དར་མདོ་གྲོང་ཁྱེར་གྱིས་ཞིང་ལས་དང་ཞིང་སྡེ་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་སྐུལ་འདེད་བཏང་།

( སྐལ་བཟང་རྒྱ་མཚོས་བསྒྱུར།)        2024-06-17

ཉེ་ཆར། གསར་འགོད་པས་དར་མདོ་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་བའི་ལོ་ཤས་རིང་དར་མདོ་གྲོང་ཁྱེར་གྱིས་རང་ཉིད་ཀྱི་ཡུལ་བབ་གནས་ཚུལ་ལ་བསྟུན་ནས་ཐོན་སྐྱེད་སྟོབས་ཤུགས་སྤུས་གསར་འཕེལ་རྒྱས་མགྱོགས་སུ་བཏང་སྟེ། ཡུལ་སྡེ་དར་རྒྱས་གཏོང་བའི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཞིང་ལས་བཅའ་ཁྲིམས》དོན་ལ་འཁྱོལ་ནས་ཞིང་ལས་དང་ཞིང་སྡེ་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་སྐུལ་འདེད་བཏང་བ་རེད།

ཐོན་ལས་བཀོད་སྒྲིག་ལེགས་སྒྱུར་རྒྱུན་འཁྱོངས་ནས་ཞིང་འབྲོག་ལེགས་བསྡུས་ཞིབ་གཉེར་འཕེལ་རྒྱས་ཐད་གྲུབ་འབྲས་ཆེན་པོ་ཐོབ་ཡོད། ཐོན་ལས་མཉམ་འདྲེས་ཅན་འཕེལ་རྒྱས་གཏོང་བ་གཙོ་ཁྲིད་དུ་བྱས་ཏེ། རྒྱལ་རོང་རྒྱལ་མོ་རྔུལ་ཆུ་དང་གླིང་ཆུའི་འབབ་རྒྱུད་ཀྱི་དེང་རབས་ཞིང་ལས་ཐོན་ལས་ཁུལ་འཛུགས་སྐྲུན་གྱི་ལས་དོན་གཙོ་བོ་བྱས་ནས་སྤུས་ཚད་མཐོ་བའི་ཁྱད་ལྡན་ཐོན་ལས་རྟེན་གཞི་མུའུ་ཁྲི8.37བསྐྲུན་པ་དང་སྐྱེ་ལྡན་གྱི་ཐོན་རྫས12དཔང་གཅོད་བྱས། རྒྱལ་ཡོངས་ཀྱི་ཉེན་མེད་བཟའ་བཅའི་རྒྱུ་ཆ་ཚད་ལྡན་ཅན་གྱི་ཐོན་སྐྱེད་རྟེན་གཞི་ལ་ཆོག་མཆན་ཐོབ་ཡོད། ཨ་འབྲུ་ནས་སྤུས་ལེགས་དཔེ་སྟོན་རྟེན་གཞི་མུའུ1800བསྐྲུན་པར་མ་ཟད་ཞིང་ཆེན་གྱི་སྐར་གསུམ་རིམ་པའི་དེང་རབས་ཞིང་ལས་གླིང་ཁུལ་དུ་བདམས་ཐུབ་ཡོད། རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་འབབ་རྒྱུད་ཀྱི་ས་མཐོའི་ཤིང་འབྲས་དེང་རབས་ཞིང་ལས་གླིང་ཁུལ་མུའུ་ཁྲི2.5ལས་བརྒལ་ཏེ་ཁུལ་གྱི་སྐར་གསུམ་རིམ་པའི་དེང་རབས་ཞིང་ལས་གླིང་ཁུལ་དུ་བདམས་ཐུབ་ཡོད། ནོར་གནག་དཀར་ཆུའི་ཐོན་ལས་གླིང་འཛུགས་སྐྲུན་བྱེད་འགོ་བཙུགས་པ་དང་། ནོར་གནག་གཙོས་པའི་སྤྱི་གླིང་དང་ནོར་གནག་ཤ་སྤུས་ལེགས་ལས་སྣོན་ཞིབ་ཚགས་རྟེན་གཞི་ལས་མཇུག་རྫོགས་ནས་འཁོར་སྐྱོད་བྱེད་འགོ་བཙུགས་པས། ནོར་གནག་ཐོན་ལས་མཉམ་འདྲེས་ཅན་འཛུགས་སྐྲུན་གྱི་གཞི་ཁྱོན་ཆགས་པ་རེད།

རྨོ་ཞིང་གི་དམར་ཐིག་བསྲུང་རྒྱུར་མཐའ་འཁྱོངས་ཏེ། འབྲུ་རིགས་ཉེན་མེད་ཀྱི་རྨང་གཞི་ཁྱོན་ཡོངས་ནས་བརྟན་དུ་བཏང་ཡོད། རྨོ་ཞིང་གི“དམར་ཐིག”ནན་སྲུང་བྱས་ནས་རྨོ་ཞིང་སྲུང་སྐྱོང་གི་དམིགས་ཚད་ཚད་ལས་བརྒལ་པ་ལེགས་གྲུབ་བྱུང་བ་དང་། རིམ་རྩིས་བྱས་ན་ཚད་གཞི་མཐོ་བའི་ཞིང་ས་མུའུ་ཁྲི1.87བསྐྲུན་ཞིང་། འབྲུ་རིགས་འདེབས་ཁྱོན་མུའུ་ཁྲི7.69བཏོད་པ་དང་ཐོན་ཚད་ཏུན་ཁྲི1.74ལ་ཟིན་ཡོད། ཞིང་ལས་ཐོན་རྫས་མཁོ་སྤྲོད་འགན་ལེན་ནུས་ཤུགས་ཡོད་རྒུས་བྱས་ཏེ་མུའུ་ཁྲི1.6ཅན་གྱི་ས་མཐོའི་ཉེན་མེད་ཀྱི་སྔོ་ཚལ་མཁོ་སྤྲོད་འགན་ལེན་རྟེན་གཞི་འཛུགས་སྐྲུན་བྱས་ཏེ་ཐོན་ཚད་ཏུན་ཁྲི3.8ལ་ཟིན་ཡོད། ཞིང་ཆེན་རིམ་པའི་སྒོ་ཕྱུགས་དང་ཁྱིམ་བྱ་ཚད་ལྡན་ཅན་གྱི་གསོ་སྤེལ་བྱ་ཡུལ2བསྐྲུན་ནས་རྒྱུད་སྤེལ་ཐུབ་པའི་མོ་ཕག་ཁྲི0.27ལ་ཟིན་པ་དང་། ཕག་ཁྲི2.5དང་བོད་ཕག3500ལྷག་བཤས་ཁོངས་སུ་བཏང་ཡོད། རྒྱུད་བཟང་གི་ཕྱུགས་བྱ་ཁྲི2.2རྒྱུད་བཟང་དུ་བསྒྱུར་ཡོད། ནོར་གནག་ཁྲི3.1བཤས་ཁོངས་སུ་བཏང་ཡོད། ཁྱད་ལྡན་ཤིང་ཏོག་གི་སྤུས་ཚད་ལེགས་སུ་བཏང་ནས་ཤིང་ཏོག་ཐོན་ཚད་ཏུན་ཁྲི0.6ལ་ཟིན་པས་འབྲུ་རིགས་དང་སྔོ་ཚལ་མཁོ་ཚད་འདང་བར་འགན་སྲུང་ཐུབ་པར་མ་ཟད། ཤིང་ཏོག་གི་རིགས་ཀྱང་སྣ་མང་དུ་སོང་ཡོད།

ཞིང་ལས་ཚན་རྩལ་གྱི་འདེགས་ཤུགས་ཆེ་རུ་བཏང་སྟེ། ཞིང་ལས་ཉེན་མེད་འཕེལ་རྒྱས་ཀྱི་ཆུ་ཚད་མཐོ་རུ་བཏང་། ཚན་རྩལ་གྲོང་གསེབ་བརྒྱ་ཕྲག་ཏུ་སྤེལ་ཞེས་པའི་རིགས་གཅིག་མཁས་ཅན་ལས་གྲུབ་པའི་ཚོགས་པ3གྱི་རོགས་སྐྱོར་ཐོབ་པ་དང་ཁྱད་དུ་འཕགས་པའི་ཞིང་ལས་ལག་རྩལ་མི་སྣ4གདན་དྲངས་ཡོད། ཚན་རྩལ་དཔེ་སྟོན་དུད་ཚང6བསྐྱངས་ཤིང་། ལག་རྩལ་རྩེ་གྲས་མི་སྣ9གསོས་ཡོད། བྱེད་ཐབས་གསར་པ་དང་ལག་རྩལ་གསར་པ། དཔེ་སྟོན་གསར་པ་བཅས11ཁྱབ་གདལ་བཏང་བ་དང་། ཞིང་ལས་ཚན་རྩལ་དཔེ་སྟོན་རྟེན་གཞི་མུའུ520འཛུགས་པར་མཛུབ་ཁྲིད་བྱས་ཡོད། དར་མདོ་ལུང་ཡོན་སུའེ་ཁྲེང་ཅུ་གང་ཚད་ཡོད་འགན་འཁྲི་སྤྱི་གཉེར་ཁང་སོགས་མཐོ་གསར་ལག་རྩལ་ཁེ་ལས4དང་དར་མདོ་གྲོང་ཁྱེར་ལེན་དབྱི་མཐོ་སྒང་བཟའ་བཅའ་ཚད་ཡོད་སྤྱི་གཉེར་ཁང་སོགས་ཞིབ་འཇུག་གསར་སྤེལ་སྒྲིག་གཞི2སྐྱེད་སྲིང་བྱས། ཞིང་ཆེན་རིམ་པའི་ཚན་རིག་ཁྱབ་གདལ་རྟེན་གཞི3སྙན་ཞུ་ལེགས་འགྲུབ་བྱུང་ནས་ཚན་རྩལ་གྲུབ་འབྲས2ཐོ་འགོད་ཐུབ་པ། ལག་རྩལ་གན་རྒྱ་དཔང་གཅོད2ཐོ་འགོད་ཐུབ་པ་དང་ཚན་རྩལ་སྙན་ཞུ3ལེགས་གྲུབ་བྱུང་ཡོད།

ལྗང་མདོག་སྐྱེ་ཁམས་ཀྱི་འདུ་ཤེས་མཐའ་འཁྱོངས་ཏེ། ཞིང་འབྲོག་ལས་རིགས་སྤུས་ཚད་མཐོན་པོ་དང་ཕན་འབྲས་ཆེན་པོ་ཡོང་བར་སྐུལ་འདེད་བཏང་། ཞིང་ལས་ཀྱི་སྦགས་བཙོག་འགོག་བཅོས་རྒྱུན་ལྡན་ངང་སྤེལ་ཏེ། རྫས་ལུད་དང་ཞིང་སྨན་བེད་སྤྱོད་ཚོད་འཛིན་གྱི་བྱ་སྤྱོད་སྤེལ་བ་དང་། སོག་མ་དང་སྒོ་ཕྱུགས་ཀྱི་ལུད་སོགས་སྦགས་བཙོག་ཕྱོགས་བསྡུས་བེད་སྤྱོད་བྱེད་ཤུགས་ཆེ་རུ་བཏང་བ་དང་བེད་མེད་ཀྱི་ཞིང་ལས་ཀྱི་རྒྱུ་ཆ་གནོད་མེད་ཅན་དུ་བསྒྱུར་ཤུགས་ཆེ་རུ་བཏང་ཞིང་། ཕྱི་ནས་ཐོན་པའི་དངོས་རིགས་ཡོངས་ཁྱབ་ཞིབ་བཤེར་གྱི་ལས་དོན་ཕྱོགས་ཡོངས་ནས་སྤེལ་འགོ་བཙུགས་པ་རེད། འབྲི་ཆུའི་འབབ་རྒྱུད་དུ“ལོ་བཅུའི་རིང་ཉ་འཛིན་མི་ཆོག་པ”དང་རྨ་ཆུའི་འབབ་རྒྱུད་དུ་ཉ་འཛིན་མི་ཆོག་པའི་ལས་དོན་དོན་འཁྱོལ་ནན་པོ་བྱས་ཏེ། ལོ་རེར་མཆིག་ཉ་ཁྲི50བཏང་ནས་ཆུ་སྐྱེས་སྐྱེ་དངོས་ཐོན་ཁུངས་སྲུང་སྐྱོང་ནུས་ལྡན་བྱུང་ཡོད།

ཞིང་སྡེ་བསྒྱུར་བཅོས་ཟབ་སྤེལ་རྒྱུན་འཁྱོངས་ཏེ། མང་ཚོགས་ཀྱི་ཡོང་འབབ་བརྟན་ལྷིང་ངང་འཕར་བར་སྐུལ་འདེད་བཏང་། ཞིང་ལས་དང་ཞིང་སྡེ་བསྒྱུར་བཅོས་རྒྱུན་མཐུད་ངང་སྤེལ་བ་དང“ཚན་འབོར་གཅིག་ཅན་བཞི”འཕེལ་རྒྱས་གཏོང་བའི་ཐབས་ལམ་རྒྱུན་འཁྱོངས་ཏེ། གྲོང་ཚོའི་ཐུན་མོང་དཔལ་འབྱོར་གྱི་ཡོང་འབབ་གྲོང་སྡེ་གཅིག་ཀྱང་མ་ལུས་པ་ཁྲི་ལས་བརྒལ་ཐུབ་པ་བྱུང་ཡོད། ཞིང་སྡེའི་ས་ཞིང་འགན་གཙང་ལེན་གྱི་འདུམ་གཅོད་ཨུ་ཡོན་ལྷན་ཁང་བཙུགས་ནས་ས་ཞིང་གཉེར་སྐྱོང་དབང་ཆ་འཁོར་རྒྱུག་བྱེད་པར་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མིང་ཡོད་པ་ལས་དོན་མི་སྒྲུབ་པའི་ཞིང་པའི་སྤྱི་གཉེར་ཁང་རྫུན་མའི་གཙང་བཤེར་ལས་དོན་སྤེལ་བ་རེད།

ལྟ་སྐུལ་དང་ཁྲིམས་འཛིན་བྱེད་ཤུགས་ཆེ་རུ་བཏང་སྟེ། ཞིང་འབྲོག་ལས་རིགས་སྐྱོན་བྲལ་ངང་གོང་འཕེལ་ཡོང་བར་འགན་སྲུང་བྱས། ཞིང་སྨན་དང་ཞིང་ལས་རྒྱུ་ཆ། སྲོག་ཆགས་འཕྲོད་བསྟེན། ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་ཉེན་མེད་སོགས་ལ་ལྟ་སྐུལ་དང་ཁྲིམས་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཆགས་ཅིག་ཏུ། ཆེད་དམིགས་བྱ་སྤྱོད་སྤེལ་ནས་ཞིང་ལས་ཐོན་སྐྱེད་རྒྱུ་ཆས་ཚོང་རའི་གཉེར་སྐྱོང་སྒྲིག་ལམ་ཤུགས་ཡོད་རྒུས་འགན་སྲུང་བྱས་ཡོད། ད་དུང་། ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་ཉེན་མེད་ལྟ་ཞིབ་ཀྱི་ཚད་ལེན་མ་ལག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་ཚད་གཞི་ལོན་པའི་ལག་ཁྱེར་གྱི་རང་འདེམས་ཞབས་ཞུ་ས་ཚུགས་བཙུགས་ཐུབ་པ་བྱུང་ཡོད།།


  • ལེ་ཚན་སྔོན་མ།:རྟའུ་རྫོང་གིས་མཛེས་སྡུག་ལྡན་པའི་ཡུལ་སྡེ་ལམ་ཐོག་མ་བསྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ་ཉེར་ཡོད།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།