དགེ་ལུང་དོན་ཉི། 2022-02-25
ནམ་ལངས་དུས་མིག་ཟུང་གསལ་ལ་མི་གསལ་བའི་མཚམས་ནས་དཔེ་དེབ་གངས་རྒྱན་མེ་ཏོག་གིས་ཅེར་བཞིན་འདུག་པར་མཐོང་། ངས་ཁོ་ལ་འབྲེལ་འདྲིས་བྱེད་འདོད་ཅིང་མདང་སྐྱ་རེངས་དུས་སུ་བལྟ་བྱར་བཟུང་བའི་དཔེ་དེབ་ཅིག་ཡིན། ཟུར་གྱི་ཁ་པར་ལས་བརྡ་འཕྲིན་སྣ་ཚོགས་ཤིག་མཐོང་བས་གཅིག་གཅིག་གཉིས་གཉིས་བྱས་ཏེ་ཡར་དྲུད་མར་འཐེན་བྱས་པས། དུས་ཚོད་བརྒྱད་ལ་ཟིན་པར་ཉེ་ཞིང་ཞོགས་པའི་ཉི་འོད་རི་སྒང་ནས་ངའི་སྒེའུ་ཁུང་དུ་མཆེད། ཁྱིམ་མཚེས་ཚང་གི་བསྟན་འཛིན་འགྲུབ་ཀྱིས “སངས་རྒྱས་ལ་ནི་ཕྱག་འཚལ་ལོ།། ཆོས་རྣམས་ཀུན་གྱི་བདག་པོ་སྟེ།། འགྲོ་བ་ལ་ནི་ཐུགས་ཀྱིས་བརྩེ།། ནམ་ཡང་འབྲལ་མེད་བཞུགས་པར་མཛོད།།” ཅེས་གསོལ་བ་འདེབས་བཞིན་གཞུང་ལུགས་ཀྱི་སློབ་དེབ་ནང་བློར་འཛིན་ནས་ནང་ཇ་ལ་རན་འདུག། ངས་ནང་ཇ་རན་ཙམ་བཏུང་སྟེ་ངོ་གདོང་ཆུ་ལ་བསུབ་ཙམ་བྱས་ནས། དུས་ཚོད་ཀྱི་བར་སྟོང་ཞིག་ལྷུང་སོང་བས། བསྟན་འཛིན་འགྲུབ་དང་ལྷན་དུ་ཁ་བརྡ་བྱས། ཁོས “ང་ཚོས་ནང་བསྟན་གྱི་སྒོ་ལ་ཞུགས་པས་བསྟན་པ་འཛིན་ཏེ་མཚན་ཉིད་ཀྱི་གཞུང་ལུགས་ལ་མཁས་པ་ཕུགས་ཕྱིན་བྱ་དགོས་ཟེར་ངས་ཀྱང་འཐད་ལ་མི་འཐད་པའི་ངང “རེད་རེད” ཅེས་ལབ་སྟེ་མགོ་བོ་གཡུག་གཡུག་བྱས། ཁོས་མུ་མཐུད་དེ་སྔོན་གྱི་དམ་པའི་མཛད་སྤྱོད་སྐོར་གླེང་ཞིང་དེ་ཚོའི་རྫུ་འཕྲུལ་དང་གྲུབ་རྟགས་མང་དུ་བཤད། ང་རང་སྔོན་ཆད་ལ་འདི་ལྟ་བུ་ལ་དགའ་མོས་ཆེ་ལ་དེ་ལ་སྟོན་པ་དང་བདུད་གཉིས་རྫུ་འཕྲུལ་གྱི་རྩལ་འགྲན་ཚུལ་སྐོར་མང་པོ་ཉན་མྱོང་། རྗེས་ནས་དེའི་སྐོར་གྱི་དཔེ་ཆ་ལག་ཏུ་ཡོད་ཀྱང་བལྟ་འདོད་ཀྱི་བློ་ཞིག་རྐང་ནས་མེད་པར་འདྲ།
ཉིན་གུང་གི་དཔེ་ཁྲིད་གྲོལ་རྗེས། དགོན་པའི་འགྲམ་གྱི་སློབ་གྲྭའི་ཇ་ཁང་ནང་དུ་སོང་བ་ཡིན། ཇ་ཁང་ནང་དུ་དཔེ་དེབ་མོད་པོ་ཡོད། ཇ་ཁང་འདི་གཙོ་བོ་བསྟན་འབར་དགོན་གྱི་དགོན་བདག་གིས་ཆེད་དུ་སློབ་མ་རྣམས་ལ་དཔེ་ཆ་ཀློག་སའི་ཇ་ཁང་ཕྱེས་པ་རེད། ཇ་ཁང་གི་ཞབས་ཕྱི་བ་ལ་ངས “ཇ་དམར་ཕོར་གང་དགོས”ཞེས་བཤད་དེ་སྒེའུ་ཁུང་འགྲམ་གྱི་རྐུབ་སྟེགས་སུ་བསྡད། ཇ་ཁང་ནང་དུ་མགྲོན་པོ་མང་པོ་ཞིག་འདུག་ཅིང་ཕལ་ཆེར་དགོན་པའི་གྲྭ་པ་དག་རེད། ཕྱི་ནས་འོང་བའི་མི་ནི་ཧ་ཅང་དཀོན། གྲྭ་པ་མང་པོ་ཞིག་གིས་འཚང་ཁ་ཤིག་ཤིག་གིས་དཔེ་སྒྲོམ་གྱི་སྟེང་ནས་དཔེ་ཆ་རེ་ཉུག་གིན་འདུག། དཔེ་སྒྲོམ་ནང་གི་དཔེ་ཆ་ནི་རྗེ་རིན་པོ་ཆེ་སོགས་སྔོན་གྱི་གསུང་འབུམ་མང་པོ་ཞིག་གིས་བཀང་ཡོད་ལ། འགའ་རེ་ཕྱི་གླིང་བ་སོགས་ཀྱིས་བྲིས་པ་རེ་ཡོད་མོད་ནང་ཆོས་དང་འབྲེལ་བ་ཆེ་ཞིང་ནང་ཆོས་སྐོར་མ་ཡིན་པའི་དཔེ་ཆ་ཅང་དཀོན། ངས་རང་ཉིད་ཀྱི་ཨམ་ཕྲག་ཏུ་བཅུག་པའི་དཔེ་ཆ<<ང་ཚོ་ལ་ཇི་ལྟ་བུའི་སློབ་གསོ་ཞིག་དགོས་སམ>>ཞེས་པ་དེ་ཚུར་བླངས་ནས་བལྟས་པ་ཡིན། ཅུང་ཙམ་ནས་ངའི་ཁྱིམ་མཚེས་བསྟན་འཛིན་འགྲུབ་ཇ་ཁང་ནང་དུ་བསླེབས་སོང་། ངས་ཁོ་ལ་འདི་རུ་ཤོག་ཅེས་པའི་བརྡ་ཞིག་བསྟན་རྗེས། ཁོས་ལོ་རྒྱུས་ཀྱི་དེབ་ཐེར་ཞིག་དང་ཕར་ཕྱིན་གྱི་དཔེ་ཆ་བཟུང་ནས་ངའི་མདུན་དུ་བསྡད་དེ་ཁོས “ཡང་ཁྱོད་ཀྱིས་དེ་ལྟ་བཞིན་ཡོད་དམ” ཞེས་བཤད་བྱུང་། ངས “ཡོད” ཅེས་སྨྲས། གང་ལྟར་རང་རང་ས་ནས་དཔེ་ཆ་ལ་ཅེར་ཏེ་སྨྲ་བ་སྐམ་ནས་དུས་ཚོད་གཉིས་ལྷག་འགོར།
ཕྱི་ཉིན་ཕྱི་དྲོའི་དུས་ཚོད་ལྔ་ཙམ་ནས་བརྒྱད་བར་ཕར་ཕྱིན་དམ་བཅའ་ཞིག་དམིགས་བསལ་དུ་འཚོག་དགོས་བྱུང་། ཁ་སང་གི་དགོང་མོར་འཛིན་བདག་གིས “སང་ཉིན་ཕྱི་དྲོ་ཕར་ཕྱིན་དམ་བཅའ་ཞིག་འཚོག་དགོས་པས། ཁྱོད་ཀྱིས་ཕར་ཕྱིན་ནང་ནས་རྟགས་གསལ་བདེ་མོ་སྒྲིགས་ཤོག། འུ་ཚོའི་འཛིན་གྲྭས་རྩོད་དགོས་རེད” ངས་ཀྱང “ཡ་ཡ” བརྗོད་རྗེས། རང་གི་གྲྭ་ཤག་ནས་ཕར་ཕྱིན་སྐོར་གྱི་དཔེ་ཆ་རེ་མི་ཀློག་ཀ་མེད་བྱུང་། དེ་ལྟར་བྱས་ཏེ་བསམ་བློ་ཡང་ཡང་བཏང་རྗེས་རིག་པས་བསམ་བློ་འགྲོ་ལམ་ཡོད་པའི་བསམ་གཞིག་གསར་པ་ཡིན་འདང་ཅན་གྱི་རྟགས་གསལ་ཞིག་བཟུང་ནས། ཚ་ལམ་ལམ་དམར་སེར་སྡེ་ཚོགས་མེ་ཏོག་ཐང་ལ་བཀྲམ་པ་བཞིན་འདུ་ས་ན། མགོ་བོ་ཡར་ལ་དགྱེ་སྟེ་རྟགས་གསལ་འཕངས། ཡིན་ནའང་། རྟགས་གསལ་བློ་ཡིད་བདེ་པོ་མ་བྱུང་ཞིང་འཛིན་གྲོགས་ཚོས་ཀྱང་གོ་མ་མྱོང་བའམ་མ་འགྲིག་པའི་རྣམ་འགྱུར་རེ་ཁུར་བྱུང་། དེ་ཡང་ཁག་མེད་དེ་སྤྱིར་ཆོས་ར་ནང་དུ་ལོབས་སོང་བའི་རྟགས་གསལ་མ་ཡིན་ལ། མང་པོ་ཞིག་གིས་བསམ་བློ་གཏོང་ཡུལ་མ་ཡིན་པ་དང་ཡང་གཅིག་བྱས་ན་སྣ་ཆུང་གཏོང་ས་ཞིག་ཡིན། དམ་བཅའ་འཚོགས་གྲོལ་རྗེས། འཛིན་བདག་གིས “བསམ་གཏན། ཁྱོད་ཀྱིས་དེ་རིང་གཏོང་བའི་རྟགས་གསལ་དེ་ང་ཚོས་ཡག་པོ་ཤེས་ཀྱིན་མི་འདུག། དེ་རིང་ལས་གོ་ཡང་མ་མྱོང་བ་འདྲ།” ངས “རེད་རེད། ང་ཡང་ཡིད་ཚིམ་པོ་མ་བྱུང་། གཅིག་བྱས་ན་བྲེལ་འཚུབ་ཀྱི་དབང་དུ་སོང་ཡོད་པ་འདྲ། ” འཛིན་བདག་གིས “ཡ་ཡ། མི་སྐྱོན་ཀི ད་བདེ་མོ” ཞེས་སྨྲས་རྗེས་རང་རང་ས་རུ་ལོག།
བག་བྲོ་བའི་གྲྭ་ཤག་ཏུ་ཐོན་ནས་ཡོད་ཚད་འཆིང་རྒྱ་ལས་གྲོལ་ཏེ། རང་དབང་ཐོབ་པའི་ཉམས་སྣང་གིས་སྤྲོ་སྣང་ཞིག་སྟེས་དབང་གིས་ལྷུང་། ཐུག་པ་ཚ་ལྷོག་ཚ་ལྷོག་ཅིག་བསྐོལ་ཏེ་རང་སེམས་དྲོན་པོ་བྱས། དྲྭ་རྒྱ་ལས་ཆ་འཕྲིན་སྣ་ཚོགས་ལ་ཅེར་ཏེ། ཟུར་གྱི་དཔེ་ཆ་རྣམས་རྒད་པོ་མགོ་དཀར་ཉལ་བ་བཞིན་མདངས་ཤོར་ཏེ་ལུས་འདུག། ཕྱི་ཉིན་སྔ་བཞིན་སློབ་གྲྭ་འཚོག་དགོས་བྱུང་།
རྩོམ་གསར། 10