ཁྲེང་ཏུའུ་གྲོང་ཁྱེར་མི་དམངས་སྨན་ཁང་དང་པོས་དཀར་མཛེས་རྫོང་དུ་འོས་འགན་སྨན་བཅོས་བྱེད་སྒོ་སྤེལ།

( བློ་བཟང་དོན་འགྲུབ་ཀྱིས་བྲིས་ཤིང་པར་བླངས།)        2024-07-10

ཉེ་ཆར། ཁྲེང་ཏུའུ་གྲོང་ཁྱེར་མི་དམངས་སྨན་ཁང་དང་པོའི་རུས་ནད་ཚན་ཁག་གི་ཀྲུའུ་རེན་སྨན་པ་དཀའ་བཅུ་པ་ལི་ཁྲེང་གིས་སྣེ་ཁྲིད་པའི་རིགས་གཅིག་མཁས་ཅན་ཚོ་ཆུང་དཀར་མཛེས་རྫོང་རོང་པ་ཚ་ལྟེ་གནས་འཕྲོད་བསྟེན་ཁང་དུ་ཡོང་ནས་འདན་མ་གྲོང་རྡལ་ཏང་ཨུ་སྲིད་གཞུང་གི་སྒྲིག་འཛུགས་འོག་རྒན་རྒོན་ཚོ་ལ་འོས་འགན་སྨན་བཅོས་བྱེད་སྒོ་སྤེལ་བ་རེད།

ད་ཐེངས་ཀྱི་འོས་འགན་སྨན་བཅོས་བྱེད་སྒོའི་ནང་བློ་འདྲི་སྟེགས་བུ་དང་ལུས་བཤེར་བྱེད་ས་སོགས་ཞབས་ཞུའི་ས་ཁོངས་མང་པོ་བཙུགས་ཡོད། སྨན་པ་ཚོས་ངང་རྒྱུད་རིང་པོས་རྒན་རྒོན་ཚོ་ལ་ནད་རྒྱུས་འདྲི་རྩད་དང་གཟུགས་པོར་བརྟག་དཔྱད་ཞིབ་ཕྲ་བྱས་པ་དང་འབྲེལ་ནད་པའི་གནས་ཚུལ་ལ་གཞིགས་ནས་དམིགས་ས་ཡོད་པའི་སྨན་བཅོས་གྲོས་འགོ་ཡང་བཏོན་པ་རེད།

རྒྱུན་མཐོང་གི་རུས་པ་སབ་སོབ་དང་ཚིགས་ནད་སོགས་ལ་དམིགས་ནས། རིགས་གཅིག་མཁས་ཅན་ཚོས་བྱེད་སྒོར་ཞུགས་མཁན་ཚང་མ་ལ་ལུགས་མཐུན་གྱི་འཚོ་བ་སྐྱེལ་སྟངས་རྒྱུན་འཁྱོང་དགོས་པ་དང་ལུས་རྩལ་སྦྱོང་བརྡར་འོས་འཚམ་བྱེད་པ། ཟས་སྤྱོད་ལ་དོ་སྣང་བྱས་ཏེ་ཀལ་དང་འཚོ་རྩིDསོགས་འཚོ་བཅུད་དངོས་པོ་འདུས་པའི་ཟས་རིགས་མང་ཙམ་བཟའ་བ། དུས་བཅད་ལྟར་རུས་ནད་བརྟགས་ཏེ་རུས་ནད་ཐོན་ཚེ་སྔ་མོ་ནས་སྨན་བཅོས་བྱེད་པ། སྨན་པའི་ངག་བཞིན་རུས་ནད་སྨན་བཅོས་ཚད་ལྡན་བྱ་དགོས་པ་སོགས་ཀྱི་བཅོལ་གདམས་བྱས་པ་རེད།

ད་ཐེངས་ཀྱི་བྱེད་སྒོ་ལས་མང་ཚོགས་ཀྱིས་རུས་པའི་བདེ་ཐང་ལ་མཐོང་ཆེན་བྱེད་ཚད་ཆེ་རུ་ཕྱིན་པར་མ་ཟད། གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་ལ་ཡིད་ཆེས་ཚད་ཀྱང་ཆེ་རུ་ཕྱིན་ནས་དཀར་མཛེས་རྫོང་གི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་འཕེལ་རྒྱས་འགྲོ་བར་དགེ་མཚན་ལྡན་པའི་ཤུགས་རྐྱེན་ཐེབས་ཡོད།།

ང་ཚོས་གོ་སྐབས་དམ་དུ་བཟུང་ནས་ཁྲེང་ཏུའུ་གྲོང་ཁྱེར་མི་དམངས་སྨན་ཁང་དང་པོ་སོགས་ཆུ་ཚད་མཐོ་བའི་སྨན་བཅོས་སྒྲིག་གཞི་དང་མཉམ་ལས་སྤེལ་རེས་བྱ་རྒྱུར་མུ་མཐུད་དེ་ཤུགས་བརྒྱབ་སྟེ་རང་རེའི་རྫོང་གི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས་རྒྱ་ཆེ་བའི་མང་ཚོགས་ལ་དེ་བས་སྤུས་ལེགས་དང་སྟབས་བདེ་བའི་སྨན་བཅོས་ཞབས་ཞུ་བྱ་རྒྱུ་ཡིན་ཞེས་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བས་དེ་ལྟར་བཤད་པ་རེད།།

  • ལེ་ཚན་སྔོན་མ།:ཆེད་ལས་གསོ་སྦྱོང་གིས་རྩལ་ནུས་ཆེ་རུ་བཏང་། ཡིད་ཆེས་བརྟན་པོ་ཡིས་ཡུལ་སྡེ་དར་རྒྱས་བསྐུལ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།