པར་བྱ་རྒྱུ་དང་། འབྲེལ་མཐུད་ལྔ་དང་སློབ་གསོའི་བཅོས་བསྒྱུར་གསུམ་བྱ་རྒྱུ་དེས་གཞི་འཛིན་སར་བྱེད་ཅིང་། ནང་དོན་འཛུགས་སྐྱོང་བྱ་རྒྱུས་འདེགས་སྐྱོར་གཙོ་བོར་བྱེད་པ་དང་། འབྲོག་ལས་ཟོག་སྨན་དང་མི་རིགས་མཛེས་རྩལ་ཐང་ག་གཉིས་སི་ཁྲོན་ཞིང་ཆེན་གྱི་ཆེད་ལས་གྲགས་ཅན་དུ་བསྐྲུན་རྒྱུ་དང་། ཡུལ་སྐོར་ཞབས་ཞུ་དང་དོ་དམ་དེ་ས་ཁོངས་ཀྱི་གཙོ་ཤུགས་ཆེད་ལས་སུ་བསྐྲུན་རྒྱུ་ཡིན་ཞིང་། བརྒྱུད་རིམ་དམ་འཛིན་དང་ནང་དོན་ཇེ་ཆེར་བཏང་ནས། ཐོན་སློབ་མཉམ་འདྲེས་འཛུགས་སྐྱོང་ཐད་གསར་གཏོད་ཡོད་པ་དང་། ཁྱད་ཆོས་ཆེད་ལས་འཛུགས་སྐྱོང་ཐད་ཁྱད་ཆོས་མངོན་གསལ་ཆེ་ས་ཡོད་པ། སློབ་འཛུགས་ཚད་ལྡན་འཛུགས་སྐྱོང་ཐད་བྱེད་ཐབས་གསར་པ་ཡོད་པ། དགེ་རྒན་དཔུང་སྡེ་འཛུགས་སྐྱོང་ཐད་ཚད་བརྒལ་གསར་པ་ཡོད་པ། ཆ་འཕྲིན་ཅན་འཛུགས་སྐྱོང་ཐད་རིམ་སྤོར་གསར་པ་ཡོད་པ། དེང་རབས་ལས་རིགས་སློབ་གྲྭ་འཛུགས་པའི་ཐད་གོང་འཕེལ་གསར་པ་ཡོད་པ་བཅས་བྱས་ཏེ། ས་ཁོངས་འཕེལ་རྒྱས་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཡོང་བར་བློས་འགེལ་ཆོག་པ་དང་བེད་སྤྱོད་ཐུབ་པ། ཚུགས་ཐུབ་པ། སྒྲུབ་མཁས་པ་བཅས་ཀྱི་སྐད་གཉིས་རྩལ་ནུས་ཅན་གྱི་ཤེས་ལྡན་མི་སྣ་དེ་བས་མང་ལ་བཟང་བ་བསྐྱལ་རྒྱུ་དང་། སློབ་གྲྭ་དེ་ཉིད་དཀར་མཛེས་ཁུལ་གྱི་ལས་རིགས་སློབ་གསོ་ཕྱི་ཕྱོགས་སུ་སྤེལ་རེས་བྱེད་པའི་དཔེ་སྟོན་བྱེད་ས་དང་ཞིང་ཆེན་ཡོངས་ཀྱི་སློབ་གྲྭ་སྐད་གྲགས་ཅན་དུ་འཛུགས་སྐྱོང་བྱ་རྒྱུ་རེད།
དགེ་རྒན་གསོ་སྐྱོང་བྱ་རྒྱུའི་ཐད་ལ་ང་ཚོས་ཤེས་ལྡན་མི་སྣའི་མགོ་ཁྲིད་ཚོ་ཆུང་བཙུགས་ཏེ་ཤེས་ལྡན་མི་སྣའི་ལས་དོན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཤེས་ལྡན་མི་སྣའི་ལས་དོན་དེ་ནམ་རྒྱུན་གྱི་ལས་དོན་འཆར་གཞིར་བཙུད་ཅིང་། ཤེས་ལྡན་མི་སྣ་གསོ་སྐྱོང་སྤུས་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་གཏོང་ཞིང་། དགེ་རྒན་གསོ་སྦྱོང་ལས་དོན་རིམ་པ་མང་པོའི་སྒོ་ནས་སྤེལ་བ་དང་། དགེ་རྒན་གྱི་བྱང་ཚད་མཐོར་འདེགས་པའི་བྱེད་སྒོ་རམ་དང་རིམ་པ་སྤེལ་བ། དགེ་རྒན་སྒྲིག་འཛུགས་བྱས་ཏེ་རྒྱལ་ཡོངས་དང་ཞིང་ཆེན། ཁུལ་བཅས་ཀྱི་རྩལ་ནུས་རིམ་པ་ཁག་ཏུ་ཞུགས་སུ་བཅུག་པ་དང་དེར་བསྟུན་གྱི་བྱ་དགའ་ལམ་སྲོལ་བཙུགས་པ་སོགས་ཀྱིས་དགེ་རྒན་གྱི་ཆེད་ལས་བྱང་ཚད་ཕྱོགས་ཡོངས་ནས་མཐོར་འདེགས་གཏང་རྒྱུ་ཡིན་ཞེས་ཝུའུ་ཏ་ཁྲེང་གིས་དེ་ལྟར་བཤད་པ་རེད།
རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་འགྲམ་དུ་ས་གནས་འབྲིང་རིམ་ལས་རིགས་སློབ་གསོ་མཆོང་རྒལ་འཕེལ་རྒྱས་ཡོང་བའི་མཛེས་རིས་ཤིག་དལ་གྱིས་མངོན་ཞིང་། ཁུལ་ལས་རིགས་སློབ་གྲྭས་བརྟན་བརླིང་གི་གོམ་པའི་འདེགས་འཇོག་བསྒྱུར་ཏེ་ལས་རིགས་སློབ་གསོའི་ཟོང་རྟགས་གྲགས་ཅན་སྐྲུན་པའི་ཕྱོགས་སུ་སྐྱོད་བཞིན་ཡོད་དོ།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10