མཐོང་སྣང་དང་རེ་ལྟོས།

༼ ལུག་རྫི། ༽        2024-07-08

མཚན་མོའི་ཞི་འཇགས་ཀྱིས།

ང་ལ་སྐྱོ་བ་མང་ཙམ་བསྩལ།

མིག་གི་མཐོང་ལམ་དུ།

མདོག་མེད་ཀྱི་རྒྱ་སེ་ཞིག་ལྷང་ངེར་བཀྲམ།

མཚོན་བྱ་མེད་ལ།

མཚན་ཉིད་ཀྱང་མེད།

མེ་ལོང་ཆག་རྗེས།

མིག་ཟུང་ཇེ་མང་དུ་གྱུར།

སྙན་ངག་པའི་སྨྲེང་བ་ལས་མཆེད་

པའི་རླན་གྲང་གི་ཡིག་འབྲུ་

དག་གིས།

དེའི་རྒྱུ་མཚན་བརྗོད་པར་བྱས།

ནགས་རྫོབ་ཏུ་སྨུག་པ་འཁྱིལ།

ཁ་སང་།

སྡོང་པོ་ལྕང་ཁུ་དེ།

ཚེ་སྲོག་ཅིག་གི་གཞིས་སུ་གྱུར།

རྣམ་རྟོག་གི་མཁར་རྫོང་དུ།

གཤིན་པོ་ཞིག་གི་དུར་བྱང་།

ཞི་བར་ཉེ།

དུར་བྱང་དེ་སུ་ལའང་མི་བདག་སྟེ།

སུའི་ཡིན་ཆོག།

རྒྱང་རིང་ལ་ཕྱོགས་པའི་མེ་འཁོར།

བདག་གི་རྨི་ལམ་བརྒྱུད་དེ་ཕྱིན་སོང་།

ངས་མིག་མེད་པ་དང་གྲིབ་མ་མེད་པའི་མི་

དེ་དག་ལས།

སྐྱེས་སྟོབས་ཀྱི་རིག་པ་ཅན་དེ།

ཅི་ནས་ཀྱང་མཐོང་མ་སོང་།

ད་ང་སད་རན་བཞག།

གཏན་དུ་སད་རན་བཞག།

རྨི་ལམ་འཁྱགས་པོ་དེར།

ཕུགས་རེ་ཡིས་བསླེས་པའི་ཕྲེང་རྒྱུད་ཀྱིས།

ཆོལ་ཁ་གསུམ་གྱི་ནམ་མཁའ་ཕྱོགས་

གཅིག་ཏུ་འཆིང་།

ཉི་ཟླའི་མིག་ཟུང་ལས།

གངས་རི་དང་རྩྭ་ཐང་འཁྲུངས།


  • ལེ་ཚན་སྔོན་མ།:དབྱར་འགོ་མའི་མཛེས་སྡུག།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།