མཆུ་ཤོ་ནད་པའི་བདེ་སྐྱིད་ཀྱི་འཛུམ་མདངས། རང་ཁུལ་གྱི་མཆུ་ཤོ་སྤྱི་ཕན་རོགས་སྐྱོབ་ལས་གཞིས་ལོ་བཅུ་ལྷག་རིང་མཆུ་ཤོ་ནད་པ200ལྷག་ལ་རིན་མེད་རོགས་སྐྱོབ་བྱས།

( བདེ་སྐྱིད་ཀྱིས་བྲིས།)        2024-07-05

སྨན་པ་ཏེང་ལགས་བཀའ་དྲིན་ཆེ།གལ་ཏེ་ཁྱེད་མིན་ན་ང་ཚོའི་བྱིས་པས་ཚེ་འདིར་ཅི་ཞིག་བྱ་དགོས་མི་ཤེས་ཞེས་ཕྲུ་གུ་མཆུ་ཤོའི་ཕ་མ་གཉིས་ཀྱིས་སྨན་པའི་ལག་པར་འཇུ་བཞིན་དེ་ལྟར་བཤད། དཀར་མཛེས་རྫོང་དུ་སྡོད་པའི་སྒྲོལ་མ་ཆུང་ཆུང་སྐྱེས་མ་ཐག་ཁྱིམ་མི་ཡོངས་ལ་གནམ་ལྕགས་འཕངས་པ་ལྟ་བུའི་ཚོར་བ་ཞིག་སྐྱེས་སུ་བཅུག་སྟེ། ཉིན་མཚན་རེ་སྒུག་ལྟར་ཕྲུ་གུ་སྐྱེས་རྗེས་ལྷན་སྐྱེས་རང་བཞིན་གྱི་མཆུ་ཤོ་ཞིག་ཡིན་ལ། ཁྱིམ་ཚང་གི་ཆ་རྐྱེན་ཡང་ཞན་སྟབས་ཕ་མ་གཉིས་ཀྱིས་སྒྲིལ་གཟན་ནང་གི་ཕྲུ་གུ་ལ་བལྟས་ནས་དབུགས་རིང་ཞིག་འདེབས།

མཆུ་ཤོ་ནད་པའི་བདེ་སྐྱིད་ཀྱི་འཛུམ་མདངས།

སྨན་པས་མཆུ་ཤོ་ནད་པར་ཞིབ་བཤེར་བྱེད་བཞིན་པ།

སྒྲོལ་མ་ཆུང་ཆུང་གི་ཁྱིམ་མི་ཚོའི་སྐྱོ་གདུང་གི་རྣམ་པ་མཐོང་བ་ན་དཀར་མཛེས་རྫོང་མི་དམངས་སྨན་ཁང་བུ་བཙའི་ཚན་ཁག་གི་སྐྱེ་ལེན་མ་ཚེ་རིང་གཡང་འཛོམས་གིས་འཕྲལ་མར་བྲག་མགོ་རྫོང་མི་དམངས་སྨན་ཁང་དུ་ཚོགས་པ་སྒྲིག་འཛུགས་རོགས་སྐྱོར་ཀྱི་ཁྲེང་ཏུའུ་གྲོང་ཁྱེར་མི་དམངས་སྨན་ཁང་གཉིས་པའི་མཆུ་ཤོ་ཚན་ཁག་གི་སྨན་པ་འབུམ་རམས་པ་ཏེང་ལི་ཅ་དང་འབྲེལ་བ་བྱས་པ་རེད། ཏེང་ལི་ཅ་ནི་འདི་ལོའི་དཀར་མཛེས་ཁུལ་མཆུ་ཤོ་སྤྱི་ཕན་རོགས་སྐྱོབ་ལས་གཞིའི་འགན་འཁུར་བ་ཡིན་པ་དང་། འདི་ལོའི་ལོ་འགོ་ནས་བཟུང་ཁོང་གིས་ཁུལ་ཡོངས་ཀྱི་ཁྱབ་ཁོངས་ནང་སྤྱི་ཕན་རོགས་སྐྱོབ་ལས་གཞི་དང་མཐུན་པའི་རིན་མེད་རོགས་སྐྱོབ་ཆོག་པའི་ནད་པ་གདམ་གསེས་བྱས་པ་རེད།

སྒྲོལ་མ་ཆུང་ཆུང་གི་གནས་ཚུལ་ཤེས་རྟོགས་བྱུང་རྗེས་རོགས་སྐྱོབ་ཆ་རྐྱེན་དང་མཐུན་པ་དང་།དེ་མ་ཐག་སྒྲོལ་མ་ཆུང་ཆུང་བྲག་མགོ་རྫོང་མི་དམངས་སྨན་ཁང་དུ་བསྐྱལ་ནས་ཏེང་ལི་ཅ་ཡིས་རིན་མེད་ངང་མཆུ་ཤོའི་སྨན་བཅོས་བྱས་པ་རེད།

དཔེ་ལེན་དངPNAMབཟོ་བ་སོགས་སྨན་བཅོས་ཀྱི་གོ་རིམ་རེ་རེ་ཞིབ་ཅིང་བརྟན་པོ་བྱས་ཏེ། ཆུ་ཚོད5ལྷག་ཙམ་སོང་རྗེས་སྒྲོལ་མ་ཆུང་ཆུང་དང་སྡེ་དགེ་སོགས་ནས་ཡོང་བའི་ཟླ་བ་གསུམ་ཙམ་ལོན་པའི་མཆུ་ཤོ་བྱིས་པ3ལ་གཤགས་བཅོས་སྔོན་གྱི་ཐོག་མའི་སྨན་བཅོས་ལེགས་འགྲུབ་བྱུང་བ་དང་། དེ་ནི་མཆུ་ཤོ་ནད་བཅོས་ཁྲོད་ཀྱི་ཆེས་གནད་འགག་གི་གོ་རིམ་ཞིག་ཡིན་ལ།མཆུ་ཤོ་རིམ་སྟར་གསོ་བཅོས་ཀྱི་འགོ་བརྩམས་པ་ཡང་ཡིན།

སྨན་བཅོས་བྱས་རྗེས་ཏེང་ལི་ཅ་ཡིས་མཆུ་ཤོ་བྱིས་པར་སྨན་བཅོས་བསྐྱར་འདྲིའི་གནས་ཚུལ་ཤེས་རྟོགས་བྱེད་པ་དང་། སྒྲོལ་མ་ཆུང་ཆུང་ཁྱིམ་ཚང་གིས་ཀྱང་བཀའ་དྲིན་ཡང་ཡང་ཞུས་པས། དེ་ནི་ཁོ་ཚོའི་ཁྱིམ་ཚང་གི་ངོས་ནས་བརྗོད་ན་སྒྲོལ་མ་ཆུང་ཆུང་གི་མི་ཚེ་གང་བོར་འགྱུར་ལྡོག་གཏོང་བའི་རེ་བ་ཞིག་རེད།ཏེང་ལི་ཅ་ཡི་ངོས་ནས་བརྗོད་ན་སྒྲོལ་མ་ཆུང་ཆུང་ནི་ཁོང་རང་དཀར་མཛེས་ཁུལ་གྱི་མཆུ་ཤོ་སྤྱི་ཕན་རོགས་སྐྱོབ་ལས་གཞི་ནང་ཞུགས་ནས་ལོ7རིང་རོགས་སྐྱོབ་བྱས་པའི་མཆུ་ཤོ་བྱིས་པ100ལྷག་གི་གྲས་ཤིག་ཡིན།

དཀར་མཛེས་ཁུལ་གྱི་མཆུ་ཤོ་སྤྱི་ཕན་རོགས་སྐྱོབ་ལས་གཞི་ནི་ཁྱིམ་ཚང་དབུལ་པོ་དང་ཡོང་འབབ་དམའ་བའི་ཁྱིམ་ཚང་གི་མཆུ་ཤོ་ནད་པ་དང་། དེ་བཞིན་མགོ་དང་ངོ་གདོང་ཡ་མ་གཟུགས་ཀྱི་ནད་ཕོག་པའི་བྱིས་པར་རིན་མེད་གཤགས་བཅོས་སྨན་བཅོས་བྱེད་པའི་སྤྱི་ཕན་བྱ་སྤྱོད་ཅིག་རེད། ང་ས་གནས་དེ་གའི་དཀར་མཛེས་བུ་རྒྱུད་ཅིག་ཡིན་པའི་ངོས་ནས་བཤད་ན། དོན་སྙིང་ལྡན་པའི་ལས་གཞི་དེ་འདྲ་ཞིག་གི་ནང་ཞུགས་ཐུབ་པས་ངར་ཤུགས་ཆེན་པོ་འདོན་རྒྱུ་ཡིན་ཞེས་མཆུ་ཤོ་སྤྱི་ཕན་རོགས་སྐྱོབ་ལས་གཞི་དེའི་སྐོར་གླེང་སྐབས་ཏེང་ལི་ཅ་ཡིས་མྱོང་ཚོར་ཟབ་མོས་དེ་ལྟར་བཤད།

སི་ཁྲོན་ནུབ་ཕྱོགས་མཐོ་སྒང་ལ་གནས་པའི་དཀར་མཛེས་ཁུལ་གྱི་ས་ཁུལ་མང་ཆེ་བར་ས་བབ་མཐོན་པོ་དང་དབྱང་རླུང་དཀོན་པ། གནམ་གཤིས་ཆ་རྐྱེན་ཞན་པ་བཅས་ཡོད་པས་ས་བབ་མཐོན་པོ་ལས་དབྱང་རླུང་མི་འདང་བ་དང་། མངལ་ཆགས་སྐབས་ཀྱི་བཟའ་བཏུང་གོམས་གཤིས་དང་བཙའ་བཤེར་མི་འདང་བ་སོགས་ཀྱི་དབང་གིས་མཆུ་ཤོ་སོགས་ལྷན་སྐྱེས་རང་བཞིན་གྱི་ཡ་མ་གཟུགས་འབྱུང་ཚད་ཅུང་མཐོ་བ་རེད།

མཆུ་ཤོ་ནད་པ་དེ་དག་གི་ངོ་གདོང་སླར་གསོ་དང་ཁོ་ཚོའི་བདེ་སྐྱིད་ཀྱི་འཛུམ་མདངས་ཡང་བསྐྱར་སླར་གསོ་བྱ་ཆེད། 2006ལོ་ནས་བཟུང་། དཀར་མཛེས་ཁུལ་མི་དམངས་སྨན་ཁང་གིས་ཐེབས་རྩ་ལྷན་ཚོགས་མང་པོ་དང་མཉམ་ལས་བྱས་ཏེ། སི་ཁྲོན་སློབ་ཆེན་ཧྭ་ཞི་ཁ་སྦུག་སྨན་ཁང་དང་དགེ་སྒྲུབ་ཐེབས་རྩ་ལྷན་ཚོགས་ཁག། དེ་བཞིན་ཕྱོགས་ཁག་གི་རོགས་རམ་སྟོབས་ཤུགས་ཀྱི་རྒྱབ་སྐྱོར་དང་རོགས་རམ་འོག་རང་ཁུལ་དང་མཐའ་འཁོར་ས་ཁུལ་གྱི་བྱིས་པ་དང་དར་མའི་མཆུ་ཤོ་ནད་པ་ལ་སྤྱི་ཕན་རོགས་སྐྱོབ་ལས་དོན་སྤེལ་བ་རེད།

རོགས་སྐྱོབ་ཐོབ་མཁན་མཆུ་ཤོ་སྤྱི་ཕན་ལས་གཞིའི་རོགས་སྐྱོབ་ཆ་རྐྱེན་དང་དངོས་འབྲེལ་མཐུན་པ་འགན་ལེན་བྱེད་པར་མ་ཟད། ཕྱོགས་ཡོངས་ནས་གཤགས་བཅོས་མ་བྱས་གོང་གི་དཔྱད་དཔོག་བྱ་རྒྱུ་དེ་ནི་རྙོག་འཛིང་ཆེ་ལ་དུས་ཚོད་ཀྱང་འགོར་བའི་བརྒྱུད་རིམ་ཞིག་ཡིན་པ་རེད། རོགས་སྐྱོབ་ཐོབ་པའི་ནད་པ་གདམ་གསེས་དང་སྨན་བཅོས་བྱ་རྒྱུའི་སྐོར་གླེང་སྐབས་དཀར་མཛེས་ཁུལ་མི་དམངས་སྨན་ཁང་གི་ཁ་སོག་ཚན་ཁག་གི་སྨན་པ་ཞིང་ཅེ་ཡིས་གསར་འགོད་པར་རོགས་སྐྱོབ་ཐོབ་མཁན་གྱི་ཆ་འཕྲིན་བདེན་པ་དང་།

བློས་འགེལ་ཆོག་པའི་འགན་ལེན་བྱ་ཆེད།ཁུལ་མི་དམངས་སྨན་ཁང་གིས་གདམ་གསེས་དང་དཔྱད་དཔོག་ལམ་སྲོལ་ནན་པོ་བཙུགས་ནས་དཔྱད་གཞིའི་ཡིག་རིགས་ལ་ཞིབ་བཤེར་བྱས་པར་མ་ཟད། བརྙན་ལམ་སྦྲེལ་མཐུད་སོགས་ཀྱི་བྱ་ཐབས་སྤྱད་དེ་གདམ་གསེས་དང་དཔྱད་དཔོག་གི་ལས་ཕྱོད་ཆེ་རུ་ཕྱིན་ཡོད་ཅེས་བཤད་པ་རེད།

མཆུ་ཤོ་ནད་ཀྱི་གཤགས་བཅོས་ལ་ཁྱད་དུ་འཕགས་པའི་སྨན་བཅོས་ལག་རྩལ་དགོས་པར་མ་ཟད། གཤགས་བཅོས་བྱས་རྗེས་ཀྱི་བདེ་ཐང་ལ་ཆེད་ལས་ཀྱི་མཛུབ་སྟོན་དང་རྒྱུན་མཐུད་ཀྱི་ཐུགས་ཁུར་དགོས་པས། གཤགས་བཅོས་དང་གཤགས་བཅོས་བྱས་རྗེས་ཀྱི་བདེ་ཐང་ལ་འགྲན་སློང་སྣ་ཚོགས་འཕྲད་ཡོད། དེར་བརྟེན་ཁུལ་མི་དམངས་སྨན་ཁང་གིས་ཆེད་ལས་སྨན་བཅོས་སྒྲིག་གཞི་དང་སྨན་པ་དང་མཉམ་ལས་བྱས་ནས་གཤགས་བཅོས་སྨན་བཅོས་ཀྱི་སྤུས་ཚད་དང་ཕན་འབྲས་འགན་ལེན་བྱས་པ་དང་། དེ་དང་ཆབས་ཅིག་གཤགས་བཅོས་བྱས་རྗེས་ཀྱི་བདེ་ཐང་སླར་གསོའི་མཛུབ་ཁྲིད་འབྲེལ་གཏུག་ཚོགས་པ་བཙུགས་ནས་ནད་པར་རང་གཤིས་ཅན་གྱི་བདེ་ཐང་སླར་གསོའི་ཇུས་གཞི་མཁོ་འདོན་བྱེད་པ་དང་ནད་པ་དང་འབྲེལ་གཏུག་བྱ་རྒྱུར་ཤུགས་བརྒྱབ་སྟེ། གཤགས་བཅོས་བྱས་རྗེས་ཀྱི་བདེ་ཐང་སླར་གསོ་བདེ་བླག་ངང་ཡོང་བར་འགན་ལེན་ཏན་ཏིག་བྱས་པ་རེད།

2020ལོར་དཀར་མཛེས་ཁུལ་གྱི་མཆུ་ཤོ་སྤྱི་ཕན་རོགས་སྐྱོབ་ལས་གཞི་ཡིས་མཆུ་ཤོ་ནད་ཕོག་པའི་བྱིས་པ16ལ་རིན་མེད་སྨན་བཅོས་བྱས་པ་དང་། 2021ལོར་ཝུའུ་ཧན་སློབ་ཆེན་ཁ་སྦུག་སྨན་ཁང་གི་རོགས་རམ་ཤུགས་ཆེན་འོག་མཆུ་ཤོ་ནད་ཕོག་པའི་བྱིས་པ31ལ་རིན་མེད་སྨན་བཅོས་བྱས་པ། 2023ལོར་ཀྲུང་གོ་བུད་མེད་འཕེལ་རྒྱས་ཐེབས་རྩ་ལྷན་ཚོགས“ཨ་མའི་འཛུམ་མདངས་བྱ་སྤྱོད”དཀར་མཛེས་ཁུལ་དུ་བསྐྱོད་དེ་མཆུ་ཤོ་ནད་ཕོག་པའི་བྱིས་པ33ལ་རིན་མེད་སྨན་བཅོས་བྱས་པ་རེད། མུ་མཐུད་ནས་མཆུ་ཤོ་བྱིས་པ་དེ་བས་མང་བ་དཀར་མཛེས་ཁུལ་གྱི་མཆུ་ཤོ་སྤྱི་ཕན་རོགས་སྐྱོབ་ལས་གཞིའི་ནང་ཞུགས་ནས་མཆུ་ཤོ་བྱིས་པ་ཚོའི་གདོང་ལ་བདེ་སྐྱིད་ཀྱི་འཛུམ་མདངས་རྒྱས།ད་སྔར། དཀར་མཛེས་ཁུལ་གྱི་མཆུ་ཤོ་ནད་པ200ལྷག་ལ་རིན་མེད་སྨན་བཅོས་བྱས་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། དཀར་མཛེས་ཁུལ་གྱི་མཆུ་ཤོ་སྤྱི་ཕན་རོགས་སྐྱོབ་ལས་གཞི2024ལོའི་རོགས་སྐྱོབ་འཆར་གཞི་ལག་བསྟར་བྱེད་འགོ་ཚུགས་པ་དང་། ཐེངས་འདིའི་རོགས་སྐྱོབ་འཆར་གཞི་དེ་ཁྲེང་ཏུའུ་སྨན་བཅོས་མཛེས་བཟོ་ཐོན་ལས་མཐུན་ཚོགས་དང་ཝུའུ་ཧན་སློབ་ཆེན་སི་ཁྲོན་སློབ་གྲོགས་ལྷན་ཚོགས་ཀྱིས་སྤྱི་ཕན་ཞལ་འདེབས་སུ་ཕུལ་ནས་མ་དངུལ་རྒྱབ་སྐྱོར་བྱས་པ་དང་། ཧྭ་ཞི་ཁ་སྦུག་གི་རིགས་གཅིག་མཁས་ཅན་གདན་དྲངས་ནས་སྤྱི་ཟླ6པའི་ཟླ་མཇུག་ཏུ་བྲག་མགོ་རྫོང་མི་དམངས་སྨན་ཁང་དུ་བསྐྱོད་དེ་མཆུ་ཤོ་བྱིས་པ30ལ་རིན་མེད་སྨན་བཅོས་བྱས་པ་རེད།

གཅེས་སེམས་གཅིག་ཏུ་འདུས་ནས་རོགས་སྐྱོབ་མ་མཐུད་བྱེད། ལོ18རིང་གི་དུས་ཚོད་ཡུན་རིང་འདས་པས།བརྩེ་སེམས་དང་རེ་བས་ཁེངས་པའི་སྤྱི་ཕན་བྱེད་སྒོ་དེས་དཀར་མཛེས་ས་གཞི་ཆེན་པོའི་ནད་པར་བྱིན་པ་ནི་ཡིད་ཆེས་ཀྱི་འཛུམ་མདངས་ཁོ་ན་མ་ཡིན་ཞིང་།ད་དུང་མ་འོངས་པའི་མཛེས་སྡུག་གི་འཚོ་བ་སྐྱེལ་འགོ་བརྩམ་པ་རེད།།


  • ལེ་ཚན་སྔོན་མ།:ཁྲོན་བོད་ལམ་གྱི་འབུམ་ཡག་རྩྭ་ཐང་།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།